དགུན་གནང་གི་འཚོ་བ་དཔེ་ཀློག་གིས་བརྒྱན་པ།
མེས་པོ་གོང་མ་ཚོས་བཞག་པའི་ཤེས་རབ་ཀྱི་རྒྱུན་ལ་མ་བརྟེན་པར་རང་བཞིན་དུ་སྐྱེས་པའི་མཁས་པ་ཞིག་ཤིན་ཏུ་དཀོན་ན། ཁོང་ཅག་གི་ཤེས་རབ་ཀྱི་རྒྱུན་ཟིན་པའི་མན་ངག་ཆིག་ཐུབ་ལྟ་བུ་དེ་ནི་ཅིས་ཀྱང་དཔེ་ཀློག་ཡིན། དཔེ་ཀློག་ལ་བརྟེན་ནས། ང་ཚོས་མི་ཚེའི་བརྒྱུད་རིམ་ཐུང་ངུའི་ནང་གཏིང་མཐའ་མི་མངོན་པའི་མཛེས་ལྗོངས་དང་ངོ་མཚར་བའི་ཟློས་གར་སྣ་མང་ཉམས་སུ་མྱོང་ཆོག་ཚུལ་གྱི་གཏམ་ནི་མཁས་པའི་ངག་ན་གྲགས་པ་བཞིན། དཔེ་ཀློག་གི་རྒྱ་ཆེན་དགེ་བའང་ཀུན་གྱིས་ཁ་ཏོན་བཞིན་ཟློ་བ་དེ་དང་དེ་རང་རེད།
དེས་ན་དགུན་གནང་གི་དུས་ཚོད་འདི་ནི་བྱིས་པ་རྣམས་ལ་སློབ་སྦྱོང་དང་རྒྱུགས་ལེན་གྱི་ཚེགས་ངལ་ཆུང་བའི་དུས་ཤིག་ཡིན་ཙ་ན། ཏག་ཏག་དཔེ་ཀློག་གི་གོ་སྐབས་ཀྱང་དགའ་ཞིག་ཡིན་པ་རེད། དེ་བཞིན་དུ་དཔེ་ཀློག་གི་བྱ་བས་ཀྱང་བྱིས་པའི་དགུན་གནང་གི་འཚོ་བ་ལ་དོན་སྙིང་ལྡན་པའི་ཁ་དོག་ཅིག་སྣོན་པ་ཡིན་པས། དཔེ་ཀློག་གྱིས་ཤིག དཔེ་དེབ་དང་གྲོགས་པོ་སྒྲིགས་ཤིག དཔེ་ཀློག་གི་དྲི་ཞིམ་རོ་མཆོག་མྱངས་པའི་བྱིས་པ་ཞིག་ཡིན་ན། དེའི་མ་འོངས་པ་ནི་ཅི་འདྲའི་རྒྱ་ཆེན་དཔེ་ལེགས་ཤིག་ཡོང་མིན་གྱི་སྔོན་མཐོང་ལུང་གཏམ་དེ་སུས་ཀྱང་གནང་མི་བཏུབ་ཀྱང་། ཤིན་ཏུ་ཐབས་རྡུགས་སྐྱོ་བོ་ཞིག་མི་ཡོང་བ་ནི་ཐེ་ཚོམ་མེད་པའི་གནས་ཡིན་རྒྱུ་རེད།
བདེ་ཐང་གི་ལུས་ཕུང་སྦྱོང་བརྡར་གྱིས་གསོ་བ།
སློབ་གསོ་པ་ཚའེ་ཡོན་ཕའེ་ཡིས་མི་གཞི་ཆ་ཚང་ཞིག་ཆགས་པ་ལ་ལུས་རྩལ་སྔོན་དུ་འགྲོ་དགོས་ཞེས་གསུངས་ཡོད།
