སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ནས།། ན་ཆུང་སྤྱོད་ཡོན་གཉིས་དང་ལྡན་པར་བྱ།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-14



སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ནས།། ན་ཆུང་སྤྱོད་ཡོན་གཉིས་དང་ལྡན་པར་བྱ།།

སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་འགྲིམ་འགྲུལ་ཉེན་རྟོག་པས་སློབ་མ་ཚོར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་ཤོག་བྱང་སྤྲོད་བཞིན་པའི་ཚུལ།


དཔྱིད་དཔལ་བུ་མོའི་འཛུམ་དཀར་ཁྲོད་ནས་དཔྱིད་ཀྱི་དཔེ་ཀློག་དུས་ལ་སླེབས།སློབ་དུས་གསར་པ་ནི་ཕུགས་འདུན་སྒྲུབ་པའི་འགོ་འཛུགས་ས་གསར་པ་ཞིག་ཡིན་ལ། སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ནི་སློབ་དུས་གསར་པའི་གཞི་ཚུགས་ས་ཡིན། སྤྱི་ཟླ་གསུམ་པར་རང་ཁུལ་དར་མདོ་གྲོང་ཁྱེར་སློབ་ཆུང་ཁག་གི་སློབ་དུས་གསར་པའི་སློབ་འགོ་ཚུགས་པའི་ཉིན་དང་པོའི་སློབ་ཚན་དང་པོའི་དྲིལ་བརྡས་དགུན་ཚིགས་གུང་སེང་གཉིད་ལས་དཀྲོགས་ཡོད།

སློབ་དུས་གསར་པ་འགོ་ཚུགས་མ་ཐག་ང་ཚོས་ངེས་པར་དུ་བདེ་འཇགས་ཨང་དང་པོར་གཞག་དགོས་ཞེས་དར་མདོ་གྲོང་ཁྱེར་ཧུར་རིགས་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ་གཉིས་པའི་འཛིན་བདག་ཧུའེ་ཆིན་གྱིས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ཐོག་སློབ་ཕྲུག་ཚོར་རླངས་འབར་བདེ་འཇགས་དང་རིམས་ནད་འགོག་ཟོན་གྱི་ཤེས་བྱ་སློབ་ཁྲིད་བྱས་ཡོད། དར་མདོ་གྲོང་ཁྱེར་ཧུར་རིགས་སློབ་ཆུང་གི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་འཛིན་གྲྭ་ཁག་གི་སློབ་མ་ཚོས་ངའི་མིག་ལམ་དུ་ཡོད་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲགས་ཅན་མི་སྣ་དང་།རླངས་འབར་བདེ་འཇགས་སྒྲོག་འགྲེལ།མེ་ཟོན་བདེ་འཇགས་ཤེས་བྱ་སོགས་འདུས་པའི་སློབ་ཚན་གསོན་ཉམས་དོད་ལ་དོན་སྙིང་ལྡན་པ་ཞིག་ཁྲིད་ཡོད། སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ཞེས་པ་དེ་སློབ་གྲོགས་ཚོས་མཉམ་སྤྱོད་དང་སྒྲོག་འགྲེལ། དེ་གར་ཡོད་པའི་སློབ་གྲོགས་ཚོས་ཀྱང་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དང་རླངས་འབར་བདེ་འཇགས་སོགས་ཀྱི་ཤེས་བྱ་ཤེས་རྟོགས་གཏིང་ཟབ་བྱུང་ཡོད།

སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་ཕྲུ་གུ་ཚོར་དམིགས་བསལ་གྱི་ལག་རྟགས་ཤིག་སྤྲོད་ཐུབ་པར་མ་ཟད།སྤྱི་ཚོགས་ཡོངས་ཀྱིས་ཕྲུ་གུ་ཚོར་བཅངས་པའི་བརྩེ་སེམས་ཟབ་མོ་གསོན་ཉམས་དོད་ལ་ཕུན་སུམ་ཚོགས་པའི་ངང་ནས་མངོན་ཐུབ་ཡོད་ཅེས་དར་མདོའི་གྲོང་ཁྱེར་ཧུར་རིགས་སློབ་ཆུང་གི་སློབ་གཙོ་ཡུས་ལུའུ་ལེ་ཡིས་བཤད། སློབ་དུས་གསར་པ་འགོ་ཚུགས་པ་དེའང་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་ཟླ་བའི་བྱེད་སྒོ་དང་ཏག་ཏག་འཁེལ་ཡོད་ཅིང་།ཁོས་སློབ་དུས་གསར་པར་ལེ་ཧྥེང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་དཀའ་སྤྱད་དང་།གོམས་གཤིས།ཤེས་དཔལ།ལུས་རྩལ་བཅས་ཀྱི་ས་བོན་སློབ་གྲོགས་ཚོའི་སེམས་རྒྱུད་ལ་བཏབ་ཅིང་། སློབ་སྦྱོང་ཧུར་ཐག་དང་གཟུགས་པོ་ཐང་དུ་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དགོས་པའི་ལྕག་སྐུལ་གནང་ཡོད།

དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་སློབ་ཆུང་གི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཨ་ཁུ་ཨ་ནེ་ཚོར་བསུ་མ་བྱས་ཡོད། སློབ་མ་ཚོས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་མང་པོ་ཤེས་ཡོད། སྐུ་མགྲོན་དམིགས་བསལ་བ་ཨ་ཁུ་ཨ་ནེ་རྣམས་ཀྱིས་དཔེ་མཚོན་དྲངས་པ་དང་དྲི་བར་ལན་བཏབ་ནས་སློབ་མ་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་གསལ་བཤད་བྱས་ཡོད། སློབ་མ་མི་རེ་ངོ་རེས་འགྲིམ་འགྲུལ་ཁྲིམས་སྲོལ་བརྩི་སྲུང་ཞུ་དགོས་ཤིང་།གཞུང་ལམ་བརྒྱུད་སྐབས་མི་ལམ་དུ་འགྲོ་བ་དང་།རླངས་འཁོར་ལ་སྡོད་དུས་ཉེན་སྲུང་སྒྲོག་ཐག་རྒྱག་པ།ལམ་ལ་འགྲོ་དུས་རྗེས་འདེད་རྩེ་མོ་རྩེད་མི་ཉན་པ་དང་འགྲིམ་འགྲུལ་གློག་དམར་ཤར་དུས་འགྲོ་མཚམས་བཞག་པ། གྱང་ལ་མི་འཛེག་པ། ཚད་དང་མཐུན་པའི་འགྲིམ་འགྲུལ་ནང་ཞུགས་མཁན་དང་ཡ་རབས་འགྲིམ་འགྲུལ་ཁྱབ་སྤེལ་བྱེད་མཁན་ཞིག་བྱ་དགོས་པ་བཅས་ཀྱི་མངགས་བཅོལ་བྱས་ནས་སློབ་ཕྲུག་ཚོས་ཆུང་དུས་ནས་འགྲོ་སྐྱོད་ཡ་རབས་ཀྱི་འགྲིམ་འགྲུལ་འདུ་ཤེས་བཅང་དགོས་པའི་རེ་བ་བཏོན་ཡོད།

སློབ་དུས་གསར་པའི་ཉིན་དང་པོར་སློབ་མ་ཚོས་འགྲིམ་འགྲུལ་ཉེན་རྟོག་པའི་ཨ་ཁུ་ཨ་ནེ་ཚོ་དང་ཐུག་འཕྲད་བྱས་པ་དེ་ནི་ཆུ་ཚོད8དང་སྐར་མ30ལ་སློབ་གྲྭར་འགྲོ་བའི་དུས་ཚོད་ཏག་ཏག་ཡིན་ཏེ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་སློབ་གྲྭར་སྲུང་སྐྱོང་གི་ལས་གནས་དངོས་སུ་འགོ་ཚུགས་ཡོད་པ་རེད། སློབ་མ་སློབ་གྲྭར་ཕྱིར་ལོག་སྐབས་ཀྱི་འགྲིམ་འགྲུལ་བདེ་སྲུང་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་བསྒྲུབ་བྱེད་པ་དང་སློབ་གྲྭའི་མཐའ་སྐོར་གྱི་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱ་ཆེད། དར་མདོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་རང་འགུལ་ངང་སློབ་གསོའི་སྡེ་ཚན་དང་འབྲེལ་མཐུད་བྱས་པར་མ་ཟད།སློབ་གྲྭ་དང་འབྲེལ་མཐུད་གནད་སྨིན་བྱས་ནས་སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག་བཟོས་ཡོད།སྤྱི་ཟླ3པའི་ཚེས5ཉིན་ནས་བཟུང་སློབ་གྲྭ་སྲུང་བའི་ལས་དོན་སླར་གསོ་བྱས་པ་དང་། ལས་དོན་དེ་ཡང་དཔྱིད་དུས་ཀྱི་སློབ་དུས་རྒྱུན་མཐུད་ངང་སྤེལ་ནས་སློབ་མ་སློབ་གྲྭར་ཕྱིར་ལོག་པའི་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ་སློབ་མ་སློབ་གྲྭར་སྐྱོད་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་བྱས་ཡོད།

རྒྱུན་རྣམ་ཅན་གྱི་རིམས་ཚུལ་འགོག་ཟོན་དུས་བབ་འོག་སློབ་གྲྭར་ཕྱིར་ལོག་བྱེད་མཁན་དགེ་སློབ་ཚོའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དེ་མི་སྒེར་གྱི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ཚན་རིག་དང་མཐུན་པ་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། དར་མདོ་གྲོང་ཁྱེར་ཧུར་རིགས་སློབ་ཆུང་གི་ཉིང་སྐྱུར་འཚོལ་བསྡུ་བྱ་ཡུལ་དུ་ཁུལ་མ་བུ་འཕྲོད་སྦྱོར་ཁང་གི་སྨན་དོན་མི་སྣ14ཡིས་སློབ་གྲྭའི་སློབ་མ་དང་དགེ་རྒན། ལས་བཟོ735ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་འཚོལ་བསྡུ་ལས་དོན་སྤེལ་ཡོད། དར་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་འགོག་ཟོན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།དར་མདོ་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གིས་རྒྱུན་གཏན་དང་གོ་རིམ་ལྡན་པའི་ངང་སློབ་གྲྭར་བསྐྱར་ལོག་གི་ལས་དོན་སྤེལ་ནས་དགེ་སློབ་ཡོངས་དང་ལས་བཟོ་ཚོའི་བདེ་ཐང་ཉེན་མེད་ལ་འགན་ལེན་བྱ་ཆེད།སློབ་དུས་གསར་པའི་ཉིན་དང་པོར་དར་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྨན་དོན་མི་སྣ་གཅིག་གྱུར་འཆར་འགོད་བྱས་ནས་གྲོང་ཁྱེར་གྱི་སློབ་གྲྭ20ལྷག་ཙམ་གྱི་དགེ་སློབ15859བསྐྱར་དུ་ལོག་པར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1