འཛམ་གླིང་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་ལས་གལ་ཆེའི་གསར་རྙེད། སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་ཕན་རོགས་གནའ་ཤུལ།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


ཨ་སེ་ལིའི་ཐོན་རྫས་སྡེབ་སྒྲིག ། 

སྤྱི་ལོ་2021ལོའི་ཟླ་9པའི་ཚེས་27ཉིན་ལ། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ལས་གཞི་གལ་ཆེན་གྱི་འཕེལ་རིམ་ལས་དོན་གྲོས་ཚོགས་འཚོགས་ཏེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་ཕན་རོགས་གྲོང་སྡེ་རུ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་100ཡས་མས་ཡོད་པའི་རྡོ་ཆས་རྙིང་པའི་གནའ་ཤུལ་ཞིག་སྟེ་ཕན་རོགས་གནའ་ཤུལ་གསར་རྙེད་བྱུང། གནའ་ཤུལ་འདི་ལ་ལོ་ངོ་ཁྲི་13ལྷག་གི་ལོ་རྒྱུས་ཡོད་ལ། དེ་ལས་གཙོ་བོ་ཞིག་ནི་གནའ་ཤུལ་འདི་མདོ་དབུས་མཐོ་སྒང་གི་ཤར་སྣེར་གནས་ཡོད་ལ་མཚོ་འཕགས་སྨི་3750ལྷག་ཡོད།

ཆེད་མཁས་པས་ཕན་རོགས་རྗེས་ཤུལ་གྱི་ཡུལ་དངོས་སུ་རྟོག་ཞིབ་གནང་བཞིན་པ།

ཨེ་ཤ་ཡ་ཤར་མའི་སྟ་རེ་དང་མིའི་རིགས་ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པར་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འཚོལ་ཞིབ་བྱ་ཆེད། 2019ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་འབྲེལ་ཡོད་ཚོགས་པ་རྩ་འཛུགས་བྱས་ཏེ་ཁྲོན་ནུབ་ས་མཐོར་རྡོ་ཆས་རྙིང་པའི་གནའ་རྫས་རྟོག་ཞིབ་ཀྱི་ཆེད་དོན་བརྟག་དཔྱད་ལས་དོན་སྤེལ།

རྗེས་ཤུལ་ནས་ས་རིམ་གྱི་བཅད་ངོས་གསལ་པོར་མཐོང་ཐུབ་སྟེ། ས་རིམ་རེ་རེའི་བར་ཐག་ལོ་ཁྲི་ཕྲག་བརྩི་བཞིན་འདུག །

སི་ཁྲོན་ཞིང་ཆེན་འདབ་པ་རྫོང་ཕན་རོགས་གནའ་ཤུལ་གསར་རྙེད་བྱུང་བ་དང་དེ་མཐུད་ནས་པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་དུ་2021ལོའི་ཟླ་བཞི་པར་ཕན་རོགས་གནའ་ཤུལ་དུ་དངོས་སུ་སྔོག་འདོན་བྱས།གནའ་ཤུལ་སྔོག་འདོན་བྱས་པ་ནས་བཟུང་། གནའ་རྫས་རྟོག་ཞིབ་པས་དེ་གར་སྟ་རེ་ཚུད་པའི་རྡོའི་གནའ་ཤུལ་ཐོན་རྫས་ཁྲི་ལྷག་གསར་རྙེད་བྱུང་ལ། དེ་ལས་ཆེས་ཉུང་ན་ཡང་ལོ་ཁྲི་13ཡན་ཆོད་དུ་མཚོ་བོད་མཐོ་སྒང་དུ་མིའི་རིགས་འཚོ་སྡོད་བྱས་པ་བདེན་དཔང་བྱས་ལ། ལྷག་པར་དུ་སྤུས་ལེགས་ཀྱི་སྟ་རེ་སོགས་“ཨ་སེ་ལིའི”ཐོན་རྫས་སྡེབ་སྒྲིག་གིས་ “གནའ་བོའི་ཤར་ཕྱོགས་ཀྱི་མིའི་རིགས་ཀྱི་རིག་གནས་ནུབ་ཕྱོགས་ལས་རྗེས་ལུས་ཡིན་པའི”རིག་གཞུང་གི་བཤད་ཚུལ་དེ་ནི་ཁུངས་མེད་གཏམ་འཆལ་ཡིན་པ་ར་སྤྲོད་བྱས།