ལུས་རྩལ་སྦྱོང་བརྡར་གྱི་དམིགས་ཡུལ་ནི་བྱིས་པའི་ལུས་ཕུང་གི་སྟོབས་ཤུགས་མཐོར་འདེགས་བྱས་ནས་བདེ་ཐང་གི་གཟུགས་གཞི་ཆགས་པར་བྱེད་པ་དེ་ཡིན་ཏེ། བདེ་ཐང་སྟོབས་ལྡན་གྱི་ལུས་པོ་ནི་ལམ་སྣ་ཀུན་ལ་འཇུག་པའི་སྔོན་འགྲོ་དང་རྨང་གཞི་ཡིན། ལུས་ཕུང་བདེ་ཞིང་ཐང་ལ་ཟུངས་སྟོབས་ཀྱིས་ཁེངས་པ་ཡིན་ན་རིག་པ་དྭངས་ལ་ཀླད་པའང་གསལ་བས། སློབ་སྦྱོང་དང་འཚོ་བ་ལམ་དུ་འགྲོ་བར་ཕན་ལ། རང་ཉིད་ཀྱི་ཕུགས་འདུན་མངོན་པར་འགྱུར་བར་ཡང་གྲོགས་ཀྱི་མཐུན་རྐྱེན་ཚང་སོང་བ་ཡིན།
རེད་དེ། ལུས་རྩལ་གྱི་དགེ་མཚན་ནི་དེ་ཙམ་གྱིས་མི་ཚད་དེ། ལུས་རྩལ་གྱི་རྣམ་གྲངས་གང་རུང་ལ་ཞུགས་པས་ནི་བྱིས་པ་རང་གི་ལུས་སེམས་ཚུལ་ལ་གནས་པ་དང་རང་ཚོད་ལེགས་པར་འཛིན་པ་ལ་ཀུན་ནས་ཕན་ཞིང་། ཡ་ཡོ་བྲེལ་ཟིང་གི་རླུང་ཁམས་འཇགས་པར་བྱས་ཏེ་ལྷོད་ཆ་ལྡན་ཞིང་གདེང་ཚོད་བརྟན་པོའི་མི་ཞིག་འཁྱོངས་པར་ཤིན་ཏུ་སྨན།
དེ་བས། དགུན་གནང་གི་ཁོམ་པ་དང་བསྟུན་ནས། བྱིས་པ་ལ་འགུལ་སྐྱོད་དང་སྦྱོང་བརྡར་གྱི་གོ་སྐབས་ཡངས་པོར་ཕྱེས་ཏེ། གསར་སྐྱེས་མྱུ་གུ་ལྟ་བུའི་ཁོ་ཚོའི་ལུས་པོ་འབོལ་བདེ་དྲོད་གསུམ་ལ་ཞེན་ཞིང་གོམས་ནས་ལ་ཕུག་རྙིད་པ་ལྟར་འགྱུར་བ་སྒོ་ཀུན་ནས་འགོག་ཐབས་བྱེད་དགོས། སྒོ་རའི་ཕྱི་རོལ་དང་ལུས་རྩལ་ར་བ་སོགས་སུ་རྒྱུག་འདུར་དང་འུར་ཟིང་ལ་བྲེལ་བ་དེ་ནི་ད་གཟོད་གསོན་ཤུགས་ཀྱིས་ཁེངས་པའི་བྱིས་པའི་རང་བཞིན་འབའ་ཞིག་གོ །
དཔེ་ཐབས་ཆག་ཅིག་གི་སྒོ་ནས་ལབ་ན། ལུས་རྩལ་སྦྱོང་བརྡར་ཡང་བྱིས་པས་ངེས་པར་ཀློག་དགོས་པའི“ནར་སོན་གྱི་དཔེ་དེབ”ཅིག་ཡིན།
འཚར་སྐྱེའི་མྱུ་གུ་ངལ་རྩོལ་གྱིས་འཐེན་པ།
མྱུ་གུ་འཐེན་ནས་མི་སྐྱེ། ཡུལ་དུས་ཀྱི་རང་བཞིན་ལ་བརྟག་ཅིང་སྐབས་དང་མཐུན་པའི་ངལ་རྩོལ་གྱི་སྦྱོར་བས་སྐྱོང་བ་ནི་དེ་ཉིད་ལེགས་པར་སྐྱེ་བའི་རྐྱེན་ཡང་དག་ཉིད་ཡིན། ངལ་རྩོལ་ནི་ཕུན་སུམ་ཚོགས་པའི་འབྲས་བུ་ཡོད་དོ་ཅོག་གི་སྐྱེད་བྱེད་དུ་བསྙད་མཁན་ཡོད་ལ། ངལ་རྩོལ་ནི་ཤེས་རིག་དང་བདེ་སྐྱིད་ཀྱི་འབྱུང་རྩར་བསྙད་མཁན་ཡང་ཡོད།
