གྲགས་པ། རྔ་བ་རྫོང་།
དེ་ཡང་། ཁམས་ཀྱི་ཡུལ་ལུང་གྲགས་ཅན་དར་རྩེ་མདོ་ནི་ཆུ་གཉིས་ཀྱི་འདུས་མདོ་དང་། རི་མཐོན་པོ་གསུམ་གྱི་འགག་མདོ། ལྟག་སྒོ་གསུམ་གྱི་སྦྲེལ་མཚམས་སུ་ཆགས་ཡོད་དེ། ཆུ་གཉིས་ནི་རྒྱུ་ལ་ནས་བཞུར་བའི་རྒྱུ་ཆུ་དང་། བཞག་བྲ་ལྷ་རྩེའི་རི་རྒྱུད་ནས་བཞུར་བའི་གཡག་ཆུ་གཉིས་ཡིན། རི་གསུམ་ནི་ལྷ་མོ་རྩེ(ལ་མོ་རྩེ། གདན་ཐོག་རི་བོ། རྟ་རྒྱུགས་རི་བོ། ཕག་མོའི་རི།)དང་། འཛམ་བྲག་རི་བོ།(འབྲོང་བྲག་རི་བོ། )ཨ་ལེགས་འབུར་སྒང(ཨ་ལེགས་བུ་སྒང་། ཨ་ལི་འབུར་སྒང་། ཨ་ཎི་བུ་སྒང་།)གསུམ་ཡིན། ལྟག་སྒོ་གསུམ་ནི་ཤར་རྒྱ་ཡུལ་ལྟག་སྒོ་དང་། ལྷོ་མི་ཉག་ལྟག་སྒོ། བྱང་གཡག་རྭ་ལྟག་སྒོ་ཞེས་ལུང་པ་ཆེན་པོ་གསུམ་ལ་ལྟག་སྒོ་གསུམ་དུ་འབོད་སྲོལ་སྣང་ཞིང་། དར་རྩེ་མདོ་ནི་གནས་དེ་དག་གི་མདོ་རུ་ཆགས་ཡོད། འདི་ལ་མདོ་དང་། དར་མདོ། དར་རྩེ་མདོ། ཚོང་འདུས་ནོར་བུ་གླིང་སོགས་མིང་རྒྱས་བསྡུས་སྣ་ཚོགས་ཤིག་འབོད་སྲོལ་འདུག་ཅིང་། འདིར་དར་རྩེ་མདོའི་བྱུང་བ་མདོ་ཙམ་ཞུས་ན།
དང་པོ། དར་རྩེ་མདོ་ཞེས་པའི་ཐ་སྙད།
དར་རྩེ་མདོ་ཞེས་པའི་ཐ་སྙད་འདི་ནི། ལྷོ་བྲག་དཔའ་བོ་གཙུག་ལག་ཕྲེང་བའི(1504-1566)《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། དེ་ནས་གནས་སྒོ་བ་སོགས་བུམ་འབོར་བ་རྣམས་དང་ཀྲེ་ཀམ་ཁྱིམ་ཕྲིས་ཀྱི་གདན་ས་པ་དང་ལྕགས་མོ་ཀྲེ་བོ་སོགས་ཤར་དམར་རྫ་སྒང་པ་རྣམས་དང་དར་རྩེ་མདོའི་མི་ཆེན་དང་མི་ཉག་རབ་སྒང་གི་ལྷ་སྡེ་མི་སྡེ་ཆེན་པོ་རྣམས་ཀྱིས་སྔ་ཕྱིར་གསོལ་བ་ལན་དུ་མ་བཏབ་པས། ཞེས་དང་། མི་ཆེན་གྲགས་པ་རྒྱལ་མཚན་སོགས་དར་རྩེ་མདོ་པ་དང་འགུ་ཐོས་ཀྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་མཆོད་སྤྲིན་མཐའ་ཡས་པས་མཆོད། ཅེས་དང་། སྤྱིར་མདོ་སྨད་ཀྱི་སྐྱེ་བོ་ཐམས་ཅད་དད་པ་ལ་བཀོད་ཅིང་ཤིན་དུ་ཧོའི་རྒྱལ་པོ་དང་དར་རྩེ་མདོའི་མི་ཆེན་སོགས་རྒྱའི་བློན་ཆེན་མང་པོ་དང་རྒྱལ་བུ་དུ་མས་མཆོད། ཅེས་དང་། ཞིང་གི་མི་ཆེན་གྱིས་སྤྱན་དྲངས་ཏེ་དར་རྩེ་མདོར་ཕེབས། ཞེས་དར་རྩེ་མདོའི་སྐོར་གསལ་པོར་བྱུང་ཡོད་པ་དང་། མི་ཉག་ཐུབ་བསྟན་ཆོས་དར་གྱིས་བརྩམས་པའི《ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་གསལ་བའི་མེ་ལོང》ལས། ལྕགས་ལའི་རྒྱལ་ས་དར་རྩེ་མདོ་ཞེས་པའི་ཐ་སྙད་དེ་ལ་མཁས་པ་རྣམས་ཀྱིས་འགྲེལ་ཚུལ་མི་འདྲ་བ་འགའ་ཞིག་བྱུང་འདུག་སྟེ། དེའང་དུས་རབས་བཅུ་དགུ་པའི་ནང་ལྕགས་ལ་རྒྱལ་པོའི་དབུ་བློན་དབལ་གསས་སྐྱབས་པའི་ཁྱིམ་དུ་སྐུ་འཁྲུངས་པའི་ཤཱཀྱའི་དགེ་སློང་སྐལ་བཟང་བདུད་འདུལ་གྱི《རང་རྣམ》ལས། དར་གྱི་རྩེ་མོ་འདུས་པའི་མདོ་འདི་ལ། །ཚོང་འདུས་ནོར་བུ་གླིང་ཞེས་བདག་གི་ཡུལ། །དེའི་མིང་ངེས་ཚིག་ཅུང་ཟད་གླེང་བ་ན། །རྒྱ་བོད་ཟུང་གི་ཆོས་སྲིད་ལུགས་གཉིས་ཀྱི། །སྲོལ་ནི་ཤིན་ཏུ་དར་བས་དར་ཞེས་བརྗོད། །དེ་ཡང་རྒྱ་བོད་ཟུང་ལ་ཕན་ཚུན་དུ། །ཐོག་མར་འབྱུང་བའི་རྩེ་མོ་ལྟ་བུར་རྩེ། །ཆུ་ཟུང་འདུས་པའི་མདོ་ལ་མདོ་ཞེས་གྲགས། །རྒྱ་བོད་ཧོར་སོག་ཚོང་པ་ཀུན་འདུས་པའི། །གྲོང་ཁྱེར་ཡིན་པས་ཚོང་འདུས་མིང་དུ་ཐོབ། ། རྒྱ་བོད་ཆོས་སྲིད་གང་ལ་མཁོ་བ་ཡི། །ཕུན་ཚོགས་འདོད་དགུ་མ་ལུས་འབྱུང་བས་ན། །ནོར་བུ་གླིང་ཞེས་ཆོས་མཚུངས་སྒྲོ་བཏགས་མིང་། །ཞེས་གསུངས་པས་ཆོས་སྲིད་དང་ཆུ་བོ་སོགས་ལ་སྦྱར་ནས་འགྲེལ་བཤད་གནང་བའོ། །ཞེས་དང་། ཉེ་ལམ་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་མཛད་པའི《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》(རྒྱ་ཡིག)ལས། དར་ནི་དར་ལྕོག རྩེ་ནི་རྩེ་མོ། མདོ་ནི་ཆུ་གཉིས་ཀྱི་མདོ། དར་ལྕོག་གི་འོག་ཆུ་གཉིས་ཀྱི་མདོར་གནས་པས་དར་རྩེ་མདོ་ཟེར། ཞེས་གསུངས་པས་དར་ལྕོག་དང་ཆུ་བོ་ལ་སྦྱར་ནས་འགྲེལ་བཤད་གནང་བའོ། །ཞེས་གསལ་བ་ལས་དར་རྩེ་མདོ་ཞེས་པར་ངེས་ཤེས་རགས་ཙམ་འདྲོང་ནུས་སོ། །
ཡང་ཡིག་ཆ་དེར། དུས་རབས་ཉི་ཤུ་པའི་ནང་དུ་བྱོན་པའི་མི་ཉག་མགོན་པོས་མཛད་པའི《འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་ཚལ》ལས། དར་རྩེ(རྩི)མདོ་ཞེས་པ་མི་ཉག་གི་སྐད་དེ། དར་ནི་གོས་དར་དང་། རྩི་ནི་སྨན་གྱི་དོན་ཡིན་པས། རྒྱ་བོད་བར་གོས་དར་དང་སྨན་རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་ཟེར། ཞེས་གསུངས་པས་ཚོང་ར་དང་སྦྱར་ནས་འགྲེལ་བཤད་གནང་བའོ། །ཞེས་དར་རྩི་མདོ་ཞེས་པར་འགྲེལ་གནང་བ་དང་། དར་མདོའི་སྒོ་བྱང་རེ་ལའང་ལྷ་མོ་རྩི་ཞེས་གི་གུ་བྲིས་ཡོད་པར་མཐོང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། དར་རྩེ་མདོ་ཞེས་ཐེངས་བཞི་ཙམ་ལ་བྱུང་ཡོད་ཀྱང་། དར་རྩི་མདོ་ཞེས་གི་གུ་ཅན་བྲིས་པ་ཧ་ལམ་མི་སྣང་བ་དང་། 