དཀར་མཛེས་ཁུལ་གྱིས་བྱེད་ཐབས་མང་པོ་སྤྱད་ནས་མེ་གསོད་མེ་ཟོན་ལས་དོན་སྤེལ་བའི་དངོས་བྲིས།
རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་གྲབས་སྦྱོང་ཡུལ་དངོས།
སྤྱི་ཟླ2པའི་ཚེས19ཉིན། ལྡིར་སྒྲ་ཐེངས་ཤིག་གྲགས་རྗེས། ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གཉའ་ལུང་འགོའི་དམིགས་བསལ་ལས་སྒྲུབ་མེ་ཟོན་རོགས་སྐྱོབ་ས་ཚུགས་སུ་ནགས་རྩྭའི་མེ་ཟོན་གནས་ཚུལ་ལ་སྐོར་ཞིབ་བྱེད་པའི་མི་མེད་གནམ་གྲུ་ཞིག་དལ་བ་དལ་བུར་དར་མདོ་གྲོང་ཁྱེར་གཉའ་ལུང་འགོ་གྲོང་ཚོའི་ཕྱོགས་ཡོངས་སུ་འཕུར། མེ་ཟོན་གྱི་གནད་འགག་གི་དུས་མཚམས་སུ། དར་མདོ་གྲོང་ཁྱེར་གྱིས་དུས་ཚོད་གཏན་འཁེལ་མེད་པར་གཙོ་གནད་ས་ཁོངས་སུ་མི་མེད་གནམ་གྲུས་སྐོར་གཡེང་བྱས་ནས་ཕྱི་རོལ་དུ་སྒྲིག་འགལ་གྱིས་མེ་སྤྱོད་པའི་སྣང་ཚུལ་རྩ་བ་ནས་གཏན་འགོག་བྱས་པ་རེད།
མི་མེད་གནམ་གྲུས་སྐོར་གཡེང་བྱེད་པ་ནི་རང་ཁུལ་གྱིས་ནགས་ཚལ་མེ་སྐྱོན་སྔོན་འགོག་སྟོབས་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ནགས་ཚལ་མེ་སྐྱོན་གྱི་བསླབ་བྱ་དང་ལེན་དང་། ཟུར་བསྟན་ལེབ་མཐོང་ངང་མི་མངོན་རྐྱེན་ངན་ཚགས་བཤེར་ནན་པོ་བྱེད་པ། ནགས་རྩྭའི་མེ་ཟོན་འགན་འཁྲི་སྲ་བརྟན་ཏུ་གཏོང་ཆེད། ད་ལོ་ནས་བཟུང་། ཁུལ་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་ཟོན་བཀོད་འདོམས་པུའུ་དང་ཁུལ་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་ཟོན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་།(འཚུབ་བསྟན་བཀོད་འདོམས་པུའུ)ཁུལ་ནགས་ལས་རྩྭ་ཐང་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས“ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་གཙིགས་སུ་འཛིན་པ”དེ་མཛུབ་སྟོན་བསམ་བློར་བྱས་ནས། ནགས་ཚལ་མེ་ཟོན་མེ་གསོད་ཀྱི་ཆེད་དམིགས་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ། ནུས་ཤུགས་ཡོད་རྒུས་མི་མངོན་པའི་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་དང་། མེ་གསོད་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། ནགས་ཚལ་མེ་ཟོན་མེ་གསོད་ཀྱི་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་དམ་འཛིན་བྱས་ནས། ཁུལ་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་འཕེལ་ཕྱོགས་སྤྱིའི་ཆ་ནས་བརྟན་པོ་དང་ཚོད་འཛིན་ཐུབ་ཡོད་པ་རེད།
ཀ།“མཐིལ་ཚད་གཉིས”བསྲུངས་ནས་ལས་ཕྱོད་ཆེ་བའི་བཀོད་འདོམས་མ་ལག་འཐུས་ཚང་དུ་བཏང་།