གང་ལྟར། ན་ཆུང་སློབ་མ་རྣམས་ནི་གསར་སྐྱེས་མྱུ་གུ་བཞིན་དུ་འཚར་ལོངས་འབྱུང་བཞིན་པའི་སྐབས་སུ་གནས་ན་ཡང་། དགུན་གནང་གི་ཕ་མ་བུ་གསུམ་ལྷན་དུ་འཛོམས་པའི་སྐབས་འདི་ལ། ཁྱིམ་བདག་རྣམས་ཀྱིས་བུ་བུ་མོ་དག་གསར་སྐྱེས་མྱུ་གུ་བཞིན་དྲོད་ཁང་གི་སྦུག་ཏུ་མི་བསྙལ་བར། ཁོ་ཚོ་རང་རང་ལ་ངལ་རྩོལ་བགྱི་བའི་གོ་སྐབས་སྟེར་དགོས་ཏེ། ངལ་རྩོལ་ལས་བྱུང་བའི་རྔུལ་ཆུ་ནི་ལུས་ཕུང་ནར་སོན་ལ་མཁོ་བའི་འཚོ་བཅུད་ཅིག་ཡིན་པར་མ་ཟད། ནང་སེམས་འཚར་ལོངས་ལ་མཁོ་བའི་ཉམས་མྱོང་ཞིག་ཀྱང་ཡིན། རང་གི་ལག་པ་འགུལ་བ་དང་། གཞན་དང་མཉམ་འབྲེལ་བྱེད་པའི་གོ་རིམ་ཁྲོད་ནས། ཁོ་ཚོས་ངལ་བ་ཁུར་བཟོད་དང་འགན་འཁྲི་རང་ལེན། འབྲེལ་འདྲིས་མཉམ་ལས་སོགས་ཀྱི་ཉམས་མྱོང་སློབ་ཐུབ་པར་མ་ཟད། ཕ་མ་བུ་གསུམ་གྱི་མཉམ་ལས་ལས་ཁྱིམ་ཚང་གི་ཁོར་ཡུག་ཡག་པོ་འབྱུང་ལ། རང་རྩོལ་རང་ལས་ཀྱི་འབྲས་བུ་ལས་ཤེས་བྱའི་ཉམས་མྱོང་དང་འཚོ་བའི་སྤྲོ་སྣང་བསྐྱེད་པས། ངལ་རྩོལ་ནི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་དང་། དཔེ་ཁྲིད་དང་བསླབ་བྱས་ཚབ་མི་བཏུབ་པའི་བྱེད་ཐབས་གཞན་ཞིག་ཀྱང་ཡིན།
ངལ་རྩོལ་ལ་མཁས་པའི་བྱིས་པ་ཞིག་ལ་གཞན་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་ནུས་པ་ལྡན་པ་ཡིན།
བརྩོན་པའི་ཆུ་རྒྱུན་སློབ་སྦྱོང་གིས་མཐུད་པ།
