བོད་ཟས་ལས་རིགས་ཀྱི་སྣེ་ཁྲིད་པ་འགས་ཁྲེང་ཏུའུ་རུ་ལས་གཏོད་བྱས་པ།
“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཞེས་པ་ནི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤིི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གལ་ཆེའི་དོན་སྙིང་གསལ་བཤད་གཏིང་ཟབ་གནང་བ་རེད།
དེ་ཡང་2022ལོར་ངེད་དུས་དེབ་ཀྱི“ཁྱད་དོན་གཡང་གི་སྒྲ་དབྱངས”ཞེས་པའི་ལེ་ཚན་དུ“གྲོང་ཁྱེར་ནང་གི་བོད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་བོད་རིགས་ཀྱི་ཁེ་ལས་མཁས་ཅན་དང་ལག་ཤེས་བཟོ་རྩལ་གྱི་རྒྱུད་འཛིན་པ་སོགས་དེང་རབས་གྲོང་ཁྱེར་ནང་ཁྱིམ་དར་ཕྱུག་འགྱུར་དང་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་བཞིན་པའི་མུ་འབྲེལ་གཏམ་རྒྱུད་སྙན་མོ་ཁག་ཅིག་འགོད་རྒྱུ་ཡིན།
ཨ་རིག །བོད་ཟས་གྲོང་ཁྱེར་དུ་དར་སྤེལ་གཏོང་བའི་བོད་མོ་ཞིག །
བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་ནས་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་པོ་ཞིག་གྲོང་ཁྱེར་དུ་སྤོ་སྐྱོད་བྱས་པ་དང་། རྒྱུ་རྐྱེན་དེས་ཐད་ཀར་གྲོང་ཁྱེར་ནང་གི་གྲངས་ཉུང་མི་རིགས་ཀྱི་ཟས་རིགས་ལས་གཉེར་འཕེལ་རྒྱས་ཀྱི་གོམ་འགྲོས་མགྱོགས་སུ་བཏང་བ་རེད།
ཨ་རིག་གིས་ཉིན་རེའི་ལས་གཉེར་ཚོགས་འདུ་འཚོགས་བཞིན།
ལོ་རབས་80པའི་དུས་འགོར། ཨ་རིག་གི་ཕུ་བོ་དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་གྲོགས་པོ་དང་མཉམ་དུ་ཁྲེང་ཏུའུ་རུ་ཚོང་ལས་གཉེར་བར་བསྐྱོད། ཨ་རིག་གིས་ཁྱིམ་དུ་ཁྱིམ་ལས་ལས་བཞིན་ཡོད་མོད། འོན་ཀྱང་སེམས་གཏིང་དུ་ཕྱི་རོལ་གྱི་འཇིག་རྟེན་ལ་ཡིད་སྨོན་ཆེན་པོ་སྐྱེས་ཤིང་། རྒྱུན་དུ་ཁྲེང་ཏུའུ་རུ་ཡོད་པའི་ཕུ་བོར་ཕྱི་རོལ་གྱི་འཇིག་རྟེན་ཅི་འདྲ་ཡིན་པ་ཡང་ཡང་དྲིས།
ཨ་རིག་ལོ་བཅུ་ལ་སོན་དུས་ད་གཟོད་ལོ་རིམ་དང་པོར་འགྲིམ་པ་དང་། ཁྱིམ་དུ་མིང་སྲིང་གསུམ་ཡོད་ལ་མོ་ནི་བུ་མོ་གཅིག་པུ་དེ་ཡིན། ལྷག་པར་དུ་རྐྱེན་ངན་ཞིག་གིས་ཕུ་བོའི་ལག་གཡོན་པར་སྐྱོན་བྱུང་བས་ལས་ཀ་ལྗིད་མོ་བྱེད་མི་ཐུབ་ཅིང་། ནུ་བོའང་ལོ་ན་ཆུང་བས་ཕ་མར་ཞིང་ལས་དང་ཁྱིམ་ལས་བྱེད་རོགས་ཀྱི་འགན་ཡོད་ཚད་ཨ་རིག་གིས་ཁུར་དགོས་བྱུང་། དེ་