གཅིག་པའི་བཅོ་ལྔའི་གོམས་སྲོལ།

དཀོན་མཆོག་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


གཅིག་པའི་བཅོ་ལྔའི་དུས་ཆེན་ནི་ཀྲུང་གོའི་དམངས་ཁྲོད་ཀྱི་གོམས་སྲོལ་ཞིག་སྟེ། རྒྱལ་ཡོངས་ས་གནས་ཁག་གི་གོམས་སྲོལ་མི་འདྲ་ཞིང་། དེའི་ཁྲོད་དུ་ཟན་རིལ་ཟ་བ་དང་། མེ་ཏོག་གི་གློག་སྒྲོན་ལ་ལྟ་བ། འབྲུག་རྩེད་དང་སེང་རྩེད་སོགས་ནི་དུས་ཆེན་སྐབས་ཀྱི་དམངས་ཁྲོད་ཀྱི་གོམས་སྲོལ་གལ་ཆེན་འགའ་རེད། གཅིག་པའི་བཅོ་ལྔའི་དུས་ཆེན་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་དུས་ཆེན་གཏོང་བཞིན་ཡོད་ཅིང་། ས་ཆ་མང་ཆེ་བའི་གོམས་སྲོལ་ཕལ་ཆེར་འདྲ་མོད། འོན་ཀྱང་ས་ཆ་སོ་སོར་ཡང་རང་ཉིད་ཀྱི་ཁྱད་ཆོས་ཡོད། ཟླ་དང་པོའི་ཚེས་གཅིག་ནི་ལུགས་རྙིང་གི་ཟླ་དང་པོ་ཡིན་ཞིང་། གནའ་མིས་མཚན་མོར“ཞའོ”ཞེས་ཟེར་བ་དང་། དེའི་ཕྱིར་ལོ་གཅིག་ནང་གི་ཉ་གང་ཟླ་བ་དང་པོ་སྟེ་ཟླ་དང་པོའི་ཚེས་བཅོ་ལྔར་གཅིག་པའི་བཅོ་ལྔའི་དུས་ཆེན་སྟེ“ཡོན་ཞའོ་དུས་ཆེན”ཞེས་འབོད་བཞིན་ཡོད། གཅིག་པའི་བཅོ་ལྔའི་དུས་ཆེན་ནི་རིག་གནས་ཀྱི་དོན་སྙིང་གལ་ཆེན་ལྡན་པས་རྩོམ་རིག་མཁས་ཅན་ཚོས་དགའ་པོ་བྱེད་པའི་བརྗོད་བྱ་ཞིག་ཏུ་གྱུར་ཡོད་དེ། དུས་ཆེན་སྐོར་གྱི་དམངས་སྲོལ་རིག་གནས་དེ་རྩོམ་ཡིག་ཁག་གི་ཁྲོད་ནས་ཀྱང་མཐོང་ཐུབ།

འབྲུག་གི་གློག་སྒྲོན་རྩེ་བ་ནི་གཅིག་པའི་བཅོ་ལྔའི་དུས་ཆེན་གྱི་དམངས་སྲོལ་གལ་ཆེན་གྱི་གྲས་ཤིག་ཡིན། ཆེས་སྔ་མོར་ཡི་གེར་ཕབ་པའི་འབྲུག་གི་ཞབས་བྲོ་ནི་ཧན་རྒྱལ་རབས་ཀྱི་ཀྲང་ཧེང་གི《ཅིང་ནུབ་མའི་གཏམ་རྒྱུད》ཡིན་ཏེ། རྩོམ་པ་པོས་ཟློས་གར་བརྒྱའི་ནང་དུ་འབྲུག་གི་ཞབས་བྲོ་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་ཡོད། 《སུའེ་ཡིག །རོལ་དབྱངས་ཀྱི་རྣམ་བཤད》ལྟར་ན། སུའེ་དབྱང་ཏིའི་དུས་སྐབས་སུ་ཟློས་གར་བརྒྱའི་རིགས་ལྟ་བུའི་ཁྲོད་འབྲུག་བྲོ་འཁྲབ་སྟོན《གསེར་འབྲུག་གི་ཆོ་འཕྲུལ》ཞེས་པ་དེའང་ལྟད་མོ་ཧ་ཅང་ཆེན་པོ་ཡོད་ཅིང་། ཀྲུང་གོའི་ས་ཆ་མང་པོར་འབྲུག་བྲོ་དར་ཁྱབ་ཆེན་པོ་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་འབྲུག་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་། འབྲུག་ནི་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཏུ་བརྩི་བཞིན་ཡོད།