《ཉང་ཆོས་འབྱུང》དུའང་། རྒྱ་དར་རྩེའི་ཚོང་འདུས། ཞེས་གསལ་ཡང་། མི་ཉག་མགོན་པོའི་འགྲེལ་ཚུལ་དེ་ལྟ་བུ་མི་སྣང་བས་འགྲེལ་ཚུལ་དེ་ནི་སྔོན་གྱི་ཡིག་ཆ་དང་མི་མཐུན་པར་ཕྱིས་འབྱུང་གི་འགྲེལ་སྟངས་གསར་པ་ཞིག་ཡིན་ནམ་སྙམ་ཡང་དེ་ལའང་རྒྱུ་མཚན་འདྲེན་དུ་ཡོད་པས་དཔྱད་པར་བྱ་བའི་གནས་སོ། །
ད་དུང་། 《ཉང་ཆོས་འབྱུང》དུ། རྒྱ་དར་རྩེ་ཞེས་བྲིས་པ་དང་། ཡུལ་འདི་རྒྱ་ཡུལ་དང་ཐག་ཉེ་བས་དར་རྩེ་མདོ་ཞེས་པ་འདིའང་བོད་སྐད་དངོས་ཡིན་མིན་ལ་སོམ་ཉིས་བལྟ་བ་ནི་སེམས་ཁྲལ་ལྷག་མ་ཞིག་ཏུ་འཁུམས་ཏེ། 《ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་གསལ་བའི་མེ་ལོང》ལས། བདག་གི་ལྟ་ཚུལ་ནི། དར་རྩེ་མདོ་ཞེས་པ་འདི་བོད་སྐད་ཡིན་པ་ནི་སྨོས་ཅི་དགོས། མ་ཟད་གྲོང་ཁྱེར་འདི་ཆུ་གཉིས་དང་རི་གསུམ་གྱི་མདོར་ཆགས་ཡོད་པས་མདོ་ཞེས་མིང་བཏགས་པ་ལ་རྩོད་པ་གང་ཡང་མ་མཆིས། དར་རྩེ་ཞེས་པའི་ཚིག་འབྲུ་གཉིས་པོའི་ཐད་ཀའི་གོ་དོན་ནི་དར་རྒྱས་དང་རྩེ་མོའི་དོན་ཡིན་པ་ཀུན་ལ་གསལ། དེ་ལྟར་བཏགས་པའི་རྒྱུ་མཚན་འདི་ཡིན་ཞེས་ཁ་ཚོད་གཅོད་པའི་སྤོབས་པ་བདག་ལ་མ་མཆིས་མོད། འོན་ཀྱང་དར་རྩེ་མདོའི་མདུན་རི་ལ་ལྷ་མོ་རྩེ་ཞེས་འབོད་པའི་གངས་རི་མཛེས་ཤིང་བརྗིད་ཆགས་པ། ཁ་དོག་མི་འདྲ་བའི་མཚོ་རིགས་ལྔས་བསྐོར་བ་ཞིག་ཡོད་པས། རྩེ་ཞེས་པ་དེ་མདུན་རིའི་མིང་དང་འབྲེལ་བ་ཞིག་ཡོད་སྲིད་དོ། །ཞེས་པ་ལྟར་བོད་རང་གི་ཡུལ་ལུང་ལ་བོད་རང་གི་འགྲེལ་ཚུལ་གོ་སླ་བར་ཡོད་པས་དར་རྩེ་མདོ་ཞེས་པ་མི་རིགས་གཞན་གྱི་སྐད་མིན་པ་ནི་རྟོགས་སླ་ཞིང་། 《ཉང་ཆོས་འབྱུང》དུ། རྒྱ་དར་རྩེ་ཞེས་དེའང་ཇ་དར་རྩེ་ལ་ནོར་བ་ཡིན་སྲིད་དེ། གནའ་སྔོན་མར་གནས་འདིར་ཇ་ཡི་ཚོང་ར་ཤིན་ཏུ་དར་བས་ཡུལ་འདི་ལའང་ཇ་དར་རྩེ་མདོ་དང་ཇ་གྲོང་དང་། ཇ་ཡུལ་ཞེས་གྲགས་པར་ལྟག་ཨོ་རྒྱན་ཆོས་འཕེལ་གྱིས་གསུངས་སོ། །
གཉིས་པ། དར་རྩེ་མདོའི་ལོ་རྒྱུས་འཕེལ་རིམ།