བས་ལོ་རིམ་གཉིས་པའི་སྐབས་སུ་ཨ་རིག་གིས་སློབ་མཚམས་མི་འཇོག་ཀ་མེད་བྱུང་། གཉེན་སྒྲིག་གི་ལོ་ཚད་ལ་སླེབས་ཚེ། ཕ་མས་ཨ་རིག་གྲོང་ཚོ་གཅིག་པའི་ཁྱིམ་ཚང་ཞིག་ལ་མནའ་མར་བྱིན་མོད། འོན་ཀྱང་ཨ་རིག་ཁྱོ་གའི་ཁྱིམ་དུ་བསྐྱལ་རྗེས་ཕྱིར་ཁྱིམ་དུ་བྲོས་མྱོང་མོད། ཕྱིས་སུ་ཡབ་ཡུམ་གྱི་ཁ་ཏ་སློབ་གསོའི་འོག་གཉེན་སྒྲིག་བྱས་ནས་བུ་ཕྲུག་གཉོར་སྐྱོང་བྱས།
ལོ་ན་26ལ་སླེབས་སྐབས། ཨ་རིག་ཕ་ཡུལ་དང་ཁ་བྲལ་ཏེ་ཕུ་བོའི་བཀོད་སྒྲིག་ལྟར་ཧྲང་ཧའེ་ཡི་མགྲོན་ཁང་ཞིག་ལ་ཞབས་ཞུ་བ་བྱེད་དུ་ཕྱིན། དུས་ཡུན་རིང་པོ་ཞིག་མ་འགྱངས་བར་ཁྲེང་ཏུའུ་རུ་ལོག །
ཁྲེང་ཏུའུ་རུ་ཕྱིར་ལོག་བྱས་རྗེས་ཨ་རིག་གིས་ལམ་འགྲམ་གྱི་ཟ་ཁང་ཆུང་ཆུང་ཞིག་ཏུ་ཕོར་པ་འཁྲུད་པ་དང་ཉིན་རེར་ཆུ་ཚོད་ཉི་ཤུ་ཙམ་དུ་ལས་ཀ་བྱེད་བཞིན་ཡོད་པར་མ་ཟད་གུང་གསེང་ཀྱང་མེད། དབྱར་དུས་ཀྱི་ཚ་བ་ཆེ་བའི་ཉིན་ཞིག་ལ་ཨ་རིག་མགོ་ཡོམ་འཁོར་ནས་འགྱེལ་སོང་། དེ་ནས་ཕུ་བོས་རང་གི་སྒྲ་བརྙན་ཟེར་སྡེར་ཚོང་ཁང་དུ་ཕལ་ཆེར་ལོ་ལྔའི་རིང་ཟེར་སྡེར་བཙོང་དུ་བཅུག །
དེ་བཞིན་ཉིན་ཞིག་ལ་ཨ་རིག་གིས་ཝུའུ་ཧོའུ་ཚུའུ་ཡི་ལམ་འགྲམ་དུ་ཇ་བསྲུབས་མ་འཚོང་མཁན་ཞིག་མཐོང་བ་དང་། དེའི་ཚོང་རྒྱག་བྱེད་སྟངས་ཀྱིས་མོ་ལ་བོད་ཟས་ཁང་ཞིག་གཉེར་འདོད་ཀྱི་བློ་སྐྱེད་བྱུང་བ་དང་། གྲ་སྒྲིག་གི་ལས་ཀ་གྲུབ་རྗེས་2000ལོའི་ཟླ་5པར་ཨ་རིག་བོད་ཟས་ཁང”དང་པོ་དེ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས།
མིག་སྔའི་འཕེལ་རྒྱས་ཁ་ཕྱོགས་སྐོར་གླེང་སྐབས་ཨ་རིག་གིས་བོད་ཟས་ཀྱི་རྒྱུ་ཆ་གཙོ་བོ་ནི་སླད་མེད་ཀྱི་མཐོ་སྒང་གི་ཡིན་མོད། འོན་ཀྱང་སྲོལ་རྒྱུན་གྱི་བཟའ་བཅའི་རྒྱུ་ཆ་མང་པོ་ཞིག་ད་དུང་ཁྱབ་གདལ་བཏང་མེད་པ་དང་ཚང་མས་ཚལ་བཟོ་ཐུབ་མིན་ཤེས་བཞིན་མེད། ཉེ་བའི་ལོ་གཉིས་ནང་ཁོ་མོས་ས་མཐོའི་ཞིང་འབྲོག་ས་ཁུལ་དུ་བསྐྱོད་དེ་བོད་ཀྱི་སྲོལ་རྒྱུན་གྱི་བཟའ་བཅའི་རྒྱུ་ཆ་བསྡུ་རུབ་བྱས་ནས་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་ཟེར།