སྔོག་འདོན་བརྟག་དཔྱད་ལས་དོན་ལས་ཤེས་གསལ་ལྟར། ཕན་རོགས་རྗེས་ཤུལ་ནི་གནས་དམིགས་གསལ་ཅན་དང་གཞི་ཁྱོན་རྒྱ་ཆེ་བ། ས་རིམ་ཉར་ཚགས་ལེགས་པ། རིག་གནས་ཀྱི་རིམ་པ་ཁ་གསལ་བ། ཤུལ་བཞག་དངོས་རྫས་ཕུན་སུམ་ཚོགས་པ། ལག་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ། སྣ་མང་རིག་གནས་ཀྱི་རྒྱུ་རྐྱེན་གཅིག་ཐོག་གཅིག་བརྩེགས་བཅས་ཀྱི་མཐོང་དཀོན་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཐང་རྒོད་དུ་གནས་པའི་གནའ་ཤུལ་ཆེ་གྲས་ཤིག་ཡིན་པ་དང་། གནའ་ཤུལ་ལས་རྡོ་བཟོས་ཐོན་རྫས་དང་མེ་སྤྱོད་པའི་རྗེས་ཤུལ་བསྡོམས་ཁྲི་ལྷག་གསར་རྙེད་བྱུང་པ་དང་། ཆ་ཚང་བའི་སྒོ་ནས“རྡེའུ་རིལ་རྡོ་ཆས་སྡེབ་སྒྲིག་ནས—“ཨ་སེ་ལིའི”ལག་རྩལ་མ་ལག—རྡོ་ལེབ་རྡོ་ཆས་མ་ལག”གི་རྡོ་ཆས་རྙིང་མའི་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་འགྲེམས་སྟོན་བྱས་ནས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རིག་གནས་གོ་རིམ་ཐོག་མར་བཙུགས།
གནའ་ཤུལ་ནས་གསར་རྙེད་བྱུང་བའི་སྟ་རེ་ནི་མིག་སྔའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་“ཨ་སེ་ལིའི”ལག་རྩལ་གྱི་ཤུལ་བཞག་ཅིག་ཡིན་ལ་མིག་སྔར་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་ཆེས་དཔེ་མཚོན་རང་བཞིན་གྱི་རྣམ་པ་དང་། བཟོ་སྐྲུན་སྤུས་ལེགས་པ། ལག་རྩལ་བྱང་ཆུབ་པ། མཉམ་སྡེབ་ཆ་ཚང་ཤོས་བཅས་ཀྱི་“ཨ་སེ་ལིའི”དངོས་རྫས་ཡིན་པས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཤར་ནུབ་རིག་གནས་སྤེལ་རེས་ལ་ཞིབ་འཇུག་དང་བདེན་དཔང་གལ་ཆེན་མཁོ་འདོན་བྱས།
གནའ་ཤུལ་དེར་རྒྱུན་མཐུད་ཀྱི་ས་རིམ་ཕུང་གསོག་ཐེབས་པ་དང་། ས་འོག་ཏུ་སྦས་པའི་ཆ་རྐྱེན་འཐུས་སྒོ་ཚང་བ། རྡོ་ཆས་ལག་རྩལ་རིམ་འགྱུར་གྱི་གོ་རིམ་གསལ་བ་བཅས་ཀྱི་ཐོག་ནས་གནའ་དུས་སུ་མིའི་རིགས་ཀྱིས་ས་བབ་མཐོ་བའི་ཁོར་ཡུག་དང་འཚོ་བ་རོལ་བའི་ནུས་པ་དང་། བྱེད་སྟངས། ལོ་རྒྱུས་ཀྱི་འཕེལ་རིམ་བཅས་མངོན་པ་དང་། མིའི་རིགས་གང་སར་ཁྱབ་ཡོད་པ་དང་ས་བབ་མཐོ་བའི་ཁོར་ཡུག་དང་འཕྲོད་ཚུལ་ལ་ཞིབ་འཇུག་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱས།