རྒྱལ་ཡོངས་ཀྱི་སྔོན་ཐོན་འཚུབ་བསྟུན་མ་ལག་ཐུན་མོང་གཟེངས་བསྟོད་ཚོགས་ཆེན་གྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ནགས་ཚལ་མེ་སྐྱོན་འགོག་ཟོན་བཀོད་འདོམས་གཞུང་དོན་ཁང་གི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་དང་བདེ་འཇགས་མེ་སྐྱོབ་གྲ་སྒྲིག་བྱེད་པ། མིས་བཟོས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་མི་ཐོན་པ་དང་མི་སྣ་ཤི་རྨས་ཚབས་ཆེན་མི་ཐོན་པའི“མཐིལ་ཚད་གཉིས”བརྟན་པོར་བསྲུང་ཆེད། རང་ཁུལ་གྱི་འཚུབ་བསྟུན་མ་ལག་འཐུས་ཚང་དང་ནུས་པ་ཆེ་བའི་བཀོད་འདོམས་མ་ལག་བཙུགས་ཏེ་འགོག་ཟོན་གྱི་འགན་འཁྲི་འཁུར་བ་དང་། དྲིལ་བསྒྲགས་སློབ་གསོ་དང་མི་མངོན་རྐྱེན་ངན་ཚགས་བཤེར་ལ་ཤུགས་རྒྱག་པ། འཚུབ་བསྟུན་གྲ་སྒྲིག་དོན་འཁྱོལ་ཡོང་བ་བཅས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་དམ་འཛིན་བྱས་ཡོད།
“ཟླ་བ་དང་པོའི་ཚེས28ཉིན། རྡོ་གསེག་ལྗོངས་ཁུལ་ནུབ་ཀྱི་མཁར་དམར་གྲོང་ཚོའི་ས་མཚམས་སུ་དུ་བ་ལང་ལོང་འཕྱུར་ནས་ནགས་ཚལ་ལ་མེ་སྐྱོན་ཤོར་སོང”ཞེས་པ་དེ་ནི་དཀར་མཛེས་ཁུལ་གྱིས་རྟའུ་རྫོང་དཔལ་སྨད་གྲོང་རྡལ་དུ་ནགས་ཚལ་མེ་སྐྱོན་བྱུང་བའི་ཚུལ་དུ་བྱས་པའི“2022ལོའི་ནགས་ཚལ་བྱ་འགུལ”གྱི་ནགས་རྩྭའི་མེ་སྐྱོན་ཕྱོགས་བསྡུས་གྲབས་སྦྱོང་སྤེལ་བ་རེད། གྲབས་སྦྱོང་བྱ་ཡུལ་ཛ་དྲག་ཆེ་ལ་གོ་རིམ་ལྡན་པ་དང་། མེ་སྐྱོན་གནས་ཚུལ་གྱི་ཆ་འཕྲིན་རིམ་པ་བཞིན་ཡར་ཞུ་བྱས་པ་དང་འཚུབ་བསྟུན་བཀའ་རྒྱ་རིམ་པ་བཞིན་གཤམ་སྤྲོད་བྱས། མེ་སྐྱོན་གནས་ཚུལ་ལ་ལྟ་ཞིབ་དང་ཕྱིར་འཐེན་ལམ་ཐིག། ཉེན་གཡོལ་བྱ་ཐབས་བཅས་ཁ་གསལ་བཟོས་རྗེས་མེ་གསོད་བྱ་སྤྱོད་ཀྱི་འཕེལ་རིམ་མི་འདྲ་བ་དང་མེ་སྐྱོན་ཐོན་ཁུལ་གྱི་རྣམ་པ་མི་འདྲ་བར་དམིགས་ནས། རྫོང་ནགས་ལས་རྩྭ་ཐང་ཅུས་གཞུང་ལས་ཁང་གིས་འཕྲལ་མར་དེ་མཚུངས་ཀྱི་འཚུབ་བསྟུན་སྔོན་ཇུས་ལག་བསྟར་བྱས་པ་སྟེ། གཡུལ་སའི་བཀོད་འདོམས་པུའུ་བཙུགས་པ་དང་འཕྲལ་མྱུར་ཚོགས་འདུ་སྐོང་ཚོགས་བྱེད་པ། མེ་གསོད་བྱེད་སྟངས་གཏན་འཁེལ་བྱེད་པ། མེ་གསོད་ཇུས་གཞི་བཟོ་བ་བཅས་བྱས་པ་རེད། མེ་གསོད་རུ་མིས་མགྱོགས་མྱུར་ངང་བར་བཅད་ཁུལ་གཙང་བཤེར་དང་ཉེན་ཟོན་ས་ཐིག་འཐེན་པ། མེ་སྐྱོན་ཁྱབ་མཆེད་ལམ་ཐིག་བཅད་ནས་མེ་གསོད་མདེའུ་དང་ཆུ་འཐེན་འཕྲུལ་ཆས། མེ་གསོད་ཆས་སོགས་ཡོ་བྱད་བེད་སྤྱོད་བྱས། ཕྱོགས་མང་པོ་ནས་མེ་རུབ་རྒྱག་པ་དང་ས་ཐོག་དང་མཁའ་ཐོག་ནས་མེ་གསོད་པ། སྔོན་ལ་བར་བཅད་རྒྱག་པ་སོགས་ཆུ་ཡིས་མེ་གསོད་པ་དང་མེ་མཚམས་ལ་བཅར་བའི་བྱ་ཐབས་ལག་བསྟར་བྱས་ནས་ཡུལ་དངོས་ཀྱི་མེ་ཆེན་རྦད་དེ་བསད་པ་དང་མེ་ཤོར་ས་གཙང་སེལ་བྱས་ནས་ལྟ་སྲུང་གི་དུས་མཚམས་སུ་སླེབས།