ལྷག་པར་དུ། མི་ལོ་22ལྷག་གི་འཕེལ་འགྲོས་དང་བསྟུན་ཨ་རིག་བོད་ཟས་དེ་གྲོང་ཁྱེར་ནང་གི་བོད་ཟས་རིག་གནས་ཀྱི་རྟགས་མཚོན་ལྟ་བུར་གྱུར་ཞིང་། རྒྱ་བསྐྱེད་ཀྱི་ལས་དེ་བས་སླ་པོར་གྱུར་མོད། ཡིན་ཡང་ཨ་རིག་ཁོ་མོ་ལ་མཚོན་ན། བྱ་ལས་འདི་དཔལ་འབྱོར་གྱི་ཁེ་ཕན་ཙམ་མ་ཡིན་པར། ནམ་རྒྱུན་དཔལ་འབྱོར་གྱིས་འདེགས་སྐྱོར་འོག་བོད་ཟས་ལས་རིགས་དེ་ཅི་ལྟར་དར་སྤེལ་གཏོང་དགོས་པར་བསམ་གཞིགས་བྱེད་བཞིན་ཡོད། བོད་ཟས་ལས་རིགས་ལ་དགའ་བའི་ན་གཞོན་ཁག་གཅིག་གསོ་སྐྱོང་བྱས་ནས་གཅིག་ནས་བོད་ཟས་རིག་གནས་རྒྱུན་འཛིན་བྱེད་མཁན་ཡོད་པ་དང་། གཉིས་ནས་བོད་འབྲེལ་ས་ཁུལ་གྱི་དཀའ་ངལ་ཡོད་པའི་ན་གཞོན་མང་པོ་ཞིག་གི་ལས་གཉེར་གྱི་གནད་དོན་ཐག་གཅོག་བྱ་ཐུབ་པས། ངས་རིན་མེད་སྒོས་རང་ཟས་ཁང་གི་མ་བྱན་ཚོར་ལག་རྩལ་ཁྲིད་དུ་བཅུག་པ་དང་། ཡང་ན་རང་ཟས་ཁང་དུ་གཡོས་སྦྱོར་སློབ་སྦྱོང་བྱེད་དུ་འོང་བའི་ན་གཞོན་ཚོར་ཆ་རྐྱེན་གང་གིས་ཀྱང་བཀག་རྒྱ་མ་བྱས་པར་སློབ་སྦྱོང་བྱེད་དུ་འཇུག་བཞིན་ཡོད་ཅེས་བཤད།
བཟའ་བཏུང་ཞབས་ཞུའི་ལས་རིགས་ལ་འཛོམས་དགོས་པའི་ཆ་རྐྱེན་སྐོར་ནས་ཨ་རིག་གིས་འདི་ལྟར་གསར་འགོད་པར་བཤད།
ངས་ཞབས་ཞུ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཕལ་ཆེར་སྔོན་ལ་སྒྲ་བརྙན་ཚོང་ཁང་དུ་ལས་ཀ་བྱེད་པའམ་ཡང་ན་ང་རང་གིས་དངོས་སུ་བརྒྱུད་མྱོང་བའི་རྐྱེན་ཡིན་རྒྱུ་རེད། ངའི་བསམ་པར་ཞབས་ཞུ་ཧ་ཅང་གལ་ཆེན་པོ་རེད། དེའི་ཕྱིར་ངས་ངའི་ཞབས་ཞུ་བར་བརྩི་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་དང་།
ཞབས་ཞུ་བས་ཀྱང་མགྲོན་པོར་ངེས་པར་དུ་བརྩི་འཇོག་བྱེད་དགོས་པའི་རེ་བ་བྱེད་བཞིན་ཡོད།
ཨ་ཉིའུ་ནི་དབྱིས་རིགས་བུ་མོ་ཞིག་སྟེ། ལོ་བཅོ་ལྔའི་ཐོག་ཁྲེང་ཏུའུ་རུ་ཞོར་ལས་འཚོལ་དུ་སླེབས་ཅིང་། ཨ་ཅེ་ཞིག་གི་ངོ་སྤྲོད་འོག་ཨ་རིག་བོད་ཟས་ཁང་དུ་ཞབས་ཞུ་བ་ཞིག་ཏུ་གྱུར་པ་དང་། ལོ་6རིང་གི་འབད་བརྩོན་བརྒྱུད་ཡན་ལག་ཟས་ཁང་གཅིག་གི་འགན་ཁུར་བར་གྱུར་ཡོད། ཉིན་དེའི་ཁ་བརྡའི་ཁྲོད། ཨ་རིག་གིས་མོར་གདེང་འཇོག་ཆེན་པོ་གནང་བ་དང་། ཨ་ཉིའུ་རང་གིས་ཀྱང་ཁོ་རང་ལོ་འདི་དག་གི་རིང་བོད་ཟས་ལ་རྒྱུས་ལོན་བྱས་རྗེས་མུ་མཐུད་དུ་ལས་རིགས་འདིར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད།