གསར་རྙེད་གལ་ཆེན་འདི་དག་གིས་ས་གནས་དེ་ག་དང་ནང་སྒོས་སུ་མདོ་དབུས་མཐོ་སྒང་གི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་སྟོང་ཆ་བསྐངས་ཡོད་ལ། འགྲོ་བ་མིས་གནའ་དུས་སུ་མདོ་དབུས་མཐོ་སྒང་གསར་དུ་འབྱེད་པའི་བརྒྱུད་རིམ་དང་།འགྲོ་བ་མིས་གནའ་དུས་སུ་མཚོ་འཕགས་མཐོ་བའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ། ཨེ་ཤ་ཡ་ཤར་མའི་སྟ་རེའི་ཁྱབ་ཚུལ་དང་འབྱུང་ཁུངས་འཚོལ་ཞིབ། དེ་བཞིན་ཤར་ནུབ་ཀྱི་མི་ཚོགས་གནས་སྤོ་དང་རིག་གནས་སྤེལ་རེས་བཅས་ཀྱི་རིག་གཞུང་གནད་དོན་གལ་ཆེན་ཞིབ་འཇུག་བྱེད་པར་སྐུལ་འདེད་ཤུགས་ཆེན་ཐེབས་ཐུབ་པ་དང་། འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གནའ་བོའི་རྒྱུད་ཁོངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཧྭ་ཞའི་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་འབྱུང་རྩ་ཕུགས་འདེད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
སྟ་རེ་དཔེ་མཚོན་ཅན་ཆེས་ཆེ་བ།
ཕན་རོགས་གནའ་ཤུལ་ནས་རྙེད་པའི་སྟ་རེའི་ངོས་གཉིས་སྙོམས་སྲབ་ཅན་དུ་བཟོ་སྣོན་བྱས་ཡོད་ཅིང་། ཀྲུང་གོ་དང་ཐ་ན་ཨེ་ཤ་ཡའི་ཤར་རྒྱུད་དུ་རྙེད་པའི་དཔེ་མཚོན་རང་བཞིན་ཆེས་ཆེ་བ་དང་། བཟོ་སྟངས་ཆེས་ལེགས་པ། ཚན་བསྡེབས་ཆེས་འཐུས་ཚང་བ། ལག་རྩལ་ཆེས་བྱང་ཆུབ་པ་བཅས་ཀྱི་མ་ལག་ཅིག་ཡིན་པར་བརྟེན། ནུབ་ཕྱོགས་ཀྱི་དུས་ཕྱིས་“ཨ་སེ་ལིའི”གནའ་ཤུལ་ཐོན་གནའ་རྫས་ཀྱི་དོ་ཟླ་རུ་འོས། “ཨ་སེ་ལིའི”རིག་གནས་དུས་རིམ་མཚོན་བྱེད་དུ་གྱུར་པའི་རྡོ་ཆས་ཀྱི་ཡ་གྱལ་ཞིག་ནི་སྟ་རེ་ཡིན་ཞིང་། དེའི་གཡས་གཡོན་གྱི་ངོགས་གཉིས་སམ་མདུན་རྒྱབ་ཕལ་ཆེར་དོ་སྙོམས་པས་འགྲོ་བ་མིའི་ལོ་རྒྱུས་ཐོག་ལ་སྤྱི་ཁྱབ་ཏུ་ཁས་ལེན་བྱས་པའི་བཟོ་སྣོན་ཚད་དང་ལྡན་པའི་ཡོ་བྱད་ཅིག་ཏུ་བརྩིས་པ་དང་། གནའ་བོའི་འགྲོ་བ་མི་གོག་འགྲོ་ནས་ལངས་བའི་འཕེལ་འགྱུར་འབྱུང་དུས་སྐབས་ཀྱི་རྡོ་ཆས་བཟོ་སྣོན་གྱི་ལག་རྩལ་ཆེས་མཐོ་ཤོས་ཀྱི་མཚོན་བྱེད་ཀྱང་ཡིན། “ཨ་སེ་ལིའི”རིག་གནས་དེ་སྐབས་ཤིག་ལ་མི་རྒྱུད་བཟང་ངན་གྱི་གཞི་འཛིན་ས་ཞིག་ཏུ་གྱུར་ཡོད།
མཐོ་སྒང་དུ་རིག་གནས་ཀྱི་རིམ་གྲལ་བདུན་མུར་འབྲེལ་གནས་ཡོད་པ།
ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། མཐོ་སྒང་གི་གཞོག་བསླད་ཤོར་བའི་ས་བབ་ཏུ་ས་རིམ་གྱི་ཕུང་གཟུགས་ཆགས་པར་དཀའ། མདོ་དབུས་མཐོ་སྒང་དུ་རྙེད་པའི་གནའ་ཤུལ་ལ་མཚོན་ནས་བཤད་ན་ཡང་ཕལ་ཆེར་ལ་ས་རིམ་མེད་པ་དང་ཡོད་ན་ཡང་ས་རིམ་གཅིག་ནས་གཉིས་ལས་མེད། ཕན་རོགས་གནའ་ཤུལ་ལ་འདི་འདྲའི་རིག་གནས་ཀྱི་རིམ་པ་བདུན་མུར་འབྲེལ་གནས་པ་ནི་ཧ་ཅང་དཀོན་པོ་ཞིག་ཡིན་ཞིང་། གནའ་རྫས་རྟོག་ཞིབ་རིག་པའི་ཆ་ནས་བཤད་ན་ཧ་ཅང་རྩ་ཆེན་ཡིན་པར་མ་ཟད། ས་གཤིས་རིག་པའི་སློབ་ཚན་ཞིབ་འཇུག་གི་ཐད་ལ་ཡང་དོན་སྙིང་ཆེན་པོ་ལྡན་ཡོད།
གནས་གཅིག་ཏུ་རིག་གནས་གོང་འཕེལ་གྱི་དུས་རིམ་ཆ་ཚང་རྙེད་ཡོད་པ།
ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། གནས་གཅིག་ཏུ་འགྲོ་བ་མིའི་རིགས་ཀྱི་རིག་གནས་དུས་རིམ་གསུམ་རྙེད་པ་ནི་མཐོ་སྒང་ཙམ་དུ་མ་ཟད། འཛམ་གླིང་ན་ཡང་ཧ་ཅང་དཀོན་པོ་རེད། དེ་དང་ཆབས་ཅིག་ལོ་ཁྲི་13ལྷག་གི་སྔོན་དུ་གནའ་བོའི་འགྲོ་བ་མི་ས་འདིར་འགུལ་སྤྱོད་རྒྱུན་རིང་ཞིང་གྲངས་མང་བ་བྱས་ཡོད་པ་ཡང་མཚོན་ཐུབ།
སྨི་གྲུ་བཞི་མ་ཁྲི་བརྒྱ་ཡོད་པའི་རྡོ་ཆས་རྙིང་པའི་གནའ་ཤུལ་ཆེ་གྲས་ཤིག །
ཕན་རོགས་གནའ་ཤུལ་དེའི་ཞེང་ཚད་ལ་སྨི་500ཡོད་པ་དང་། རིང་ཚད་ལ་ཧ་ལམ་སྨི་1800ཡོད། སྤྱིའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་ཁྲི་100ཡས་མས་ཡོད། ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། འདི་འདྲའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་ནི་རྒྱལ་ཕྱི་ནང་དུའང་དཀོན།
ཕན་རོགས་གནའ་ཤུལ་ནི་ད་སྔའི་བར་མདོ་དབུས་མཐོ་སྒང་དུ་རྙེད་པའི་རྒྱ་ཁྱོན་ཆེས་ཆེ་བ་དང་། ས་རིམ་གནས་སྟངས་ཆེས་ཡག་པ། ས་རིམ་ཕུང་གཟུགས་མུར་འབྲེལ་བ། རིག་གནས་ཀྱི་རིགས་སྣ་མང་ཕུན་སུམ་ཚོགས་པ་བཅས་ཡིན་པའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་ཆེ་གྲས་ཤིག་ཡིན་པ་དང་། ཆེད་མཁས་པས་ཕུན་རོགས་གནའ་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས། ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཞིག་ཡིན་པ་དང་དེས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལ་ཤུགས་རྐྱེན་གལ་ཆེན་ཐོན་རྒྱུ་ཡིན་པར་ངོས་འཛིན་བྱས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1