རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འཚོག་རྒྱུར་གྲ་སྒྲིག་བྱས་པ། ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་རེད།
རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་157ཚོཌ་འདུར་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ལས་འགན་གལ་ཆེན་ཞིག་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འཚོག་རྒྱུར་གྲ་སྒྲིག་བྱ་རྒྱུ་དེ་ཡིན་ཞིང་། ཚོགས་འདུའི་གྲོས་རིམ་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མཚན་ཐོའི་འཆར་ཟིན་བཅས་སྐོར་གྱི་ཨུ་ཡོན་ཀྲང་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཚུད་ཡོད།
ཏང་ཀྲུང་དབྱང་གིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་གི་སྤྱིའི་ཇུས་གཞི་ལག་བསྟར་བྱེད་པ་དང་། དམག་མིའི་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། དམག་མིའི་གོ་རྟགས་ལ་གཞིགས་པའི་ཅུན་ཧྲི་དང་འོས་འགན་དམག་མིའི་དམག་སྐུལ་དང་ལེན་གྱི་དོ་དམ་ལམ་ལུགས་མ་ལག་འཛུགས་པ་བཅས་བྱ་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ད་སྐུལ་དམག་མིའི་གོ་རྟགས་རིམ་པའི་ལམ་ལུགས་ཀྱི་གཏན་འབེབས་འཆར་ཟིན་སྐོར་གྱི་གྲོས་གཞི་བཏོན་པ་རེད། འཆར་ཟིན་ནང་དམག་མི་དཀྱུས་མའི་གོ་རྟགས་ཀྱི་ངོ་བོ་དང་། བཀོད་སྒྲིག དོ་དམ་སོགས་ཕྱོགས་གསུམ་གྱི་ནང་དོན་གཏན་འབེབས་བྱས་ཡོད། ཀྲུང་དབྱང་དམག་ཨུད་ཀྱི་བཀའ་མངགས་ལྟར་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ་ཡིས་གསལ་བཤད་བརྒྱབ་པ་རེད།
《ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད》ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། དངུལ་རྩའི་འདྲི་གཅོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩར་ཁྲིམས་འཛིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུའི་གཏན་འབེབས་འཆར་ཟིན་སྐོར་གྱི་གྲོས་གཞི་བཏོན་ཡོད། འཆར་ཟིན་ནང་ཁྲེང་ཏུའུ་དང་ཁྲུང་ཆིང་དངུལ་རྩའི་ཁྲིམས་ཁང་གི་གྱོད་དོན་བདག་ཁོངས་དང་། ལྟ་སྐུལ། ཁྲིམས་དཔོན་བསྐོ་འཐེན་སོགས་ཀྱི་ནང་དོན་གཙོ་བོ་གཏན་འབེབས་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་གསལ་བཤད་བརྒྱབ་པ་རེད།
ཚོགས་འདུའི་ཐོག ཀྲོའུ་ཆང་གིས་གནང་བའི་ཁེ་བེད་བདག་ཐོབ་སོགས་ཤེས་བྱའི་བདག་དབང་གི་གྱོད་གཞིའི་གཏུག་བཤེར་གོ་རིམ་གྱི་གནད་དོན་འགའ་ཞིག་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལག་བསྟར་བྱས་ཚུལ་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྙན་སྒྲོན་གསན་པ་རེད། སྙན་སྒྲོན་ནང་། འབྲེལ་ཡོད་ལས་དོན་སྤེལ་ཚུལ་དང་། ཕན་འབྲས་གཙོ་བོ། ལྷག་པའི་གནད་དོན་དང་དཀའ་ངལ་བཅས་ངོ་སྤྲོད་བྱས་པ་མ་ཟད། ནུས་ཤུགས་དེ་བས་ཆེ་བར་བརྟེན་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཁྲོམ་རའི་འདྲ་མཉམ་འགྲན་རྩོད་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། དེ་བས་དགེ་མཚན་ལྡན་པའི་རྣམ་འགྱུར་ཐོག་ནས་ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་བཅོས་སྐྱོང་ནང་ཞུགས་པ་བཅས་བྱས་ཏེ་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།