རྨ་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་ཡིན་པ་དང་། མཚོ་ངོས་ལས་མཐོ་ཚད་ལ་སྨི4200ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་སྟེང་འཚོ་བ་རོལ་བའི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དང་རང་བྱུང་ཁམས་ཆེན་མོ་འོ་ཆུ་བཞིན་གཅིག་ཏུ་འདྲེས་ཡོད་ལ། ཕུང་པོ་གཅིག་ཏུ་གྱུར་ཏེ། མི་སྡོད་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་པ་དེས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ལྟེ་གནས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན།
འབྲོག་པའི་སྒོ་རར་སྔར་མེད་བཀྲག་མདངས་རྒྱས་པ།
དགུན་གཞུང་གི་དུས་ཚིགས་འདིར། གསར་འགོད་པ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ཉི་མ་ལུང་སྡེ་བར་སོང་བ་ཡིན། རྒྱང་རིང་ནས་བལྟས་ན། རི་ལྡེབས་སུ་ཆགས་པའི་འབྲོག་ཁྱིམ་དག་ནི། གངས་རི་དང་རྩྭ་ཐང་ལ་འདྲེས་པ་དེ་ནི། དྭངས་གཙང་ལྷིང་འཇགས་དང་། མཛེས་ཤིང་ཡིད་དབང་འཕྲོག་པའི་གངས་ལྗོངས་མཐོ་སྒང་གི་རི་ཐང་མཛེས་ལྗོངས་རི་མོ་ཞིག་དང་མཚུངས་པས། “ཐག་རིང་གི་གྲོང་ཚོ་མག་མོག་ཏུ་སྣང་ཡང་། གྲོང་ཚོའི་ནང་གི་དུ་བ་ལང་ལོང་དུ་འཕྱུར”ཞེས་པའི་གནའ་བོའི་སྙན་ཚིག་དང་ར་འཕྲོད་པར་གྱུར།
“ད་ལྟའི་རྣམ་པ་འདི་ཁོ་ནར་བལྟ་མི་རུང་སྟེ། སྔོན་ཆད་གཞུང་ལམ་གྱི་གཡས་གཡོན་ཀུན་ཏུ་འགྱིག་དམ་དང་། ཤེལ་ཆག་ཟེགས་མ་དང་། འཚོ་བའི་གད་སྙིགས་ཀྱིས་ཁེངས་ནའང་། ལོ་འདི་དག་ལ་མི་རྣམས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ཀྱི་ཤེས་བྱ་མང་པོ་ཞིག་ཤེས་སོང་བས། གོང་གི་གནས་ཚུལ་དེ་ཇེ་ཉུང་དུ་གྱུར།”ཉི་མ་ལུང་སྡེ་བའི་འབྲོག་དམངས་ཚེ་གཟུངས་ཀྱིས་སེམས་པ་སྤྲོ་བཞིན་དེ་ལྟར་བཤད།
2019ལོར། རྨ་ཆེན་རྫོང་གིས“བཅུ་ཅན”ཏང་འཛུགས་སྐྲུན་གྱི་དཔེ་དབྱིབས་ཏེ། ཏང་འཛུགས་སྐྲུན་བྱ་བ་ལམ་ལུགས་ཅན་དང་། མང་ཚོགས་ཅན། ས་ཁོངས་ཅན། སྟབས་བདེ་ཅན། ཐོན་སྐྱེད་ཅན། འཚོ་བ་ཅན། གནད་ཁེལ་ཅན། བྱེ་བྲག་ཅན། དུས་རབས་ཅན། དངོས་ཕན་ཅན་བཅས་བྱེད་ཐབས10ཡི་ལམ་ནས་སྐུལ་འདེད་བཏང་། ཞང་གྲོང་དང་། སྡེ་བ་རིམ་པ་གཉིས་ཀས་ས་དེའི་ལས་བྱེད་པ་དང་མང་ཚོགས་ཐུན་མོང་གིས་བསྐྲུན་པའི་ཁོར་ཡུག་སྲུང་སྐྱོབ་དང་འཕྲོད་བསྟེན་དཔྱད་དཔོག་ཆེད་དམིགས་བྱ་བའི་ཚན་ཆུང་བཙུགས་ཏེ། རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་དང་ཁོར་ཡུག་སྲུང་སྐྱོབ“གཉིས་ཀ་མཉམ་འཛིན”བྱེད་པར་སྐུལ་ལྕག་བཏང་བས། སྐྱེ་ཁམས་ཁོར་ཡུག་དང་མི་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་དག་ཐེར་བཅོས་སྐྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར།
ཉི་མ་ལུང་སྡེ་བར་ཐོན་པ་ན། དཀར་ཆ་དོད་པའི་སྡེ་དམངས་ཀྱི་སྡོད་ཁང་མཐོང་ཚེ། གསར་འགོད་པའི་བག་ཆགས་ཁྲོད་ཀྱི“འབྲོག་པའི་ཁྱིམ་ཚང”དང་ཅུང་ཟད་མི་འདྲ་བར་འདུག སྡེ་དམངས་ཚོས་བཤད་ན། “ལོ་འདི་གཉིས་ལ། སྡེ་བའི་ཁོར་ཡུག་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སོང”ཟེར་ལ། ང་ཚོ་སངས་རྒྱས་སྒྲོལ་མ་ཚང་ལ་ཐོན་པ་ན། ལུས་ལ་གཟབ་མཆོར་སྤྲས་པའི་ཁྱིམ་བདག་མས་ཁྱིམ་དུ་བསུས་ཤིང་། ཁྱིམ་ཚང་གི་སྒོ་རའི་ནང་གཙང་ཞིང་གྲ་དག་ལ། འགྲུལ་ཁང་ནང་གི་སྣོད་ཅ་ལག་བསྒྲིགས་པ་ལེགས་ཤིང་། ཐག་སྒམ་ནང་གི་ཇ་ཕོར་དང་དཀར་ཡོལ་ལས་འོད་མདངས་འཕྲོ་ཞིང་། བཀྲག་མདངས་བཀྲ་བའི་འཁོར་སྐྱོད་འཕྲོད་བསྟེན་དར་ཆ་ཞིག་གྱང་སྟེང་གི་ཀུན་གྱིས་མཐོང་བའི་གནས་སུ་བཀལ་ཡོད། “ང་ཚོའི་ཁྱིམ་ཚང་གི་སྒོ་ཁར་ཆེད་སྤྱོད་གད་སྙིགས་ཁུག་མ་བཞག་ཡོད་པ་དང་། སྡེ་བའི་ནང་གཏན་འཁེལ་གྱི་དུས་ཚོད་ནང་སྒོ་ཁ་གཙང་སེལ་བྱེད་པའི་གད་སྙིགས་དབོར་འདྲེན་རླངས་འཁོར་ཡོད་ལ། ང་ཚོར་སྐབས་དེར་གད་སྙིགས་དག་ནང་དུ་འཕེན་པའི་ལས་ཀ་ཙམ་མ་གཏོགས་མེད།”
“སྔོན་ཆད། འབྲོག་ཁྱིམ་གྱི་སྒོ་རའི་ནང་ས་ལུད་དང་། ཤིང་ཆ་དང་ལྕགས་ལེབ་དང་ཅ་ལག་ཆབ་ཆོབ་སྤུངས་འདུག་པ་དང་། ཡར་ལངས་དུས་མལ་ཐུལ་ལྟེབས་པའི་གོམས་གཤིས་མེད་པར། ནངས་ཇ་འཐུང་རྗེས་ལུག་འཚོ་རུ་བུད་འགྲོ། མི་སྒེར་གྱི་གཙང་སྦྲ་དང་ཁྱིམ་གྱི་ཁོར་ཡུག་ལ་དོ་སྣང་ཆེན་པོ་མི་བྱེད།”ཅེས་རྟ་བོ་གྲོང་རྡལ་གྱི་ཀྲིན་ཀྲང་སྒྲོལ་མས་དེ་ལྟར་བཤད་སོང་།
ལོ་གཉིས་ཀྱི་རིང་ལ། སངས་རྒྱས་སྒྲོལ་མ་ཚང་དང་འདྲ་བར། རྨ་ཆེན་རྫོང་གི་འབྲོག་དམངས་མང་པོ་ཞིག་གི་སྡོད་གནས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། འབྲོག་པའི་སྒོ་ར་སྔར་ལས་མཛེས་པར་གྱུར་བ་དང་། འབྲོག་པ་རྣམས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཤར་བ་མཐོང་བྱུང་།