ཐེངས་འདིའི་གྲབས་སྦྱོང་ལ་མཚོན་ན་སྒྲིག་འཛུགས་གོ་རིམ་ལྡན་པ་དང་དངོས་འཐབ་ལ་ཉེ་བ། སྔོན་དཔག་ལས་བརྒལ་བ་བཅས་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱི་ནགས་རྩྭའི་མེ་གསོད་མེ་ཟོན་ལས་དོན་གྱིས“སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ་དང་འགོག་གསོད་ཟུང་དུ་འབྲེལ་བ། ལས་ཆོད་ཆེ་བའི་སྒོ་ནས་མེ་གསོད་པ། བདེ་འཇགས་གཙིགས་སུ་འཛིན་པ”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས“མེ་སྔ་ཙམ་ནས་གསོད་པ་དང་མེ་ཆུང་ངུའི་དུས་ནས་གསོད་པ། མེ་རྩ་གསོད་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རིམ་པ་ཁག་གི་འགན་འཁྲི་ཁུར་ནས་ནགས་རྩྭའི་མེ་སྐྱོན་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་མེ་གསོད་པའི་འགན་འཁྲི་སྔར་བས་ཏན་ཏིག་ངང་ཁུར་ཡོད། ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱི་འགན་འཁུར་བས་ད་ཆ་ནགས་རྩྭའི་ཟོན་མེ་གསོད་ལས་དོན་ལ་མེ་ཟོན་གྱི་འགན་འཁྲི་སྔར་བས་ནན་དུ་གཏང་དགོས་ཞེས་བཤད་པ་རེད། ས་ཁུལ་ཁག་གིས་ངེས་པར་དུ“ཡུལ་ཕྱོགས་དེ་གའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བདེ་འཇགས་འགན་ལེན་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ནགས་རྩྭའི་མེ་གསོད་མེ་ཟོན་བཀོད་འདོམས་མ་ལག་ཐོགས་པ་མེད་ལ་ལས་ཆོད་ཆེ་བ་འཐུས་ཚང་དུ་གཏང་དགོས།
ཁ།“དོ་དམ་ཁག་གསུམ”ལ་ཤུགས་བརྒྱབ་ནས་མཉམ་འགོག་མཉམ་སྡོམ་ལམ་སྲོལ་འཐུས་ཚང་དུ་བཏང་།
སྤྱི་ཟླ་དང་པོའི་ཚེས 10 ཉིན་གྱི་ཞོགས་པར། ལོ40ལ་སོན་པའི་སྐལ་རིག་ནམ་རྒྱུན་དང་འདྲ་བར་ལུས་ལ་གོས་ཁྲ་གྱོན་ཞིང་ལག་ཏུ་ཉེར་སྤྱོད་ཁ་པར་བཟུང་ནས་མཚོ་འཕགས་སྨི3700ལ་ཟིན་པའི་མཚོ་མགོ་གྲོང་སྡེར་སྐོར་ཞིབ་བྱེད་པར་བསྐྱོད། ཁོང་ནི་དཀར་མཛེས་རྫོང་ཉི་ཁོག་ཡུལ་ཤོག་མཚོ་མགོ་གྲོང་སྡེའི་ནགས་སྲུང་བ་ཞིག་ཡིན་ཏེ་ནགས་ཚལ་ལ་དམིགས་བསལ་གྱི་བརྩེ་བ་ཆེན་པོ་ལྡན། སྐལ་རིག་གིས་གསར་འགོད་པར་ཡུལ་མི་མང་ཆེ་བ་རྫོང་གྲོང་དུ་སྤོས་ཡོད་མོད། འོན་ཀྱང་ང་རི་ལུང་ཐང་གསུམ་ལ་བརྩེ་བ་ཆེ་བས་གང་ལའང་སྤོ་འདོད་མེད། ནགས་སྲུང་གི་ལས་དོན་ལ་དཀའ་ཚེགས་ཅུང་ཆེ་ཡང་གྲུབ་འབྲས་ཆེན་པོ་རེད། ནགས་སྲུང་བ་ཞིག་གི་ངོས་ནས་ངེས་པར་དུ་ན་གཞོན་ཚོར་མགོ་ཡག་པོ་ཞིག་ཁྲིད་དེ་མི་རབས་ཆུང་