ཟླ་གཅིག་ལྷག་གི་དགུན་གནང་གི་དུས་ཚོད་ནི་སློབ་སྦྱོང་གི་འགན་ཁུར་ཅི་ཡང་མེད་པར་རང་སྣང་གང་ཤར་བྱེད་ཆོག་པའི་དུས་ཚོད་ཅིག་གཏན་ནས་མ་ཡིན་ཏེ། དེ་ལྟར་བྱས་པ་ནི་ཆུ་རྒྱུན་ཆད་པ་དང་འདྲ་བར། སྔོན་མ་སྦྱངས་པའི་ཤེས་བྱ་དང་སྔོན་མ་ཆགས་པའི་གོམས་གཤིས་ཡག་པོ་རྣམས་གྲམ་ཐང་བཞིན་སྐམ་པར་འགྱུར་བའི་རྒྱུ་རྐྱེན་དུ་སྨིན་པར་སྲིད་ལ། དེ་ལས་ཀྱང་། སློབ་སྐབས་གསར་པ་ཞིག་སླར་ཡང་འཚོགས་པའི་དུས་ལ་མགོ་འཐོམ་པ་དང་སེམས་མི་སྐྱིད་པའི་ངལ་སྣང་སྣ་ཚོགས་ཀྱང་འབྱུང་བར་སྲིད།
ངས་དུས་ཚོད་ཆུད་ཟོས་སུ་བཏང་ན། དུས་ཚོད་ཀྱིས་ཀྱང་ང་ཆུད་ཟོས་སུ་གཏོང་བར་ངེས་ཞེས་པ་དང་། བྱིས་པའི་མི་ཚེའི་ནང་གི་ཆུད་ཟོས་སུ་བཏང་བའི་གུང་སེང་རེ་རེ་ནི། བྱིས་པ་དེ་རིན་ཐང་མེད་པའི་མི་ཚེའི་ལམ་བུ་ལ་ཁྲིད་བྱེད་ཀྱི་ཐེམ་སྐས་རེ་རེ་དང་འདྲའོ་ཞེས་པ་ལྟ་བུའི་ལེགས་བཤད་ཀྱིས་སློབ་སྦྱོང་ལ་བརྩོན་པའི་རྒྱུན་སྐྱོང་བའི་གལ་ཆེན་རང་བཞིན་གནད་ཐིངས་པར་བསྟན་པ་བཞིན་རེད།
སློབ་སྦྱོང་ནི་རྒྱུན་མཐུད་པའི་གོ་རིམ་ཞིག་སྟེ། དེ་ནི་དམག་འཁྲུག་རྒྱག་པ་དང་ནངས་པར་འཆི་བར་ངེས་པའི་དུས་ཚོད་ཤིན་ཏུ་ཛ་དྲག་གི་སྐབས་སུའང་གཏོང་མི་རུང་བ་ཞིག་ཏུ་བསྙད་ཡོད་ན། གུང་སེང་བཏང་བ་ཙམ་གྱིས་གློད་ཆོག་པ་དང་མཚམས་འཇོག་རུང་བ་ཞིག་ག་ལ་ཡིན་ཏེ། ཁྱོན་ནས་མ་ཡིན་ནོ། ། དེ་བས། དགུན་གནང་གི་སྐབས་སུའང་རང་ཉིད་ལ་ཉི་མ་རེ་རེའི་སློབ་སྦྱོང་གི་དུས་ཚོད་ཅིག་བཀོད་སྒྲིག་ལེགས་པར་བྱས་ཏེ། དེ་བཞིན་དུ་ཉི་མ་རེ་རེའི་སློབ་སྦྱོང་གི་ལས་བྱ་དེ་འོས་ཤིང་འཚམ་པར་འགྲུབ་ཏུ་བརྩོན་པ་དང་། རང་ཉིད་ཀྱི་སློབ་སྦྱོང་གི་འགྲོས་ཉམས་ལེགས་པོའི་གོམས་གཤིས་དང་བྱང་ལམ་ཞིག་རྙེད་པར་བྱེད་དགོས།
མིའི་རིགས་ཀྱི་ལེགས་མཛད་ཐམས་ཅད་ལ་ཐེ་ཚོམ་ཟ་རུང་ཡང་དེ་ལ་ནི་ནམ་ཡང་ཐེ་ཚོམ་ཟ་མི་དགོས།
ངལ་གསོའི་མན་ངག་ནི་སྔ་ཉལ་སྔ་ལངས་ཡིན།