ཨ་རིག་གིས་ཨ་རིག་བོད་ཟས་གསར་གཏོད་བྱས་ཏེ་རང་ཉིད་ཀྱི་བློ་གྲོས་དང་སྤོབས་པ་ལ་བརྟེན་ནས། མི་ཚེའི་ལམ་མདོ་རུ་དུས་དཔག་བབ་བསྟུན་གྱིས་གདམ་ག་ལེགས་ཤོས་བྱས་ཏེ། རང་ཉིད་ཀྱི་ལས་དབང་གི་ཁ་ཕྱོགས་བསྒྱུར། ཁོང་གིས་བོད་ཟས་ལག་ཤེས་པའི་སྙིང་སྟོབས་རྒྱུད་འཛིན་བྱས་ཏེ་བཟའ་བཏུང་གི་ཐོག་མའི་བྲོ་བ་འཚོལ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་བོད་ཟས་ལས་རིགས་ཀྱི་རྒྱུད་འཛིན་པ་སྐྱེད་སྲིང་བྱ་རྒྱུར་གཞོལ་བར་ལས་རིགས་གཅིག་པའི་མི་སྣའི་བསྔགས་བརྗོད་ཐོབ་དང་འཐོབ་བཞིན་ཡོད། མཐར་ཨ་རིག་གིས་ཐག་རིང་ཇི་ཙམ་བསྐྱོད་ཀྱང་ཕ་ཡུལ་གྱི་བྲོ་བ་དེ་བརྗེད་མི་སྲིད་ཅིང་། ང་ཚོ་ཕ་ཡུལ་དང་འབྲལ་སྐབས་སེམས་ཁམས་ཞི་ལྷོད་དུ་གཏོང་བའི་ཐབས་ལམ་འབའ་ཞིག་ནི་ཕ་ཡུལ་གྱི་བྲོ་བ་མྱོང་རྒྱུ་དེ་རེད་ཟེར། །
ཚེ་མགོན། གཞས་པ་ནས་བོད་ཟས་ལས་གཉེར་པའི་མཆོང་བརྒལ།
ཚེ་མགོན་ནི་ཕ་ཡུལ་རྫ་ཆུ་ཁའི་རྩྭ་ཐང་ནས་ཡོང་བའི་བོད་ཀྱི་སྐད་གདངས་མཐོ་བའི་གཞས་པ་ཞིག་ཡིན་ཞིང་། དེ་སྔ་དབྱི་ཐ་ལི་དང་། སུའེ་ཙེར། ཀེ་རི་སེ། ཧྲེང་མ་ལི་ནུའོ། དེ་བཞིན་འཇར་པན་སོགས་རྒྱལ་ཁབ་ལ་འཁྲབ་སྟོན་བྱེད་པར་ཐེངས་མང་བསྐྱོད་མྱོང་བ་དང་། 1993ལོར་མི་སྒེར་གྱི་ཆེད་སྒྲིག་དང་པོ《གངས་ལྗོངས་ཀྱི་ཕུགས་འདུན》ཞེས་པ་འགྲེམས་སྤེལ་བྱས། 1994ལོར་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པར་རྒྱུགས་འཕྲོད། 1998ལོར་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པར་ཞུགས།
དེ་བཞིན་ཁོང་གི་ཚབ་མཚོན་གླུ་གཞས《ཨ་རོགས་ཁམས་པ》ནི་རྒྱལ་ཕྱི་ནང་ཀུན་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཆ་རྒྱུས་ཆེས་ཆེ་བའི་བོད་གླུའི་གྲས་སུ་ཡོད་པ་རེད། འོ་ན་འདི་འདྲའི་གཞས་པ་གྲགས་ཅན་ཞིག་གིས་བཟའ་བཏུང་ལས་རིགས་ལ་གཉེར་དོན་ཅི་ཡིན་ནམ།
ན་ནིང་གསར་འགོད་པས་གཞས་པ་ཚེ་མགོན་ལ་བཅར་འདྲི་ཐེངས་ཤིག་བྱས་མྱངས། རེད་དེ་བཅར་འདྲིའི་ནང་དོན་གཙོ་བོ་གླུ་གཞས་སྒྱུ་རྩལ་སྐོར་མ་གཏོགས། བཟའ་བཏུང་ལས་རིགས་ཐད་རྒྱུས་ལོན་མ་བྱས། ད་ཐེངས་ཀྱི་ལེ་ཚན་གྱི་བརྗོད་དོན་འདིར་གཞིགས་ནས། ང་ཚོས་སླར་ཡང་ཁོང་དང་མཉམ་དུ་བོད་ཟས་རིག་གནས་སྐོར་ནས་ཁ་བརྡ་བྱེད་པའི་གོ་སྐབས་ཐོབ།