བས་ནགས་རིའི་རིན་ཐང་དང་ནགས་རི་ནི་རྒྱུ་ནོར་རྩ་ཆེན་ཡིན་པ་ཤེས་སུ་འཇུག་དགོས་ཞེས་བཤད། ཁོང་གི་ཉིན་གཅིག་གི་ལས་ཀ་སྟེ།རི་སྟེང་དང་གྲོག་རོང་། ནགས་ཚལ་ཡོད་སར་ཞིབ་ལྟ་བྱེད་པ་དང་།མེ་གསོད་ཡོ་བྱད་སོགས་མེ་ཟོན་དངོས་ཟོག་གྲབས་གསོག་དང་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ནས་ཉིན་རེའི་རི་སྐོར་གནས་ཚུལ་ཐོ་འགོད་བྱེད་བཞིན་ཡོད།
དཀར་མཛེས་ཁུལ་ལ་མཚོན་ན་སྐལ་རིག་འདྲ་བའི་ནགས་སྲུང་བ་ཧ་ཅང་མང་། ཁོང་ཚོ་ནི་དཀར་མཛེས་ས་ཆའི་ནགས་རྩྭ་སྲུང་སྐྱོང་བྱེད་མཁན་གྱི་གཙོ་ཤུགས་དམག་ཡིན་ཞིང་། དེ་དག་ནི་ཞིང་འབྲོག་རི་ཁུལ་གྱི་ནགས་སྲུང་བ་ཡིན་པར་མ་ཟད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛིན་མཁན་ཡང་ཡིན། དེས་ན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུ་ནི་ནགས་ཚལ་མེ་གསོད་ལས་དོན་ཁྲོད་དེ་བས་གལ་འགངས་ཆེ་བའི་གནད་ཐུག་སར་གྱུར་ཡོད།
ནགས་ཚལ་གྱི་མེ་ཟོན་མེ་གསོད་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད།ལས་རིགས་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་སྡེ་ཚན་གྱི་འགན་འཁྲི་གཞིར་བཟུང་ནས་ལྟ་སྐུལ་དོ་དམ་གྱི་བྱ་ཐབས་ལ་ཤུགས་རྒྱག་པ་དང་།མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ།འབྲེལ་མཐུད་ནུས་ལྡན་བཅས་བྱས་ནས་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ། གྲོང་སྡེ་དང་དུད་ཚང་གིས་མེ་ཟོན་གྱི་འགན་འཁྲི་ཁུར་བ་དང་། ལས་གནས་སུ་མི་ཡོད་པ། རི་དང་ནགས་ལ་ལྟ་མཁན་ཡོད་པ། མེ་སྲུང་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་ཁག་ཐེག་བྱས། ད་སྔའི་ནགས་རྩྭའི་མེ་ཟོན་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་ནགས་རྩྭའི་དོ་དམ་པའི་མཇུག་མཐའི་སྐོར་གཡེང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་ཆེད། སྤྱི་ཟླ2པའི་ཚེས16ཉིན་རང་ཁུལ་གྱི་ནགས་རྩྭའི་མེ་གསོད་མེ་ཟོན་བཀོད་འདོམས་པུའུ་གཞུང་དོན་ཁང་གིས་ནགས་སྲུང་རྩྭ་པར་དོ་དམ་བྱ་རྒྱུར་སྔར་བས་ཤུགས་རྒྱག་རྒྱུའི་སྐོར་གྱི་ལས་དོན་གྱི་ཛ་དྲག་བརྡ་ཐོ་བཏང་ཡོད། བརྡ་ཐོའི་ནང་སྐོར་ཞིབ་སྲུང་སྐྱོང་ལ་སྔར་བས་ཤུགས་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་ཞིང་། ཟུར་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རང་འགན་གཙང་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏང་བ། ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བྱ་དགའ་དང་ཆད་གཅོད་ཟུང་དུ་སྦྲེལ་བའི་འགན་ལེན་ཏན་ཏིག་བྱ་དགོས་པ་བསྟན་ཡོད།