འགྲོ་ཆག་ཉལ་འདུག་གི་འཚོ་བའི་གོམས་གཤིས་ནི་སློབ་གྲྭ་ཚོགས་པའི་སྐབས་སུ་བྱིས་པ་རྣམས་ལ་འགྱུར་ལྡོག་ཆེན་པོ་མི་འབྱུང་རུང་། དགུན་གནང་ལྟ་བུའི་གུང་སེང་གི་དུས་སུ་ནི་མཚན་མོ་ཉལ་མི་འདོད་པ་དང་སྔ་མོ་ལངས་མི་ཐུབ་པའི་གནས་ཚུལ་ཤིན་ཏུ་འབྱུང་སླ་བ་ཡིན། དེ་ལ་བརྟེན་ནས་ཉིན་མོའི་འཚོ་བ་དེ་རབ་རིབ་གཉིད་མ་སད་དང་སྒྱིད་ལུག་ལེ་ལོའི་དབང་དུ་འཁྱེར་བ་ཆེས་མང་བ་ཡིན།
དེ་ཡོད་ཚད་གཉིད་བདེ་མིན་ལ་འབྲེལ་བ་ཡོད་དེ། གཉིད་ཡག་པོ་ཞིག་མ་ཁུགས་པའམ། གཉིད་པའི་དུས་ཚོད་ཀྱི་གོ་རིམ་ཡོངས་སུ་ནོར་བའི་ཚེ་ན། མིའི་ལུས་ཁམས་ཀྱང་གོ་རིམ་འཁྲིགས་པའི་གནས་སུ་ལྷུང་འགྲོ་བ་དང་། ཟས་ལ་ཡི་ག་མེད་ལ། ཞེ་ལ་སྐྱུག་མེར་ལྡང་བ། སེམས་ཁམས་བྱིང་དུ་ལྡིབ་པ་དང་བློ་རྩེ་གཅིག་ལ་མི་གནས་པ་སོགས་འབྱུང་བ་ཡིན། གནས་ཚུལ་དེ་ལ་དུས་ལྟར་ལེགས་བཅོས་མ་ཐོབ་ཚེ། དེའི་མཇུག་འབྲས་ནི་ཉིན་འགའ་ཞིག་དང་དགུན་གནང་གི་འཚོ་བ་ཡག་པོ་མི་ཡོང་བའི་ཁར། སློབ་སྐབས་རྗེས་མའི་སློབ་སྦྱོང་གི་འཚོ་བ་ལའང་ཤན་ཤུགས་ངེས་ཅན་ཐེབས་སྲིད།
དགུན་གནང་ལ་སློབ་སྦྱོང་གི་འགན་ཁུར་དེ་འདྲ་ལྕི་མོ་མེད་པས་ཅུང་ཟད་བག་ལྷོད་དུ་སྡོད་ཆོག་ཀྱང་། བག་ལྷོད་དུ་འདུག་ཚུལ་ལ་ཚན་རིག་གི་བྱེད་ཐབས་མང་དུ་བསྟེན་རྒྱུ་ཡོད་པ་འབྲེལ་ཡོད་མཁས་པའི་ཞལ་གདམས་མང་དུ་མཆིས་པར་མིག་བལྟས་གཡར་ཆོག གང་ལྟར་སྔ་ལངས་སྔ་ཉལ་བྱེད་རྒྱུ་ནི་ངལ་གསོ་བག་མེད་དུ་མི་འགྲོ་བར་བྱེད་པའི་གདམས་ངག་ལྟ་བུ་ཡིན།
འཚོ་བའི་སྤྲོ་སྣང་དགའ་ཕྱོགས་ཀྱིས་སློང་བ།