ཁྱེད་རང་དང་ཐོག་བཟའ་བཏུང་ལས་རིགས་འདིར་ཞུགས་པའི་བློ་བསྐྱེད་དམ་རྒྱུ་མཚན་ཅི་འདྲ་ཞིག་ཡིན་ལགས་ཞེས་གསར་འགོད་པས་སྟབས་བདེའི་ངང་ཁོང་ལ་དྲི་བ་དེ་བཏོན། ཁོང་གིས་བཤད་རྒྱུར། དང་ཐོག་ངས་ལྷ་སར་ཨ་རོགས་ཁམས་པ་ཞེས་པའི་བོད་ཟས་ཁང་ཞིག་ཕྱེས་ཏེ། བོད་ཟས་ཀྱི་བྲོ་བ་དང་གཡོས་སྦྱོར་སོགས་ཕྱོགས་གང་ཐད་ནས་འཚོལ་ཞིབ་གང་མང་ཞིག་བྱས་པ་དང་། དུས་ཡུན་རིང་པོའི་ཉམས་མྱོང་དང་རང་ངོས་ཀྱི་དགའ་ཕྱོགས། དེའི་ཐོག་ཉེ་འཁོར་གྱི་གྲོགས་པོ་འགས་སྐུལ་མའི་འོག་མུ་མཐུད་དུ་ལས་རིགས་འདིར་རྒྱུན་འཁྱོངས་པའི་འདུན་པ་དྲག་པོ་ཞིག་སྐྱེས་ཤིང་། དེ་བཞིན་གྲོགས་པོ་འགས་ཁྲེང་ཏུའུ་རུ་བོད་ཟས་ཁང་མཉམ་དུ་གཉེར་བའི་བསམ་བློ་བཏོན་པ་ན་ཁྲེང་ཏུའུ་རུ་འབྱོར་ཏེ་མཉམ་དུ་ནང་མ་འདི་ནས་གཉེར་འགོ་ཚུགས་པ་ཡིན། ང་ཚོའི་བོད་ཟས་ཁང་འདི་དང་ཐོག་ནང་མའི་རྣམ་པ་ཞིག་ཡིན་ཞིང་བོད་ཟས་ཉུང་ཙམ་མ་གཏོགས་མེད། རྗེས་སུ་ངས་རང་ཉིད་ཀྱི་བསམ་ཚུལ་ལྟར་གྲོགས་པོ་དང་གྲོས་བྱས་ཏེ་ད་ལྟའི་རྣམ་པར་བསྒྱུར་བ་ཡིན་ཟེར།
ཁོང་གིས་བཤད་རྒྱུར། ད་ཆ་ཆང་ཁང་དང་ནང་མ་གཉེར་མཁན་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་རོལ་དབྱངས་ལྡན་པའི་བོད་ཟས་ཁང་གཉེར་མཁན་ཧ་ཅང་ཉུང་ཉུང་རེད། རོལ་དབྱངས་ལྡན་པའི་བོད་ཟས་ཁང་དང་ནང་མའི་བར་མི་འདྲ་བ་ནི་ཞིམ་ཟས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མིན་དེ་ཡིན། སྤྱིར་བཏང་གི་ནང་མ་དང་ཆང་ཁང་ནང་ཨ་རག་མ་གཏོགས་ཟས་རིགས་ཉུང་ཉུང་ཞིག་ལས་མེད། དེར་བརྟེན་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་དམིགས་བསལ་གྱི་གླུ་གར་རིག་གནས་ཀྱིས་རོགས་འདེགས་བྱས་ཏེ་བོད་ཟས་ལས་རིགས་དར་རྒྱས་གོང་འཕེལ་གཏོང་བའི་བསམ་ཚུལ་དེ་བྱུང་བ་ཡིན།
དེ་ལྟར་ཁོང་གིས་གྲོགས་པོ་དང་མཉམ་དུ་གནས་མཆོག་ལྷ་ས་ཞེས་པའི་བོད་ཟས་ཁང་འདིའི་རྣམ་པ་བསྒྱུར་འགོ་བརྩམས་ཏེ། བཟོ་རྩལ་ལ་བྱང་ཆུབ་ཅིང་རི་མོའི་ཆུ་ཚད་མཐོ་བའི་ཤིང་བཟོ་དང་རི་མོ་མཁས་ཅན་འགའ་གདན་དྲངས་ནས་ཟས་ཁང་ལ་མཛེས་བཟོ་བྱས་པ་དང་། བོད་ཀྱི་ཨར་སྐྲུན་སྒྱུ་རྩལ་དང་རྐོ་རྩལ། སྲོལ་རྒྱུན་གྱི་རི་མོའི་སྒྱུ་རྩལ། ཚོན་མདངས་རིག་གནས་སོགས་རིག་གནས་ཀྱི་གཞི་རྒྱུ་མང་པོ་མཉམ་གཅིག་ཏུ་བསྲེས་ཡོད་པར་མ་ཟད། རྨང་གཞི་དེའི་ཐོག་རིགས་སོ་སོའི་མགྲོན་པོའི་སྣ་མང་རང་བཞིན་ལ་བསམ་གཞིག་བྱས་ནས་དེང་རབས་ཀྱི་གཉེར་སྐྱོང་འདུ་ཤེས་དང་དེ་བཞིན་བོད་ཟས་ཀྱི་རྨང་གཞིའི་ཐོག་བཟའ་བཏུང་གྲུབ་ཆ་སྣེ་མང་ཅན་ལ་ཤུགས་སྣོན་བརྒྱབ་པས་བོད་ཀྱི་ཁྱད་ཆོས་ལྡན་ལ་བཟའ་བཏུང་གི་ཁྱད་ཆོས་ཀྱང་ལྡན་པའི་བཟའ་བཏུང་ལས་རིགས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།