ག།“བྱ་སྤྱོད་ཆེན་པོ་དྲུག”གིས་ཆེད་དོན་བཅོས་སྒྲིག་གྲུབ་འབྲས་ཆེ་རུ་བཏང་།
གསར་འགོད་པས་མེ་ཟོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ2པའི་ཚེས21ནས24ཉིན་བར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཟོན་སྔོན་བརྡ་བཏང་ཡོད་ཅིང་། འདབ་པ་དང་ཕྱག་ཕྲེང་།བརྒྱད་ཟིལ།སྡེ་རོང་རྫོང་བཅས་རྫོང་ཁག་བཞི་པོ་ནི་ནགས་རྩྭའི་མེ་ཉེན་ཆེ་བའི་ཉེན་བརྡ་སེར་པོ་རེད། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ལས་དོན་དེ་ནར་འགྱངས་གཏན་ནས་བྱེད་མི་རུང་།
ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་ཆེད།ཆོད་སེམས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ནུས་ལྡན་སྤྱད་དེ་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མིའི་མེ་སྐྱོན་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། རང་ཁུལ་གྱིས་ནགས་ཚལ་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡིས《དཀར་མཛེས་ཁུལ་གྱི་ནགས་ཚལ་རྩྭ་ཐང་མེ་ཟོན་གྱི“ཆེད་དོན་བྱ་སྤྱོད་དྲུག”གི་ལས་དོན་ཇུས་གཞི》བཏོན་ནས་སྤྱི་ཟླ་དང་པོ་ནས་སྤྱི་ཟླ6པའི་ཚེས30ཉིན་བར་ཁུལ་ཡོངས་སུ་དུས་ཡུན་ལོ་ཕྱེད་ཀྱི་ནགས་ཚལ་རྩྭ་ཐང་མེ་ཟོན་གྱི“ཆེད་དོན་བྱ་སྤྱོད་དྲུག”གཅིག་སྡུད་ཐོག་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད། འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་ལས་འགན་གཙོ་བོའི་ནང་དཔུང་ཁག་གི་ནུས་པ་ཆེ་རུ་གཏོང་བ་དང་།ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་དོ་དམ་བྱེད་པ།མི་མངོན་པའི་རྐྱེན་ངན་ཚགས་བཤེར་དང་བཅོས་སྒྲིག་བྱེད་པ།འབར་སླ་བའི་དངོས་པོ་མེད་པ་བཟོ་བ།ཁྱོན་ཡོངས་ལ་ཁྱབ་པའི་དྲིལ་བསྒྲགས་ཉེན་བརྡ་གཏོང་བ།མི་མངོན་པའི་རྐྱེན་ངན་ལ་ལྟ་སྐུལ་བྱེད་པ་བཅས་ནང་དོན་ཆེན་པོ་དྲུག་ཚུད་ཡོད་པ་དང་།འབྲེལ་ཡོད་ལས་འགན་གཙོ་བོ་ནི་ཁུལ་ནགས་ཚལ་རྩྭ་ཐང་ཅུས་དང་ཁུལ་ནགས་ཚལ་འགོག་སྲུང་བཀོད་འདོམས་གཞུང་དོན་ཁང་གིས་སྣེ་ཁྲིད་པ་དང་།རྫོང(གྲོང་ཁྱེར)ཁུལ་ནགས་ཚལ་འགོག་སྲུང་བཀོད་འདོམས་གཞུང་དོན་ཁང་གིས་འགན་ལེན་དོན་འཁྱོལ་བྱ་རྒྱུ་དེ་རེད།