མེ་ཏོག་སྒྲོན་མེ་འགེལ་བའི་གོམས་སྲོལ་དེ་ནི་ཧན་རྒྱལ་རབས་ཤར་མ་ནས་བྱུང་བའི་བཤད་རྒྱུན་ཡོད་ལ། རྒྱལ་རབས་ལྷོ་བྱང་གཉིས་ཀྱི་དུས་སུ་དར་སྲོལ་ཞིག་ཏུ་གྱུར་ཡོད། ཐང་རྒྱལ་རབས་སུ་དུས་ཆེན་དེ་ཉིན་གསུམ་རིང་རོལ་བ་སྟེ། ཟླ་བ་དང་པོའི་ཚེས་བཅུ་བཞི་ནས་ཚེས་བཅུ་དྲུག་བར་ཡིན། ཡང་སུང་རྒྱལ་རབས་ཀྱི་དུས་སུ་ཉིན་ལྔ་དང་མིང་རྒྱལ་རབས་ཀྱི་དུས་སུ་ཉིན་བཅུའི་རིང་རོལ་བའི་སྲོལ་མི་འདྲ་བ་མང་པོ་འདུག །ཆིང་རྒྱལ་རབས་ཀྱི་ཕོ་བྲང་དུ་བེའུ་ལུག་ལོ་སར་ནས་མེ་ཏོག་སྒྲོན་མེ་འགེལ་སྲིད་ཅེས་སྐད། དམངས་ཁྲོད་དུ་མེ་ཏོག་སྒྲོན་མེ་བཀལ་བར་མཛེས་སྡུག་ལྡན་པའི་ངག་རྒྱུན་ཞིག་ཡོད་དེ། གནའ་དུས་སུ་རྔོན་པ་ཞིག་གིས་ལྷའི་ངང་པ་ཞིག་བསད་ཅིང་། ལྷ་དབང་བརྒྱ་བྱིན་གྱིས་ཐོས་ནས་ཁོང་ཁྲོ་དྲག་པོ་སྐྱེས་ཏེ་དགྲ་ཤ་ལེན་པར་ཟླ་དང་པོར་མི་ཡུལ་སྲེག་དགོས་པའི་བཀའ་གནང་བ་ན། སེམས་བཟང་གི་ལྷ་མོ་ཞིག་གསང་བའི་སྒོས་མི་ཡུལ་དུ་བྱོན་ཏེ་གནས་ཚུལ་དེ་མི་རྣམས་ལ་བསྒྲགས་ཙ་ན། མི་རྣམས་ཀྱིས་ཟླ་དང་པོའི་ཚེས་བཅོ་ལྔའི་སྔ་གཞུག་ཏུ་ཁྱིམ་ཚང་ཚང་མས་སྒྲོན་མེ་དམར་པོ་འགེལ་བ་དང་དུ་བ་བཏང་སྟེ། མེ་སྦར་བའི་སྣང་ཚུལ་རྫུན་མ་བཟོས་པས་མི་ཡུལ་གྱི་བར་ཆད་དེ་ལས་གྲོལ་ཐུབ་པར་བྱུང་བ་དང་། དེའི་རྗེས་ནས་ད་ལྟའི་བར་ཁྱིམ་ཚང་ཚང་མས་མེ་ཏོག་གི་གློག་སྒྲོན་བཀལ་བཞིན་ཡོད་ཟེར། དང་པོའི་ཚེས་བཅོ་ལྔའི་ཉིན་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྒྲོན་མེའི་དུས་ཆེན་དང་འགྲེམ་སྟོན་མི་ཉུང་བ་ཞིག་སྔར་བཞིན་ཡོད་ཅིང་། སྐད་གྲགས་ཆེ་ཤོས་ནི་པེ་ཅིན་པེ་ཧའེ་སྤྱི་གླིང་གི་གཅིག་པའི་བཅོ་ལྔའི་དུས་ཆེན་སྒྲོན་མེའི་དུས་ཆེན་དང་། སི་ཁྲོན་ཙི་ཀུང་གི་སྒྲོན་མེའི་དུས་ཆེན། ཧར་པིན་གྱི་སྒྲོན་མེའི་དུས་ཆེན་སོགས་རེད་འདུག །

