“རྗེས་སུ‘སྤྲིན་ཚོགས་ལས་སྟེགས’ཡོད་ཚེ། ཉག་ཆུ་ཡི་བེ་ཤ་རེ་རེ་ལ‘བདེ་ཐང་ཨང་རྟགས’ཡོད་པ་དང་། དེའི་སྤུས་ཀ་ལ་སྔར་ལས་འགན་ལེན་བྱེད་ཐུབ”ཅེས་ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་རྫོང་དཔོན་གཞོན་པ་ཅང་ཞའོ་ཝུའེ་ཡིས་ཉག་ཆུ་ཡི་བེ་ཤའི་ཐོན་ལས་གཞི་གྲངས་ཅན་གྱི་མཐོར་འདེགས་རྣམ་གྲངས་ཀྱི་འོས་འགུགས་འཇོན་འགུགས་ཀྱི་ལས་ལ་བྲེལ་བཞིན་དེ་ལྟར་བཤད།
ན་ནིང་ཉག་ཆུ་རྫོང་དང་ཧང་ཀྲོའུ་གྲོང་ཁྱེར་ཧྲང་ཁྲིན་ཆུས་ཀྱིས་ཤར་ནུབ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་གྱི་ཆ་སྒྲིག་འབྲེལ་བ་གཏན་འཁེལ་བྱས་ཤིང་། ལོ་གཅིག་གི་རིང་། ཧྲང་ཁྲིན་ཆུས་ཀྱིས་ཐོན་ལས་རོགས་སྐྱོར་དང་། རིག་སྟོབས་རོགས་སྐྱོར། དམངས་འཚོ་འགན་ལེན་དང་ལེགས་བཅོས། རིག་གནས་སློབ་གསོའི་རོགས་སྐྱོར་སོགས་ལ་དམིགས་ནས་ལས་དོན་སྤེལ་ཏེ། ཉག་ཆུའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་བརྒྱ་ལྷག་དང་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྒོར་ཁྲི་བརྒྱ་ལྷག དེ་བཞིན་གྲོང་གསེབ་དར་སྤེལ་ལ་ཁ་ཕྱོགས་གཏན་འཁེལ་བྱེད་པའི་ཞལ་འདེབས་སྒོར་ཁྲི120ལྷག་བཅས་ཕུལ་ནས། “ཁྲི་བརྒྱ་གསུམ”གྱིས་ཉག་ཆུའི་གྲོང་གསེབ་དར་སྤེལ་ཐད་སྐུལ་འདེད་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ད་ལོར་ཕྱོགས་གཉིས་ཀྱིས་སླར་ཡང་ཉག་ཆུའི“ཀྲུང་གོའི་བེ་ཤའི་ཕ་ཡུལ”ཞེས་པའི་སྤུས་རྟགས་ལ་དམིགས་ནས་གཞི་གྲངས་ཅན་གྱི་ཐོན་ལས་རིམ་སྤོར་དང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ། རྨང་གཞིའི་སྒྲིག་ཆས་སྒྱུར་བཀོད་སོགས་ཀྱི་ཐད་ཚོད་ལྟ་གསར་བ་རབ་དང་རིམ་པ་བྱས་ཡོད། མིག་སྔར་ཉག་ཆུ་ཡི་བེ་ཤའི་ཐོན་ལས་ཀྱི་གཞི་གྲངས་ཅན་གྱི་མཐོར་འདེགས་རྣམ་གྲངས་དེ“གཞི་གྲངས་དཀར་མཛེས”འཛུགས་སྐྲུན་བྱ་ཡུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།
ཅང་ཞའོ་ཝུའེ་ཡིས་ངོ་སྤྲོད་ལྟར་ན། ཉག་ཆུ་ཡི་བེ་ཤའི་ཐོན་ལས་གཞི་གྲངས་ཅན་གྱི་ལས་སྟེགས་བསྐྲུན་རྗེས་གླིང་ཁུལ་རེ་ལ་ཨང་གཤེར་རེ་དང་། དུད་ཚང་རེ་ལ་ཨང་གཤེར་རེ། སྤུས་རྟགས་རེ་ལ་ཨང་གཤེར་རེ་སོགས་ཀྱི་ཐོག་ནས་ཉག་ཆུའི་བེ་ཤ་དང་དེ་བཞིན་ཤ་མོའི་རིགས་གཞན་དག་ལ་བརྒྱུད་རིམ་ཧྲིལ་པོའི་ཐོན་རྫས་ཚོད་འཛིན་ཁུངས་འདེད་རྒྱུ་ཡིན་ཞིང་། ཉག་ཆུ་ནས་ཐོན་པའི་བེ་ཤ་སོགས་ཤ་མོའི་རིགས་ཀྱི་ཐོན་རྫས་ལ“བདེ་ཐང་གི་ཨང་རྟགས”སྦྱར་ནས། ཨང་གཤེར་བྱས་རྗེས་ཁོར་ཡུག་གི་ཆ་འཕྲིན་དང་། ཤ་མོ་འཐུ་མཁན་གྱི་ཆ་འཕྲིན། ཐོན་རྫས་ཀྱི་ཆ་འཕྲིན་སོགས་མཐོང་ཐུབ་ཅེས་བསྟན།
གཞི་གྲངས་ཅན་གྱི་མཐོར་འདེགས་དེ་ཞབས་ཞུ་དང་འཁོར་རྒྱུག གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་ལྷུ་ཚིགས་མང་པོར་རྒྱ་བསྐྱེད་དེ། ཞིང་དུད་ཀྱིས་ཁྱིམ་དུ་ཐོན་ལས་མཐུན་ཚོགས་དང་ཞིང་ལས་ལག་རྩལ་ཆེད་མཁས་མི་སྣའི་རྒྱང་རིང་གི་མཛུབ་ཁྲིད་དང་ལེན་བྱེད་ཐུབ་པ་མ་ཟད། ཐད་ཀར་དུ་ཉོ་སྒྲུབ་ཚོང་པ་དང་མཁོ་སྤྲོད་ཚོང་པ་དང་སྦྲེལ་མཐུད་བྱེད་ཐུབ། །