ལོ་རྒྱུས་སྟེང་དར་རྩེ་མདོ་ནི། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རིགས་རྒྱུད་དུ་གཏོགས་པ་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་སའམ་གནས་གཞི་གཙོ་བོ་སྟེ་ལྟེ་བ་ལྟ་བུ་ཡིན་ཞིང་། གནའ་སྔ་མོར་གནས་འདི་ནི་བོད་ཀྱི་འབྲོག་ས་ཞིག་ཡིན་པ་ནི། 《ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་གསལ་བའི་མེ་ལོང》ལས། རྒྱ་བོད་ཀྱི་ལོ་རྒྱུས་དང་དམངས་ཁྲོད་ཀྱི་བཤད་རྒྱུན་བཅས་ལ་དཔག་ན། ཐོག་མར་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་རིགས་ལས་མཆེད་པའི་འབྲོག་སྡེ་ཞིག་གི་དགུན་ས་ཡིན་པར་གསལ། དེའང་དར་མདོའི་གྲོང་གི་ལུང་སྟོད་དང་རི་སྒང་རྣམས་ས་ཁམས་མཐོ་ཞིང་བསིལ་དང་ལྡན་པ་དང་། དར་མདོའི་གྲོང་ནི་རི་བོ་དང་ཤིང་ནགས་ཀྱིས་ཡོངས་སུ་བསྐོར་བས་འབྲོག་པའི་དགུན་སའི་མཚན་ཉིད་ཚང་བ་ཞིག་ཡིན། དེར་མ་ཟད་གནའ་ནས་ད་ལྟའི་བར་དར་མདོ་གྲོང་སྡེའི་ཁོངས་སུ་གཏོགས་པའི་འབྲོག་པའི་འཚོ་བ་ལ་བརྟེན་པ་གཉའ་ལུང་མགོ་པ་དང་ལྕེ་ཐོག་སྡེ་པ་བཅས་ཡོད། ཅེས་དང་། མདོ་གྲོང་འདི་རྒྱ་བོད་སོགས་ཀྱི་འགྲིམ་འགྲུལ་གྱི་ལྟེ་བའམ་འགག་མདོར་ཁེལ་ཡོད་པས། རིམ་གྱིས་གྲོང་ཁྱེར་དང་ཚོང་ར་ཞིག་ཏུ་གྱུར་ཡོད་པར་མངོན་ཏེ། ལོ་རྒྱུས་ཀྱི་ཐོ་བཀོད་སོགས་ལ་དཔག་ན། བོད་བཙན་པོའི་སྐབས་དང་། བོད་སིལ་བུའི་སྐབས་དང་། ས་སྐྱའི་སྐབས་དང་། ཕག་གྲུའི་སྐབས་དང་། དགའ་ལྡན་ཕོ་བྲང་གི་སྐབས་རྣམས་སུ་རིམ་གྱིས་རྒྱ་བོད་སོགས་ཕྱོགས་འདུས་ཀྱི་ཚོང་ར་རྒྱ་ཆེར་དར་ཡོད་པར་མངོན་ནོ། །གླིང་གེ་སར་གྱིས་རྒྱ་ནག་ཇ་རྫོང་ཕབ་ནས་ཇ་ཡི་ཚོང་ར་སྤེལ་ས་ཡང་དར་རྩེ་མདོ་ཡིན་པར་བཤད། མདོར་ན་དར་མདོའི་གྲོང་སྡེ་འདི་ཆགས་ནས་མི་ལོ་སྟོང་ཕྲག་བརྒྱུད་ཡོད་པ་གསལ་ལོ། །ཞེས་པ་ལྟར་ལགས་ཤིང་། དུས་ད་ལྟའང་ཡུལ་འདིའི་ཉེ་འཁོར་དུ་ལྷད་མ་ཞུགས་པའི་འབྲོག་སྡེ་གཙང་མ་གནས་མུས་སུ་མཆིས་སོ། །
གཞན་ཡང་། ལྟག་ཨོ་རྒྱན་ཆོས་འཕེལ་ལྟར་ན། དར་མདོ་འདི་ནི་གནའ་སྔ་མོར་རྒྱ་བོད་གཉིས་ཀྱི་ཚོང་འདུས་ཀྱི་ལྟེ་གནས་ཡིན་པ་དང་། ལྷག་པར་ཇ་དང་རྟ་སྐྱེལ་འདྲེན་བྱེད་པའི་འགག་མདོ་ལྟ་བུར་གྱུར་ཏེ་ཇ་རྟའི་ཚོང་ར་ཤིན་ཏུ་རྒྱས་པས། སྔོན་འདི་གའི་ཇ་ལམ་མམ་རྟ་ཇ་ཚོང་ལམ་ལ་ལྷོ་ལམ་དང་བྱང་ལམ་གཉིས་ཡོད་པ་ལས། ལྷོ་ལམ་ནི་ཉག་ཆུ་ནས་ལི་ཐང་དང་། འབའ་ཐང་། སྨར་ཁམས་དང་། ཆབ་མདོ་བརྒྱུད་དེ་ལྷ་ལྡན་དུ་སྐྱེལ་བའི་ལམ་ཡིན་པ་དང་། བྱང་ལམ་ནི་མགར་ཐར་བརྒྱུད་དེ་རྟའུ་དང་། བྲག་འགོ། དཀར་མཛེས་ནས་ཆབ་མདོ་བརྒྱུད་དེ་ལྷ་ལྡན་དུ་སྐྱེལ་བའི་ལམ་ཡིན་པར་མ་ཟད། ད་དུང་གཡག་རྔ་ནས་ཟུང་ཆུ་དང་རྔ་བ་བརྒྱུད་དེ་སྐྱེལ་བའི་ཇ་ལམ་ཞིག་ཀྱང་ཡོད་འདུག་ལ། དེང་སང་ཇ་ལམ་མང་པོ་ཞིག་རླངས་འཁོར་ལམ་གྱིས་བཀབ་ཟིན་ནའང་། ཇ་ལམ་རྙིང་པ་མང་པོ་ཞིག་ད་རུང་མཐོ་སྒང་གི་རི་ཀླུང་ཁྲོད་མཐོང་དུ་ཡོད་པར་བཤད་དོ། །
གསུམ་པ། དར་རྩེ་མདོའི་ད་ལྟའི་གནས་བབ།
དར་རྩེ་མདོ་ནི་དེང་སང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གནས་གཞི་ཡིན་ལ། དར་རྩེ་མདོའི་ཕྱོགས་བཞིར་ལྕགས་ཟམ་ཁ་དང་། བརྒྱད་ཟིལ་དང་མུ་ལི། ཉག་ཆུ། རྟའུ་སོགས་ལ་སྦྲེལ་ནས་ཡོད་པའི་བོད་རིགས་ས་ཁུལ་རིན་ཐང་ཅན་ཞིག་ཡིན། དར་རྩེ་མདོའི་གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.16ཡོད་པ་དང་། སྤྱི་ལོ2017ལོའི་བར་དར་མདོ་གྲོང་ཁྱེར་གྱི་མི་གྲངས་ལ་བསྡོམས་པས135861ཡོད་པ་དེའི་ནང་གི་བརྒྱ་ཆའི71.54བོད་རིགས་ཀྱིས་བཟུང་ཡོད་པ་དང་། བོད་རིགས་སོགས་མི་རིགས23ཙམ་འདུས་སྡོད་བྱས་ཡོད་པར་སྣང་། མི་རིགས་མི་འདྲ་བ་དེ་དག་གིས་སོ་སོའི་རིག་གནས་དང་དད་མོས་སོགས་ནི་སོ་སོས་རྒྱུན་འཛིན་དང་དར་སྤེལ་གཏོང་གིན་ཡོད་དེ། བོད་ཀྱི་ཆོས་བརྒྱུད་ཁག་གི་དགོན་པ་དང་ལྷ་ཁང་མཆོད་རྟེན་སོགས་སྣ་ཚོགས་ཡོད་པར་མ་ཟད། གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་དང་། ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཁང་། ཁ་ཆེའི་ཆོས་ལུགས་ཀྱི་ལྷ་ཁང་སོགས་གཏན་ཆགས་སུ་གནས་ཡོད་པ་འདི་དག་ནི། དེང་སང་གློ་བུར་གསར་དུ་ཐོན་ཡོང་བ་ཙམ་མ་ཡིན་པར་གནའ་སྔོན་མ་ནས་ཆོས་ལུགས་མི་གཅིག་པ་དང་། སྐད་དང་ཡི་གེ་མི་འདྲ་བ། མི་རིགས་ཐ་དད་སོ་སོ་ཡིན་པ་མང་པོས་ཚོང་འདུས་བྱེད་ཡུལ་དང་འགྲོ་འོང་འདུ་འཛོམས་ཀྱི་འགག་མདོ་ཆེན་པོ་ཞིག་ཡིན་པས་ཡིན་ནོ། །