ན་ཆུང་སློབ་མའི་འཚོ་བ་ནི་སློབ་གྲྭར་འགྲོ་བ་དང་སློབ་སྦྱོང་བྱེད་པ་དང་རྒྱུགས་སྐར་ལེན་པ་ཁོ་ན་མ་ཡིན། འགའ་ཞིག་གིས་སློབ་སྦྱོང་ལ་དུས་ཚོད་དང་སེམས་ཤུགས་བརྒྱ་ཆའི་བདུན་ཅུ་འདོན་པ་དང་། ལྷག་མའི་བརྒྱ་ཆའི་སུམ་ཅུ་སློབ་སྦྱོང་མ་ཡིན་པའི་དོན་གཞན་དང་གཞན་ལ་འདོན་པར་རིགས་ཞེས་པའི་ལྟ་ཚུལ་བཏོན་པ་ནི་ཡང་དག་པའི་གནས་ཡིན་མིན་བརྗོད་དཀའ་ཡང་། ལྟ་ཚུལ་དེ་རིགས་ཀྱི་དམིགས་ཡུལ་ནི་སློབ་མར་ཁོ་རང་ཉིད་ལ་དབང་བའི་དུས་ཚོད་ཅིག་ངེས་པར་དགོས་ཚུལ་ལབ་ཀྱིན་ཡོད་པ་རེད།
སློབ་མ་རང་ཉིད་ལ་དབང་བའི་དུས་ཚོད་ཀྱི་ནང་དུ་ཁོ་ཚོས་སློབ་སྦྱོང་ཕན་ཆད་ཀྱི་བྱ་དངོས་ཏེ། རང་ཉིད་འཇུག་པར་སྤྲོ་བའི་ལས་ཤིག་ལ་སྟ་གོན་བགྱིས་ཏེ། དེའི་ཁྲོད་ནས་ལུས་སེམས་ལ་ཕན་པའི་ཤེས་བྱ་དང་མྱོང་རྟོགས་བསྡུ་ལེན་བྱེད་ཆོག་པར་འདོད་པ་རེད་ལ། དེ་དང་བསྟུན་ནས་སློབ་མ་རང་གི་འཚོལ་དཔྱོད་ཀྱི་སྤྲོ་སེམས་སློང་དགོས་པར་འདོད། དེར་མ་ཟད། དེ་ནི་སློབ་མའི་འཚོ་བའི་སྤྲོ་སྣང་འཕེལ་བྱེད་ཀྱང་ཡིན་པར་དགོངས།
དགུན་གནང་གི་སྐབས་སུ་ཏག་ཏག་དེ་འདྲའི་བྱིས་པ་ཁོ་རང་ཉིད་འཇུག་པར་སྤྲོ་བའི་དགའ་ཕྱོགས་སྐྱེད་སྲིང་བྱེད་ཆོག་པ་གདོན་མི་ཟ། དགའ་ཕྱོགས་དེ་ནི་སློབ་སྦྱོང་དང་མ་འོངས་མདུན་ལམ་ལ་འབྲེལ་བ་ཡོད་མེད་ཅི་རུང་ཡང་ཆོག་སྟེ། ཚེ་སྲོག་གི་མཛེས་སྡུག་དང་ཕུན་ཚོགས་ནི་དགོས་པ་གང་དང་ཁེ་ཕན་ཅི་ཡོད་མེད་ཀྱིས་མཚམས་ཚིགས་གཅོད་པ་མིན་ལ།ཐ་ན་བལྟས་པ་ཙམ་གྱིས་དགོས་པ་དང་ཁེ་ཕན་ཆེར་མེད་ཀྱང་། མི་རང་ཉིད་སེམས་གཏིང་ནས་དགའ་བའི་བྱ་དངོས་དེ་རིགས་ཀྱི་འཚོལ་སྙེག་ལས། ད་གཟོད་བྱིས་པ་གང་དེ་ཆུ་སྣ་གར་ཁྲིད་ཀྱི་དབང་དུ་མི་འགྲོ་ཞིང་། སེམས་གཤིས་ཕུན་སུམ་ཚོགས་པའི་མི་བློ་ཡངས་སྒམ་བརླིང་ཅན་ཞིག་ཡོང་བར་སྲིད།
དབང་པོ་བསླུ་བྱེད་ཀྱི་བརྙན་ཡོལ་ལ་གཟབ་པ།