དེ་ཡང་གྲོང་ཁྱེར་གྱི་མི་རྣམས་ཀྱིས་བོད་ཀྱི་གླུ་གར་སྒྱུ་རྩལ་ལ་མྱོང་རོལ་བྱ་ཆེད། ཚེ་མགོན་དང་གྲོགས་པོ་ཚོས་དམངས་ཁྲོད་ཀྱི་རིག་རྩལ་འཇོན་མི་མང་པོ་ཞིག་བོད་ཟས་ཁང་དུ་གདན་དྲངས་པ་དང་། བོད་ཀྱི་དམངས་གཞས་དང་དེ་བཞིན་གཞས་མ་གཏམ་སོགས་བསྡུ་རུབ་བྱས་ནས་བོད་ཀྱི་གདོད་མའི་འཁྲབ་སྟོན་སྒྱུ་རྩལ་ཕྱོགས་བཞིའི་སྐུ་མགྲོན་ལ་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་བཤམས།
ད་ལྟ་འཛད་སྤྱོད་པས་གནས་མཆོག་ལྷ་ས་བོད་ཟས་ཁང་ལ་གདེང་འཇོག་ཆེན་པོ་གནང་བཞིན་འདུག །རྒྱུ་མཚན་ཅི་ཡིན་ད་ཐེངས་ཀྱི་བཅར་འདྲི་ནས་ཕལ་ཆེར་ཤེས་པ་འདྲ། ཚེ་མགོན་གྱིས་བཤད་པ་ལྟར་ན། ཁོང་ཚོའི་ཟས་ཁང་དོ་དམ་ཐད་ནས་ཟས་རིགས་རྒྱུ་ཆའི་སྤུས་ཀ་དང་འཁྲབ་སྟོན་གྱི་སྤུས་ཀ་གཉིས་གཙོ་བོར་འཛིན་བཞིན་ཡོད་དེ། ཟས་རིགས་རྒྱུ་ཆའི་སྤུས་ཀ་དག་དགོས་པར་མ་ཟད་ཚོད་ཐོའི་རིན་གོང་ཚོད་འཛིན་བྱེད་པ་དང་། གཉིས་ནས་གླུ་གར་འཁྲབ་སྟོན་པ་ཚད་ལྡན་བསྡུ་དགོས་པར་མ་ཟད་གསོ་སྦྱོང་གི་རྒྱུན་མི་ཆད་པར་འཁྱོངས་བཞིན་ཡོད།
ཁོང་གིས་མི་ནི་ཁོར་ཡུག་གིས་རྐྱེན་ཐེབས་སླ་བ་ཞིག་རེད་ཅེས་པ་ནང་བཞིན། ཁོང་གིས་རང་མི་རིགས་ཀྱི་དད་པ་དང་གོམས་གཤིས། ཚོན་མདངས། རོལ་དབྱངས། བཟའ་བཏུང་གི་བྲོ་བ་སོགས་གྲོང་ཁྱེར་གྱི་བོད་ཟས་ཁང་དེར་སྤོས་ཡོད་པར་མ་ཟད། ཁོང་ཉིད་ཆེས་དགའ་ཤོས་ཀྱི་བོད་ཀྱི་གླུ་གར་རིག་གནས་ཀྱང་འདི་ནས་བཀྲག་མདངས་རྣམ་པར་བཀྲ་བའོ། །、
སེམས་ཉིད་སྒྲོལ་མ། བདེ་ཐང་གི་ཞིམ་ཟས་གཡོས་སྦྱོར་ལ་འབད་པའི་དྲ་གྲགས་ཤིག །
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་དུ་མི་འབོར་ཁྲི་ལྔ་ལ་ཉེ་བ་ཡོད་ལ་མང་ཤོས་ནི་བོད་རིགས་ཡིན་ཏེ། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་སྦྲེལ་མཚམས་སུ་ཆགས་པ་དང་། ཉེ་བའི་ལོ་འདི་ཤས་རིང་དབུལ་གྲོལ་བྱས་པ་རེད།
1990ལོར་སེམས་ཉིད་སྒྲོལ་མ་ནི་ཛམ་ཐང་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། མིང་སྲིང་གསུམ་ལས་བུ་མོ་གཅིག་པུ་ཡིན་པས་ཆུང་དུས་ནས་སློབ་སྦྱོང་གི་གོ་སྐབས་ཡག་པོ་མ་རྙེད་པར་ཁྱིམ་ལས་ཀྱི་འགན་ཁུར་དགོས་བྱུང་བ་རེད།