དམངས་ཁྲོད་ཀྱི་གོམས་སྲོལ།

“ཡོན་ཞའོ”ཟ་བ།

ཟླ་དང་པོའི་ཚེས་བཅོ་ལྔར“ཡོན་ཞའོ”བཟའ་བའི་སྲོལ་འདི་ཉིད་རང་རྒྱལ་དུའང་དུས་ཡུན་རིང་པོ་འདས་ཡོད། སུང་རྒྱལ་རབས་ཀྱི་དུས་སུ་དམངས་ཁྲོད་དུ་གཅིག་པའི་བཅོ་ལྔའི་དུས་ཆེན་སྐབས་ཟ་བའི་ཟས་རིགས་གསར་པ་ཞིག་དར་ཡོད། བཟའ་ཆས་དེ་རིགས་ལ་སྔ་ཤོས་སུ“ཧྥུ་ཡོན་ཙི”ཟེར་གྱི་ཡོད་ཅིང་རྗེས་སུ“ཡོན་ཞའོ”ཞེས་འབོད་པ། ཚོང་པ་ཚོས་ད་དུང“ཡོན་པའོ”ཞེས་ཀྱང་འབོད་ཀྱི་ཡོད། “ཡོན་ཞའོ”ནི་ཀ་ར་དང་། རྒྱ་སེ། ཏིལ་འབྲུ། སྲན་མ། གསེར་སྤོས། སྟར་གའི་ནང་སྙིང་། ཤིང་འབྲས་ཀྱི་ནང་སྙིང་། ཁ་སུར་སྐྱོ་མ་སོགས་ཀྱིས་ནང་སྙིང་བྱས་རྗེས་ཆང་འབྲས་ཕྱེའི་ནང་དུ་འགྲིལ་ནས་བཟོས་པ་དང་། ཟན་རིལ་ནི་སྔོན་ལ་ཆང་འབྲས་ཕྱེས་པགས་པ་བཟོས་པ་དང་ནང་དུ་ནང་སྙིང་བླུགས་ནས་གྲུབ་པ་ཡིན་པས་བཟོ་སྟངས་རྦད་དེ་གཅིག་པ་མ་རེད། “ཡོན་ཞའོ”ལ་དམར་ཟས་དང་དཀར་ཟས་གང་རུང་ཆོག་ལ་བྲོ་བ་ཡང་མི་འདྲ་བར་མ་ཟད། ཆུ་བཙོས་སམ་སྣུམ་བཙོས། རླངས་བཙོས་གང་རུང་བྱེད་ཆོག་ལ་མཉམ་འཛོམས་ཀྱི་མཚོན་རྟགས་ཤིག་ཡིན།

མར་མེའི་མཆོད་འབུལ།

ཧན་རྒྱལ་རབས་ཀྱི་གོང་མ་མིན་ཏིའི་ཡུང་ཕིན་ཁྲི་ལོའི་སྐབས་སུ(སྤྱི་ལོ་58པ་ནས་75པའི་བར།)གོང་མ་མིན་ཏིས་ནང་ཆོས་དར་སྤེལ་བཏང་ཞིང་། ཚའེ་དབྱིན་གྱིས་རྒྱ་གར་ནས་ཆོས་བླངས་ཏེ་ཕྱིར་ལོག་པ་དང་ཏག་ཏག་འཁེལ་བས། རྒྱ་གར་གྱི་མོ་རོ་ཐ་རྒྱལ་ཁབ་ཀྱིས་ཟླ་བ་དང་པོའི་ཚེས་བཅོ་ལྔར་སླེབས་དུས་དགེ་འདུན་པ་རྣམས་སངས་རྒྱས་ཀྱི་རིང་བསྲེལ་མཇལ་གྱི་ཡོད་པར་བཤད། དེ་བཞིན་གོང་མ་མིན་ཏིས་ནང་བསྟན་དར་སྤེལ་གཏོང་ཆེད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར་ཕོ་བྲང་དང་དགོན་པར“སངས་རྒྱས་ལ་མར་མེའི་མཆོད་འབུལ་བྱ་བའི”བཀའ་ཕབ། དེའི་རྗེས་སུ་གོམས་སྲོལ་དེ་ཕོ་བྲང་ནང་ནས་དམངས་ཁྲོད་དུ་དར་ཁྱབ་ཕྱིན་པ་དང་། ཟླ་བ་དང་པོའི་ཚེས་བཅོ་ལྔར་སླེབས་དུས། མི་དྲག་དང་མི་སེར་གང་ཡིན་རུང་ཚང་མས་མར་མེ་འཁྱེར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཉིན་མཚན་ཀུན་ཏུ་མར་མེས་ཁེངས་པར་བྱེད་སྲིད། དེ་ཡང་གོམས་སྲོལ་དེ་ཐང་རྒྱལ་རབས་ཀྱི་དུས་སུ་འཕེལ་རྒྱས་སྔར་བྱུང་མ་མྱོང་བ་ཞིག་ཕྱིན་ཏེ། སྐབས་དེ་དུས་རྒྱལ་ས་ཁྲང་ཨན་ནི་མི་འབོར་ས་ཡ་ཡོད་པའི་འཛམ་གླིང་གི་གྲོང་ཁྱེར་ཆེ་ཤོས་དེ་ཡིན་པ་དང་སྤྱི་ཚོགས་འབྱོར་ཕྱུག་ལྡན། གོང་མས་དངོས་སུ་དར་སྤེལ་བྱས་པར་བརྟེན། གཅིག་པའི་བཅོ་ལྔའི་དུས་ཆེན་ཇེ་རྒྱས་ནས་ཇེ་རྒྱས་སུ་གྱུར། ཐང་རྒྱལ་རབས་ཀྱི་རྗེས་སུ། དམངས་ཡོངས་རང་བཞིན་གྱི་རོལ་རྩེད་དུས་ཆེན་ཞིག་ཏུ་གྱུར་ཡོད།