མང་ཚོགས་ཀྱི་སྣེ་ཁྲིད་དེ་ལུགས་སྲོལ་གསར་པ་བསྐྲུན་པ།
ཉེ་བའི་ལོ་འགའི་རིང་ལ། ཁོར་ཡུག་དག་ཐེར་བཅོས་སྐྱོང་ཁྲོད་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱེད་ཆེད་དང་། ས་དེའི་སྡོད་དམངས་ཀྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་བྱས་ཏེ། འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་དེ་མི་རེ་རེའི་རང་འགུལ་བྱ་སྤྱོད་དུ་བསྒྱུར་བ་དང་། རྨ་ཆེན་རྫོང་གིས་ཁྱིམ་ཚང་དང་། སྒོ་ར་དང་མི་སྒེར་འཕྲོད་བསྟེན་བཅས་ལ་དཔྱད་བསྡུར་གཟེངས་བསྟོད་བྱ་འགུལ་སྤེལ། ཟླ་རེར་འཁོར་སྐྱོད་དར་དམར་སྤྲོད་པ་དང་། པར་རིས་སྤྱི་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱོགས་གཅིག་ནས་དཔེ་མཚོན་གསོ་སྐྱོང་དང་། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་ཕན་ཚུན་སློབ་སྦྱོང་བྱས་པས། ཕན་ཚུན་སྐུལ་འདེད་ཀྱི་མཁའ་དབུགས་ཆགས་པར་མ་ཟད། ཁོར་ཡུག་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་ཡིན་པའི་ཟ་ཟུར་ཐམས་ཅད་གསལ་རྗེན་དུ་བཏོན་པ་དང་། འཕྲོད་བསྟེན་འདུ་ཤེས་ཅུང་ཞན་པའི་འབྲོག་པ་མང་ཚོགས་ལ་སྐབས་རེར་གྲོང་པ་ཁྱིམ་མཚེས་དང་ཡུལ་མིའི་སྔུན་དུ“ངོ་ཚ”ཐེངས་རེ་གཏད་དེ། མང་ཚོགས་ཀྱིས་རང་རྟོགས་ངང་ཁོར་ཡུག་འཕྲོད་བསྟེན་བྱ་བ་ལེགས་པོར་བསྒྲུབ་པར་ལྟ་སྐུལ་བྱས།
སངས་རྒྱས་སྒྲོལ་མ་ཚང་གི་སྔོན་ཆད་ཀྱི་འཚོ་བའི་གོམས་གཤིས་སྐབས་དེ་ནས་བཟུང་འགྱུར་མགོ་ཚུགས་པ་ཡིན་ལ། “ཁྱིམ་ཚང་དུ་གད་བདར་མང་པོ་བྱས་ན། སྔར་ལས་གཙང་མར་འགྱུར་བ་དང་། རྒན་པ་དང་བྱིས་པ་ཚང་མར་ལག་པ་བཀྲུ་བའི་གོམས་གཤིས་ཆགས་ཤིང་། འཚོ་བའི་ཁྲོད་གཙང་སྦྲར་དོ་སྣང་བྱས་ན། མི་ཕྱུགས་ཀུན་ལ་ནད་འབྱུང་ཚད་ཇེ་ཉུང་དུ་གྱུར”སངས་རྒྱས་སྒྲོལ་མས་ཚོར་སྣང་ཟབ་མོའི་སྒོ་ནས་དེ་ལྟར་བཤད།
སྡེ་བ་གཅིག་པའི་བཀྲ་ཤིས་ལྷུན་གྲུབ་ཚང་དུ་སོང་བ་ན། འབུད་རྫས་ཁང་དང་། རླངས་འཁོར་འཇོག་ཁང་། མཛོད་ཁང་ཚང་མ་འཛོམས་པོ་ཡིན་ལ། ནང་དུ་འཚོ་བ་དང་ཐོན་སྐྱེད་ཀྱི་ཅ་ལག་སྒྲིག་པ་གྲལ་དག་ཡིན་པ་དང་། གོ་རིམ་ལྡན་པར་མ་ཟད། ཕྱུགས་ཁང་ནང་དུ་ད་རུང་དབུགས་འཕུད་རླུང་གཡབ་འགའ་འཁོར་གྱིན་ཡོད། དེ་རིང་ནི་གཏན་འཁེལ་གྱི་ཉིན་མོ་ཡིན་པས། བཀྲ་ཤིས་ལྷུན་གྲུབ་ཀྱིས་སྔ་མོ་ནས་ལྕི་བ་འདྲུད་པའི་རླངས་འཁོར་གཏན་འཁེལ་ས་གནས་སུ་བསྐོར་ཡོང་ནས། ལྕི་བ་རླུང་གིས་བསྐམས་རྗེས་རེ་རེ་བཞིན་རླངས་འཁོར་ནང་དུ་ལྡུག་པར་བསྒུགས་ནས་བསྡད་ཡོད། མཇུག་མཐར་ཡོངས་རྫོགས་མཛོད་ཁང་ནང་བརྩིགས་ཏེ། དགུན་སྐྱེལ་གྱི་འབུད་རྫས་བྱས། མགོ་རྩོམ་སྐབས་བཀྲ་ཤིས་ལྷུན་གྲུབ་དེ་འདྲ་གོམས་ལོབས་སུ་གྱུར་མེད་ཀྱང་། ཟླ་འགར་རྒྱུན་འཁྱོངས་བྱས་པ་བརྒྱུད་ནས། ཁོའི་གོམས་གཤིས་སུ་གྱུར་ཏེ། ད་ལྟ་སྡེ་བའི་ནང་གི་ཁོར་ཡུག་འཕྲོད་བསྟེན“ཕུལ་བྱུང་འབྲོག་ཁྱིམ”གྱི་གྲས་སུ་གྱུར་ཡོད།
ཁོར་ཡུག་དག་ཐེར་བཅོས་སྐྱོང་གི་གྲུབ་འབྲས་དེ་གཙོ་བོ་མང་ཚོགས་ལ་རག་ལས། འབྲོག་ཁྱིམ་རྣམས་ཁ་ཐོར་དུ་ཡོད་པ་ལ་བསམས་ཏེ། རྨ་ཆེན་རྫོང་གི་ཞང་གྲོང་སོ་སོས་སྔ་གཞུག་ཏུ་བུད་མེད་ཁོར་སྲུང་ཚན་ཆུང་དང་། རྟ་རྒྱབ་དྲིལ་སྒྲོག་རུ་ཁག འཕྲུལ་རྟའི་སྒྲོག་བཤད་རུ་ཁག་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་ཚན་ཆུང་བཙུགས་ཏེ། དུས་རྒྱུན་འབྲོག་ཁྱིམ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཕྲོད་བསྟེན་བདེ་ཐང་གི་དྲིལ་སྒྲོག་བྱ་བ་སྤེལ།
“ང་ཚོས་ལོ་ངོ་མང་པོར་ཕྱུགས་ཟོག་འཚོས་པ་ཡིན། གལ་ཏེ་དེ་དག་གིས་ང་ཚོས་འགྲོ་ཞོར་འདུག་ཞོར་དུ་ཐང་ལ་གཏོར་བའི་གད་སྙིགས་ཟོས་ཏེ་ཤི་ན། ཅི་འདྲའི་སེམས་སྐྱོ་བ་ཞིག་རེད་ཨང་། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རང་གི་སྒོ་ཕྱུགས་ལ་སྲུང་སྐྱོབ་བྱེད་པ་རེད ”ལས་སྒྲུབ་པ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས། གོ་སླ་བའི་སྐད་ཆས་དཔེ་འཇོག་པ་དང་། གནས་ལུགས་བཤད་པ། ཡང་དང་བསྐྱར་དུ་སྲིད་ཇུས་འགྲེལ་བཤད་རྒྱག་པ་བཅས་བྱས་པས། སྡེ་དམངས་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ཤེས་པར་གྱུར་ལ། ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་རང་རང་ས་ནས་འགུལ་སྐྱོད་བྱས།
ས་ཁོངས་ཡོངས་ཀྱི་ཁོར་ཡུག་གཙང་སྦྲར་བཅོས་སྐྱོང་བྱེད་བཞིན་པ།
ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་བྱ་བ་བསྒྲུབས་པ་བརྒྱུད། རྨ་ཆེན་རྫོང་གི་ཞང་གྲོང་སོ་སོས་མང་ཚོགས་ཀྱི“ཁྱིམ་ཚང་སོ་སོས་རང་ཚང་གི་སྒོ་ཁ་ཁོ་ནའི་ཁ་བ་འཕྱག་བཞིན་འདུག”ཅེས་པའི་བསམ་བློ་བསྒྱུར་ཏེ། མང་ཚོགས་ཁོར་སྲུང་བྱ་བར་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ལེགས་པོ་ཐེབས་ཤིང་། འབྲོག་དམངས་ཀྱིས་རང་འགུལ་ངང་སྡེ་བའི་གཙང་སྦྲ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་རང་རྟོགས་ཅན་དུ་གྱུར་ནས། སྡེ་བ་དང་གྲོང་རྡལ་སོ་སོའི་ས་ཁོངས་ནང་གི་ཁོར་ཡུག་འཕྲོད་བསྟེན་ལ་དུས་བཅད་ལྟར་བཅོས་སྐྱོང་བྱས་པར་མ་ཟད། ད་དུང་མང་ཚོགས་སྐུལ་སློང་བྱས་ཏེ་རྫོང་ཁོངས་ཀྱི་གད་སྙིགས་གཙང་སེལ་བྱས་ཤིང་། ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་མཉམ་འཛིན་བྱས།
བརྗིད་ཆགས་མཛེས་སྡུག་ལྡན་པའི་ཨ་མྱེས་རྨ་ཆེན་གྱི་རི་ཞོལ་དུ། “བཅུ་ཅན”ཏང་འཛུགས་སྐྲུན་ཆེད་དམིགས་ལས་སྒྲུབ་ཚན་ཆུང་གི་ཁོངས་མི་དང་། ནགས་སྲུང་པ། རྩྭ་སྲུང་པ་བཅས་ཀྱིས་རྩྭ་ཐང་དང་། གཞུང་ལམ་དུ་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད།
གྲོང་རྡལ་ས་ཁུལ་དུ། སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་དག་གིས་ས་ཁུག་ཀྱོག་རེ་རེར་སོང་སྟེ“གླང་ཤུ”བརྡ་ཁྱབ་དང་། ལམ་ངོས་བཀྲུ་བ། འཚོ་བའི་གད་སྙིགས་གཙང་སེལ་དང་ས་སྦས་སོགས་བྱེད་བཞིན་ཡོད།
ཆུ་བོའི་འགྲམ་དང་མཚོ་འགྲམ། སྐྱེ་ཁམས་ཁོར་སྲུང་པས་སྐོར་ཞིབ་བྱེད་པའི་ལམ་བར་དུ། ཆུ་འགྲམ་གྱི་གད་སྙིགས་འཐུ་བཞིན་ཡོད།
ས་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡང་དང་ཡང་དུ་རང་རྟོགས་ངང་གད་སྙིགས་བཏུས་ཤིང་། ལྗང་མདོག་ཐོན་སྐྱེད་དང་འཚོ་བའི་རྣམ་པ་བསྒྱུར་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བའི་ཁྲོད། རྨ་ཆེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཇེ་ཉུང་དུ་སོང་བ་དང་། བཅོས་སྐྱོང་གྲུབ་འབྲས་སྔར་ལས་མངོན་གསལ་དུ་གྱུར་ལ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་རང་རྟོགས་རང་བཞིན་ཟམ་མི་ཆད་པར་ཇེ་མཐོར་ཕྱིན་པ་དང་། འགུལ་སྐྱོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན་པ་བཅས་ཀྱིས། ཇུས་ཤུགས་མཉམ་འདོན་དང་། མཉམ་འཛིན་དོ་དམ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། །