ང་རང་ལ་སློབ་སྦྱོང་གི་འདུན་པ་དྲག་པོ་ཡོད། མ་ཟད་ནམ་རྒྱུན་སློབ་སྦྱོང་གི་གོ་སྐབས་ཤིག་རྙེད་ན་བསམ་བྱུང་། རང་ལོ་བཅུ་བདུན་ལ་སླེབས་རྗེས། རྒྱུན་པར་མནའ་མ་སློང་མཁན་མང་པོ་ཁྱིམ་དུ་ཐོན་མྱོང་། རེད་དེ་ང་རང་གིས་འཐད་པ་མ་བྱུང་། ཕ་མས་ཀྱང་དེའི་ཐད་ནས་ང་ལ་བརྩི་འཇོག་གནང་བ་རེད། ཅེས་སེམས་ཉིད་སྒྲོལ་མས་གསར་འགོད་པར་མོ་རང་གི་སྔོན་ཆད་ཀྱི་གནས་ཚུལ་ཞིབ་མོར་བཤད་བྱུང་།
སྤྱིར་ཞིང་འབྲོག་གི་ས་ཁུལ་མང་པོ་ཞིག་ཏུ་བུ་མོ་ལོ་ན་བཅུ་བདུན་ཡས་མས་ནས་མནའ་མར་འགྲོ་དགོས་པའི་སྲོལ་ཡོད་མོད། རེད་དེ། སེམས་ཉིད་སྒྲོལ་མ་ལ་མཚོན་ན་ནམ་ཞིག་ལ་རང་ཡུལ་ལུང་པ་ལས་བུད་དེ་ཕྱི་ཕྱོགས་སུ་སྐྱོད་པའི་འདུན་པ་རྒྱུན་ཆད་མ་མྱོང་། སེམས་ཉིད་སྒྲོལ་མའི་ཕ་མས་མོ་ལ་ངེད་གཉིས་ཀྱིས་བུ་མོ་ཁྱོད་སློབ་གྲྭར་འགྲིམ་པའི་གོ་སྐབས་སྟེར་མ་ཐུབ་མོད། རེད་དེ་གནས་ལ་འགྲོ་མིན་ཁྱོད་རང་གི་འདོད་མོས་ལྟར་བྱོས་ཞེས་བཤད་ཟེར། དེ་བཞིན་ཕ་ཡུལ་གྱི་མི་བུ་བསམ་བཟང་ཞིག་གི་མཐུན་རྐྱེན་འོག །
2008ལོར་ཧང་ཀྲུའུ་རུ་སྤྱི་སྐད་སློབ་སྦྱོང་བྱེད་དུ་ཕྱིན་ཏེ་དཀའ་ཁག་དང་རྔུལ་ཆུ་གང་མང་བཏང་། སློབ་སྦྱོང་གི་འགོ་མར་མོས་སྐད་བརྡ་མི་འཕྲོད་པས་ཅ་ལག་ཅིག་ཉོ་དགོས་རུང་ལག་བརྡ་མི་བྱེད་ཀ་མེད་ཡིན་ཟེར། དེ་བཞིན་ཧང་ཀྲུའུ་ཡི་སློབ་སྦྱོང་རེ་ཞིག་མཇུག་རྫོགས་རྗེས་སླར་ཡང་པེ་ཅིང་དུ་ཕྱིན་ཏེ་སློབ་གྲྭ་ཞིག་ཏུ་བྱིས་གཉོར་སློབ་གསོའི་སྐོར་ནས་ལོ་བཞི་རིང་སློབ་སྦྱོང་བྱས། ལོ་བཞི་པོ་དེའི་རིང་ངས་རང་ཉིད་དངོས་སུ་སློབ་གྲྭར་བསྐྱོད་པའི་མྱོང་བ་ཡོད་ཅིང་། དེ་ནི་རྨང་གཞིའི་རྒྱ་ཡིག་ཤེས་བྱ་ཁོང་དུ་ཆུད་པ་བྱ་རྒྱུ་དང་མི་འདྲ་བར། ཞིབ་ཕྲའི་ཁྱབ་ཁོངས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་ཁ་ཕྱོགས་འགྱུར་མཚམས་ཤིག་རེད་བསམ་བཞིན་འདུག་ཟེར།
2015ལོར། ཁོ་མོ་ཕ་ཡུལ་དང་ཁ་ཐག་ཅུང་ཉེ་བའི་གྲོང་ཁྱེར་ཁྲེང་ཏུའུ་རུ་སླེབས་ཤིང་། བྱིས་གཉོར་དགེ་རྒན་གྱི་ལས་ཀར་ཞུགས་མོད། ཡིན་ཡང་མོ་རང་གི་བསམ་བློར་ལས་ཀ་འདི་རང་ཉིད་ཆེས་དགའ་ཤོས་མིན་རྐྱེན། ཡང་ཁྲེང་ཏུའུ་རུ་གཡོས་སྦྱོར་སློབ་གྲྭ་ཞིག་ཏུ་ཟས་རིགས་གཡོས་སྦྱོར་གྱི་སློབ་སྦྱོང་བྱས། དེ་ཡང་ཁོ་མོས་བཤད་པ་ནང་བཞིན། ངས་རང་གི་ཨ་མ་ལྟར་ཞིམ་མངར་གྱི་ཟས་རིགས་དག་རང་གི་ཁྱིམ་མིར་སྦྱིན་པར་མ་ཟད། རང་གིས་སྦྱངས་ཟིན་པའི་ཤེས་བྱ་དག་གང་ཐུབ་ཀྱིས་བོད་རིགས་སྤུན་ཟླར་མཉམ་སྤྱོད་བྱེད་འདོད་ཟེར།