ད་ལྟའི་དུས་ལ་མི་རྣམས་ཀྱི་དབང་པོ་ནི་ཁ་པར་དང་བརྙན་འཕྲིན་གྱི་འཆར་ཡོལ་འབའ་ཞིག་གིས་བདག་བཟུང་བྱས་པ་ཆེས་ཚབས་ཆེ་བ་ཡིན་ལ། ལྷག་པར་དུ་བྱིས་པ་རྣམས་ལ་མཚོན་ན་འཆར་ཡོལ་ལེབ་མོ་དེའི་བསླུ་བྲིད་ནི་ཅིས་ཀྱང་བཟློག་དཀའ་བ་ཞིག་ཡིན་ཏེ། དེའི་ནང་དུ་དབང་པོ་སྒོ་ལྔའི་ཚོར་ཤེས་མ་སྦྲིད་བར་དུ་བལྟས་ཀྱང་མི་ངོམས་པའི་ངོ་མཚར་ལྟད་མོས་གང་བས། དགུན་གནང་ལྟ་བུའི་དུས་ལ་བྱིས་པ་རྣམས་དུས་ཡུན་རིང་པོར་མིག་བརྙན་ཡོལ་ལ་འབྱར་ནས་སྡོད་པ་རྒྱུན་དུ་མཐོང་།
དེའི་མཇུག་འབྲས་ལ་མིག་གི་མཐོང་ཤུགས་ཉམས་པ་མ་ཟད། བརྙན་ནང་གི་བཅོས་མའི་ཕུན་ཚོགས་དེ་ལ་གཡེང་ཆེ་ན་བྱིས་པའི་གཤིས་ཀ་འགྱུར་ནས་མི་གཞན་དང་འབྲེལ་འདྲིས་བྱེད་པར་མི་དགའ་བ་ཞིག་ཏུ་འགྱུར་བ་དང་། སླད་ཕྱིན་དེ་འདྲའི་ངང་ཚུལ་ལས་ཐོན་པར་དཀའ་བས་ཐད་ཀར་སློབ་སྦྱོང་ལ་གནོད་པ་སོགས་མི་དགེ་སྐྱོན་མཚང་མང་དུ་ཡོད་པ་ནི་ཆེད་མཁས་མང་པོས་གླེང་བ་བཞིན་ཡིན་སྲིད།
དེ་བས། དགུན་གནང་གི་དུས་ལ་བྱིས་པ་ཁ་པར་དང་བརྙན་འཕྲིན་ལ་རིང་དུ་བཀྱེད་ནས། ཕྱི་རོལ་རང་བྱུང་གི་མཛེས་ཉམས་ལ་དཀྲི་བར་བྱ་དགོས་ལ། དེ་ལས་ཀྱང་ཁ་པར་དང་བརྙན་འཕྲིན་ལ་བལྟ་དགོས་ཀྱང་། སྐབས་ཐོག་གི་སྤྲོ་སྣང་འཕེལ་བྱེད་ཀྱི་བྱ་བ་གང་དང་གང་ལ་ནི་མཚམས་དང་ཚིགས་ཀྱི་དབྱེ་བ་འཁོད་ནས། རང་སེམས་གཅུན་ནུས་པ་དང་རང་ཚོད་འཛིན་ཤེས་པ་ཞིག་སྐྱེད་སྲིང་བྱ་རྒྱུའང་མི་ཚེའི་སྦྱོང་བརྡར་གལ་ཆེན་ཞིག་ཡིན་ནོ། །
མདོར་ན། སྤྱི་བཤད་ལྟ་བུའི་བསམ་ཚུལ་འགའ་ཞིག་བཏོན་པ་ལ་ཡང་དག་བདེན་ཚོད་དུ་འཛིན་རུང་བའི་ཆ་དབེན་ནའང་། ཁྱིམ་བདག་རྣམས་ཀྱིས་སོ་སོའི་གནས་ཚོད་ལ་གཞིགས་ནས། བྱིས་པ་ལ་དགུན་གནང་གི་འཚོ་བ་ཡག་པོ་ཞིག་ཡོང་བར་རོགས་རམ་འདེགས་བྱ་རྒྱུ་ཞིག་ཏན་ཏན་ཡོད་པས། དེའི་ཐད་ལ་དྲན་སྐུལ་གྱི་ནུས་པ་ཙམ་ཐོན་རེ་ཡིན་པ་དགེ་གྱུར་ཅིག །