སུང་རྒྱལ་རབས་ཀྱི་སྐབས་སུ་གཅིག་པའི་བཅོ་ལྔའི་མཆོད་འབུལ་འདུ་ཚོགས་ཀྱི་གཞི་ཁྱོན་དང་གློག་སྒྲོན་གྱི་རྒྱན་ཆ་སོགས་གང་ཐད་ནས་ཐང་རྒྱལ་རབས་ལས་ཚད་བརྒལ་ཡོད་པར་མ་ཟད། བྱེད་སྒོ་དེ་བས་དམངས་ཁྲོད་ཅན་དུ་གྱུར་ནས་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན། དེའི་རྗེས་དུས་རབས་རིམ་བྱུང་གི་གཅིག་པའི་བཅོ་ལྔའི་མཆོད་འབུལ་འདུ་ཚོགས་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་དུས་ཆེན་གྱི་དུས་ཡུན་ཀྱང་ཇེ་རིང་དུ་ཕྱིན། ཐང་རྒྱལ་རབས་ཀྱི་མཆོད་འབུལ་འདུ་ཚོགས་ནི“ཧྲང་ཡོན་གྱི་སྔ་གཞུག་གི་ཉིན་གཉིས་པོར”ཡིན་པ་དང་། སུང་རྒྱལ་རབས་ཀྱི་དུས་སུ་ཡང་ཚེས་བཅུ་དྲུག་གི་རྗེས་སུ་ཉིན་གཉིས་བསྣན། མིང་རྒྱལ་རབས་སུ་ཚེས་བརྒྱད་ནས་ཚེས་བཅོ་བརྒྱད་དེ་ཉིན་བཅུ་རུ་བསྲིངས། ཆིང་རྒྱལ་རབས་ཀྱི་དུས་སུ་མན་ཇུ་རིགས་ནང་ལོགས་ཀྱི་དབུས་རྒྱུད་དུ་སླེབས་པ་དང་ཕོ་བྲང་ནང་དུ་མཆོད་འབུལ་འདུ་ཚོགས་མི་གཉེར་མོད། དམངས་ཁྲོད་དུ་དུས་ཡུན་ཉིན་ལྔ་རུ་ཇེ་ཉུང་ལ་བཏང་སྟེ་སྔར་བཞིན་བརྗིད་ཉམས་ལྡན།

དེ་ཡང་ཐའེ་ཝན་གྱི་དམངས་ཁྲོད་དུ་མར་མེ་ནི་འོད་གསལ་དང་བུ་བཙལ་བའི་དོན་སྙིང་ཡོད་པ་དང་། མར་མེ་བསྒྲོན་ན་མདུན་ལམ་གསལ་བར་བྱེད་པར་མ་ཟད། ཐའེ་ཝན་ཡུལ་སྐད་ཀྱི་མར་མེ“灯”དང་བུ“丁”ཡི་སྒྲ་གཅིག་འདྲ་ཡོད་པས་བུ་བཙའ་བའི་དོན་མཚོན་གྱི་ཡོད། དེར་བརྟེན་སྔར་གྱི་གཅིག་པའི་བཅོ་ལྔའི་དུས་ཆེན་དུ་བུད་མེད་རྣམས་ཀྱི་མར་མེ་སྒྲོན་ནས་བུ་བཙའ་བར་སྨོན་ལམ་རྒྱག་བཞིན་ཡོད།

མར་མེའི་གབ་ཚིག །

མར་མེའི་གབ་ཚིག་ལ་ལྒང་བཞུའི་གབ་ཚིག་ཀྱང་ཟེར། དེ་ནི་གཅིག་པའི་བཅོ་ལྔའི་དུས་ཆེན་གྱི་སྲོལ་རྒྱུན་བྱེད་སྒོ་ཞིག་ཡིན། ལྒང་བཞུའི་གབ་ཚིག་ནི་སྔོན་ཆད་ཀྲན་གོའི་དུས་སྐབས་ཀྱི་གབ་ཚིག་ནས་འཕེལ་རྒྱས་བྱུང་བ་ཡིན། སུང་ལྷོ་མའི་དུས་སུ་མར་མེའི་སྟེང་དུ་གབ་ཚིག་དཔྱངས་ནས་མི་རྣམས་ཀྱིས་མདའ་བརྒྱབ་སྟེ་ཁེད་ལས་ཨེ་ཁེད་བལྟས་ནས་རྩེད་མོ་རྩེ་བཞིན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1