ཚང་མ་བདེ་མོ། དེ་རིང་ང་ཚོས་འབྲི་མར་གྱི་ཞོག་ཁོག་བསྲེག་མ་ལས་ཨ་་་་་་ཞེས་བཤད་བཞིན། སེམས་ཉིད་སྒྲོལ་མས་ལས་ཞོར་བཤད་ཞོར་བྱས་ནས་དྲ་གྲོགས་ཚོར་བརྙན་ཐུང་རེར་ཟས་རིགས་སྣ་ཁ་གཅིག་རེ་གཡོས་སྦྱོར་བྱེད་སྟངས་ཁྲིད་བཞིན་འདུག །
ཁོ་མོས་ཡུལ་ཕྱོགས་སོ་སོའི་མི་མང་པོ་ཞིག་གིས་གཡོས་སྦྱོར་ལག་རྩལ་སྦྱོང་འདོད་བཞིན་ཡོད། མ་གཞི་རྒྱ་སྐད་ཀྱི་ཞིམ་ཟས་སློབ་ཚན་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་རྒྱ་ཡིག་ལ་ཆ་རྒྱུས་མེད་པའི་བོད་རིགས་སྤུན་ཟླའི་ངོས་ནས་བརྗོད་ན་ཧ་ཅང་ཁག་པོ་ཡོད་པ་རྟོགས་ཐུབ་བཞིན་ཡོད། དེར་བརྟེན་མོས་བོད་སྐད་ཐོག་ནས་ཞིམ་ཟས་གཡོས་སྦྱོར་གྱི་བརྒྱུད་རིམ་བརྙན་ལེན་བྱས་ཏེ་ཞིམ་ཟས་སློབ་ཚན་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་དང་དུས་ཡུན་རིང་པོ་མ་སོང་བར་ཀུན་གྱི་དོ་སྣང་ཆེན་པོ་ཐོབ།
ངའི་རེ་བ་ནི་ནུས་པས་ལྕོགས་ཚོད་ཀྱིས་བོད་རིགས་དེ་བས་མང་བ་ཞིག་ལ་དེ་བས་བདེ་ཐང་དང་དེ་བས་ཕུན་སུམ་ཚོགས་པའི་ཞིམ་ཟས་བཟའ་རྒྱུ་ཡོང་བ་བྱ་རྒྱུ་དེ་ཡིན། འཚོ་བའི་ཁྲོད་དུ་བརྩོན་ལེན་བྱེད་པའི་དངོས་པོ་ནི་སྒོར་མོ་ཁོ་ན་མ་ཡིན་པར་ད་དུང་དེ་བས་རིན་ཐང་ལྡན་པ་ཡོད། ངའི་བསམ་པར་རང་ཉིད་དེ་བས་རིན་ཐང་ལྡན་པའི་མི་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་། ལྷག་པར་དུ་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་བེད་སྤྱད་དེ་མི་དེ་བས་མང་པོ་ཞིག་ལ་ཕན་ཐོགས་པར་བྱ་རྒྱུ་དེ་རང་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ལ་ངས་ཚེ་གང་གི་ནོམ་པ་ཞིག་ཏུ་འཛིན་བཞིན་ཡོད་ཅེས་གསར་འགོད་པར་བཤད།
2019ལོར། སེམས་ཉིད་སྒྲོལ་མས་ལས་གཏོད་ཀྱི་འགོ་བརྩམས་ཏེ་སྒྲོལ་མའི་ཐབ་ཚང་ལས་སྒྲུབ་ཁང་དེ་དངོས་སུ་བཙུགས་ཤིང་། དྲ་ཐོག་ནས་བོད་ཀྱི་ཞིམ་ཟས་གཡོས་སྦྱོར་བྱེད་སྟངས་སོགས་ཀྱི་བརྙན་ལྡན་སློབ་ཁྲིད་བྱས་ཏེ། ད་ལྟའི་བར་དྲ་མི་ཁྲི་40ལྷག་གིས་དོ་སྣང་བྱེད་བཞིན་ཡོད། །