དེའི་ནང་ས་གནས་ཀྱི་ཆེད་ལས་མེ་ཟོན་དཔུང་ཁག་ཚད་གཞི་ཅན་འཛུགས་སྐྱོང་ཁྲོད་ས་གནས་ཁག་ལ་ས་གནས་ཀྱི་ཆེད་ལས་མེ་ཟོན་དཔུང་ཁག་བཀོད་སྒྲིག་འཐུས་ཚང་དང་སྟོབས་ཆེར་གཏང་དགོས་པར་མ་ཟད།ད་དུང་གླ་ཆ་དང་།འགན་བཅོལ།ཞབས་ཞུ་བཅས་ཀྱི་ཁ་གསབ་དངུལ་འདང་ངེས་སྤྲད་དགོས་པ་དང་།མེ་གསོད་དཔུང་ཁག་གི་སྒྲིག་ཆས་དང་དམག་མི་རྐྱང་པའི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱ་དགོས།མེ་ཉེན་ཆེ་བའི་རྫོང(གྲོང་ཁྱེར)12ལ་མི་མེད་གནམ་གྲུ་འབྲིང་གྲས2ཡན་དང་། མེ་ཉེན་འབྲིང་བའི་རྫོང་ཁག6ལ་མི་མེད་གནམ་གྲུ་འབྲིང་གྲས1ཡན་སྒྲིག་སྦྱོར་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་པ་ནི་ཚན་རྩལ་ཡར་ཐོན་བྱུང་བ་དེས་ནགས་ཚལ་མེ་ཟོན་ལ་ཕན་ཐོགས་ཆེ། སྲོལ་རྒྱུན་གྱི་མེ་ཟོན་མི་ཤུགས་སྐོར་ཞིབ་དང་བསྡུར་ན་མི་མེད་གནམ་གྲུ་བབ་བསྟུན་དང་།མཐོང་རྒྱ་ཆ་ཚང་བ།བཀོལ་སྤྱོད་སྟབས་བདེ་བ།བདེ་འཇགས་བློས་འགེལ་ཆོག་པ་བཅས་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན།མི་མེད་གནམ་གྲུས་ས་དབྱིབས་དང་འགྲིམ་འགྲུལ་ལམ་ཐིག་གི་ཚོད་འཛིན་མི་ཕོག་པར་བརྟེན་ནས་སྤྱོད་རྒྱ་ཆེ་ཙམ་ཡོད་པས་མྱུལ་ཞིབ་སྣ་ཚོགས་བྱ་རྒྱུར་འཚམ་པོ་ཡོད། བར་སྣང་དུ་བསྐྱོད་ནས་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་ལ་ཁྱོན་ཡོངས་ནས་པར་ལེན་བྱས་ཚེ་དེ་བས་གནད་ལ་འཁེལ་བའི་སྒོ་ནས་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་ཐུབ། མི1ནས2ཙམ་གྱིས་བཀོལ་སྤྱོད་དེ་རིགས་ལེགས་འགྲུབ་བྱེད་ཐུབ་ཅིང་།ཚད་ངེས་ཅན་ཞིག་གི་ཐོག་ནས་མི་ཤུགས་གྲོན་ཆུང་བྱས་ཡོད། བཀོལ་སྤྱོད་བྱེད་མཁན་གྱིས་རྒྱང་འཛིན་ལས་འགན་ལག་བསྟར་བྱེད་ཚེ་སྲོལ་རྒྱུན་གྱི་མེ་གསོད་རོགས་སྐྱོབ་བྱ་སྤྱོད་ཁྲོད་ཀྱི་ཞན་ཆ་མི་ཐོན་པ་དང་།མེ་ཟོན་པ་རང་ངོས་ཀྱི་བདེ་འཇགས་འགན་ལེན་ཐུབ་པ།བདེ་འཇགས་དེ་བས་ཆེ་བ། ལས་འཛོལ་ཐེངས་གཉིས་པ་མི་ཐོན་པ་བཅས་བྱེད་ཐུབ། ད་སྔར་མི་མེད་གནམ་གྲུ་དེ་རང་ཁུལ་གྱི་རྫོང་ཁག་མང་པོར་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་པ་དང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་རོགས་རམ་ཐུབ་ཡོད།
ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་གྱི་ལས་ཀ་བྱེད་མཁན་ཚང་མར་འགན་འཁྲི་ཡོད་པས།དུས་ནམ་ཡིན་ཡང་བག་མེད་ལྷོད་གཡེང་བྱེད་མི་རུང་བ་དང་།གནད་ཐུག་ས་གང་རུང་ལ་སྣང་མེད་ལྷོད་གཡེང་བྱེད་མི་རུང་། རང་ཁུལ་གྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ནས་ཁུལ་ཡོངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཐད་བདེ་འཇགས་འགན་ལེན་བྱ་དགོས་སོ།།