དུས་རབས་གསར་པའི་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་ གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-15


ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཡིན། ལོ་བརྒྱའི་རིང་གི་འབད་འཐབ་ཀྱི་གོ་རིམ་ནང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། ཤེས་ལྡན་མི་སྣ་དང་མཐུན་སྒྲིལ། ཤེས་ལྡན་མི་སྣར་སྣེ་ཁྲིད། ཤེས་ལྡན་མི་སྣ་འཇོན་ཐང་ཅན་ཆགས་ཐུབ་པ་བཅས་ལ་མཐོང་ཆེན་བྱེད་པ་དང་། ཕྱོགས་གང་ཅིའི་ཤེས་ལྡན་མི་སྣ་དང་མཐུན་སྒྲིལ་དང་དེར་རྒྱབ་སྐྱོར་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་བྱས་རྗེས་བཞག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣ་ནི་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་དབང་ཟིན་པའི་འཐབ་ཇུས་ཀྱི་ཐོན་ཁུངས་ཡིན་པའི་གནད་ཆེའི་བརྡར་ཤ་བཅད་པ་དང་། ཤེས་ལྡན་མི་སྣ་སྒོ་ཀུན་ནས་སྐྱེད་སྲིང་དང་། ནང་འདྲེན། བཀོལ་སྤྱོད་བཅས་བྱེད་པའི་གནད་ཆེའི་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་སྤེལ་བཏང་ཡོད། དང་པོ། ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ང་ཚོས་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་དང་། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་དང་། ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གོ་གནས་གཏན་འཁེལ། གནད་ཆེའི་ཤེས་ལྡན་མི་སྣའི་ལས་གྲྭའི་སྣ་ཁྲིད་ཀྱི་ནུས་པ་འདོན་སྤེལ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་སྤེལ། རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་། ས་ཁུལ་ཁག་དང་ལས་ཁུངས་ཁག་གིས་ཤེས་ལྡན་མི་སྣའི་ལས་དོན་འཛིན་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བྱུང་མ་མྱོང་བ། བྱ་གཞག་གོང་སྤེལ་དང་སྲིད་ཇུས་གསར་གཏོད་ཀྱིས་ཤེས་ལྡན་མི་སྣར་བསྐྲུན་པའི་ཆ་རྐྱེན་སྔར་བྱུང་མ་མྱོང་བ། ཤེས་ལྡན་མི་སྣས་རང་རྒྱལ་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ་སྔར་བྱུང་མ་མྱོང་བ་བཅས་ལ་བརྟེན་ནས། ཀྲུང་ཧྭའི་ས་གཞི་ཆེན་པོ་འདི་ཉིད་རིགས་ཁག་གི་ཤེས་ལྡན་མི་སྣ་རྣམས་ཀྱི་འཇོན་ཐང་ངོམ་ས་ཆེན་པོ་ཡོད་ལ་འཇོན་ཐང་ངོམ་ཡང་ཐུབ་ངེས་ཡིན་པའི་གཤིན་སར་འགྱུར་བཞིན་ཡོད། གཉིས་པ། ཤེས་ལྡན་མི་སྣའི་དཔུང་སྡེ་མགྱོགས་པོར་རྒྱ་ཇེ་ཆེར་ཕྱིན་པ། རྒྱལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་བསྡོམས་འབོར་2010ལོའི་མི་དུང་ཕྱུར་1.2ནས་2019ལོའི་མི་དུང་ཕྱུར་2.2ལ་འཕར་སྣོན་བྱུང་བ་དང་། དེའི་ནང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་ནི་མི་ཁྲི་5550.4ནས་མི་ཁྲི་7839.8ལ་འཕར་སྣོན་བྱུང་ཡོད། རིགས་ཁག་གི་ཞིབ་འཇུག་གསར་སྤེལ་མི་སྣའི་དུས་ཚོད་ཧྲིལ་པོའི་རན་ཚད་ལོ་རེར་མི་ཁྲི་480ཟིན་ཏེ་འཛམ་གླིང་གི་ཨང་དང་པོར་གནས་ཡོད། གསུམ་པ། ཤེས་ལྡན་མི་སྣའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཤེས་ལྡན་མི་སྣས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་གཏོང་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཕམ་རྟིང་རྩོད་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ། ས་ཁོངས་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་སོགས་རྒྱལ་ཁབ་ཀྱི་གནད་ཆེའི་འཐབ་ཇུས་དང་གནད་ཆེའི་ལས་དོན་ལ་ཞབས་འདེགས་ཞུས་ཏེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་ནི་གྲངས་འབོར་བསགས་པ་ནས་སྤུས་ཚད་འཕར་བ་དང་། གནས་གཅིག་ཅན་ནས་མ་ལག་ཚང་བར་ཐོད་བརྒལ་བྱུང་བའི་ནུས་པ་ཆེ་རུ་ཕྱིན་ཡོད། བཞི་པ། ཤེས་ལྡན་མི་སྣའི་བལྟོས་འཇོག་དགེ་མཚན་བརྟན་པོའི་ངང་ཆེ་རུ་ཕྱིན་པ། རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་ཐད་ཀྱི་གྲོན་དངུལ་བཏང་ཚད་2012ལོའི་སྒོར་དུང་ཕྱུར་ཁྲི་1.03ནས་2020ལོའི་སྒོར་དུང་ཕྱུར་ཁྲི་2.44ལ་འཕར་སྣོན་བྱུང་སྟེ། འཛམ་གླིང་གི་ཨང་གཉིས་པར་གནས་ཡོད། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་སོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ལྟར་ན། རང་རྒྱལ་གྱི་ཨང་རིམ་དེ་2012ལོའི་ཨང་34པ་ནས་2021ལོའི་ཨང་12པར་མགྱོགས་པོར་འཕར་ཡོད། དོན་དངོས་དེ་དག་ལས་གསལ་པོར་བསྟན་ཡོད་པ་ནི། རང་རྒྱལ་ལ་གཞི་ཁྱོན་ཆེ་ཞིང་བྱང་ཚད་མཐོ་བ་དང་། གྲུབ་ཚུལ་བསྟུད་མར་ལེགས་སྒྱུར། བྱེད་ནུས་ཉིན་བཞིན་འབུར་དུ་ཐོན་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་བདག་ཏུ་བཟུང་ཡོད་པ་དང་། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་ལས་དོན་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པ་ཞིག་ཏུ་གནས་ཡོད་པ་དེ་ཡིན། ད་ལྟ་རང་རྒྱལ་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འཐབ་ལམ་གསར་པའི་སྟེང་སླེབས་ཡོད་པས། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་དམིགས་འབེན་དང་ཐག་ཉེ་བར་གྱུར་ཡོད་པ་དང་། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཤེས་ལྡན་མི་སྣ་དགོས་གལ་ཆེ་བར་གྱུར་ཡོད། ཆུ་ཚད་མཐོན་པོའི་ཚན་རྩལ་རང་ཚུགས་རང་བཙན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་རྩ་ཡིན། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ནི་མཐར་གཏུགས་ནས་བཤད་ན་ཤེས་ལྡན་མི་སྣའི་འགྲན་རྩོད་ཡིན། ཤེས་ལྡན་མི་སྣ་ནི་རྒྱལ་ཁབ་ཅིག་གི་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་ཚད་འཇལ་བའི་སྟོན་གྲངས་གལ་ཆེན་ཞིག་ཡིན། ཤེས་ལྡན་མི་སྣ་ནི་རང་བརྟེན་གསར་གཏོད་ཀྱི་འགག་རྩ་ཡིན་པ་དང་། རྩེ་སོན་ཤེས་ལྡན་མི་སྣ་ནི་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་བདག་ཉིད་ཅན་ཡིན། རྒྱལ་ཁབ་འཕེལ་རྒྱས་གཏོང་ན་ཤེས་ལྡན་མི་སྣར་བརྟེན་དགོས་པ་དང་། མི་རིགས་དར་རྒྱས་གཏོང་ན་ཤེས་ལྡན་མི་སྣར་བརྟེན་དགོས། ང་ཚོས་ངེས་པར་དུ་ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་བསྐྱེད་དེ། ཤེས་ལྡན་མི་སྣའི་རང་བརྟེན་སྐྱེད་སྲིང་ལ་སྔར་བས་མཐོང་ཆེན་བྱེད་དགོས་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་འགྲན་རྩོད་ཀྱི་དགེ་མཚན་མགྱོགས་པར་བསྐྲུན་དགོས། ངེས་པར་རྟོགས་དགོས་པ་ཞིག་ནི། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་ལས་དོན་དེ་གནས་བབ་གསར་པ་དང་ལས་འགན་གསར་པར་བལྟོས་ན་ད་དུང་མི་འཚམ་པའི་གནས་མང་ཙམ་གནས་ཡོད། ཤེས་ལྡན་མི་སྣའི་དཔུང་སྡེའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་འབུར་ཐོན་ཡིན་པ་དང་། ཤེས་ལྡན་མི་སྣའི་སྲིད་ཇུས་ཀྱི་གནད་འཕིགས་ཆུ་ཚད་མཐོ་པོ་མེད་པ། ཤེས་ལྡན་མི་སྣ་གོང་དུ་སྤེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་ཐད་“མཐའ་མཇུག་གི་སྤྱི་ལེ་གཅིག་”ཐོགས་མེད་བདེ་བགྲོད་ཡོང་མེད་པ། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་སྐབས་དཔྱད་རྩོམ་ཁོ་ན་དང་། ལས་ཐོབ་ཁོ་ན། སློབ་རིམ་ཁོ་ན། བྱ་དགའ་ཁོ་ན་ལ་བལྟ་བའི་“ཁོ་ན་ལ་བལྟ་བ་བཞི་”སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་སོགས་རེད། གནད་དོན་དེ་དག་ལས་མི་ཉུང་བ་ཞིག་དུས་ཡུན་རིང་པོར་གནས་པའི་དཀའ་གནད་ཡིན་པས། བསྟུད་མར་སེམས་ཤུགས་ཆེན་པོ་སྤྱད་ནས་ཐག་གཅོད་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་2035ལོར་སླེབས་དུས་རང་རྒྱལ་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་དང་། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་རྒྱུའི་འཐབ་ཇུས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ཡོད། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་དགོས་ན། ངེས་པར་ཏང་གིས་ཤེས་ལྡན་མི་སྣ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཚན་རྩལ་མདུན་གནས་སུ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་གནད་ཆེའི་དགོས་མཁོར་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་དང་བཀོལ་སྤྱོད་ཡག་པོ་བྱེད་པ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་མགྱོགས་པོར་འཛུགས་སྐྲུན་བཅས་བྱས་ཏེ། 2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་དགོས་པ་དང་། 2050ལོར་སླེབས་དུས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་པ་བྱེད་པར་ཤེས་ལྡན་མི་སྣའི་རྨང་གཞི་ཡག་པོར་འདིང་དགོས། གཅིག དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ་དང་ཐབས་ཚུལ་གསར་པ་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་དོན་གང་ཡིན་པ་དང་། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཅེས་པ་གང་ཡིན་པ། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་གནད་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་ལན་ཟབ་མོ་བཏབ་ཡོད་པ་དང་། འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ་དང་ཐབས་ཚུལ་གསར་པ་རབ་དང་རིམ་པ་བཏོན་ཡོད། གཅིག་ནི་ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། བསྐལ་བརྒྱའི་དོན་ཆེན་བསྒྲུབ་ན་ཤེས་ལྡན་མི་སྣ་རྩ་བ་ཡིན། ཏང་གིས་ཤེས་ལྡན་མི་སྣ་བདག་གཉེར་བྱེད་དགོས་ན། ཏང་གིས་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་འགོ་ཁྲིད་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་བཙན་བྱེད་པར་སྐུལ་འདེད། ཤེས་ལྡན་མི་སྣའི་ལས་དོན་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་པར་ཤུགས་སྣོན། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣར་རྒྱབ་སྐྱོར་དང་རོགས་རམ། ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཤེས་ལྡན་མི་སྣ་འཇོན་ཐང་ཅན་དུ་ཆགས་ཐུབ་པ་བཅས་བྱེད་དགོས་པ་དང་། ཤེས་ལྡན་པ་རྟོགས་པའི་བློ་རིག་དང་། ཤེས་ལྡན་པར་གཅེས་པའི་ལྷག་བསམ། ཤེས་ལྡན་པ་སྤྱོད་པའི་བློ་ཁོག ཤེས་ལྡན་པར་བཟོད་པའི་བློ་རྒྱ། ཤེས་ལྡན་པ་འདུ་བའི་ཐབས་མཆོག་བཅས་ལ་བརྟེན་ནས་ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་གང་ཅིའི་ཕུལ་དུ་བྱུང་བའི་ཤེས་ལྡན་པ་ཏང་དང་མི་དམངས་ཀྱི་འབད་འཐབ་རླབས་པོ་ཆེའི་ནང་དུ་སྡུད་དགོས་པ་དང་། གཞི་ཁྱོན་ཆེ་ལ་གྲུབ་ཚུལ་ལུགས་དང་མཐུན་པ་དང་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་སྡེ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས། གཉིས་ནི་ཤེས་ལྡན་མི་སྣས་འཕེལ་རྒྱས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གོ་གནས་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་གནད་ཆེའི་འཐབ་ཇུས་ཡིན། ཤེས་ལྡན་མི་སྣ་ནི་གསར་གཏོད་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་ནི་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ནང་གི་རང་རྒྱལ་གྱི་སྟོབས་ཤུགས་གལ་ཆེན་དང་དགེ་མཚན་མངོན་གསལ་དོད་པོ་ཡིན། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་ནི་ངོ་བོའི་ཐོག་ནས་བཤད་ན་ཤེས་ལྡན་མི་སྣར་བརྟེན་ནས་སྐུལ་འདེད་གཏོང་བ་རང་ཡིན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་བཅོལ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་བཅས་བྱེད་དགོས་པ་དང་། ངེས་པར་དུ་ཤེས་ལྡན་མི་སྣའི་ཐོན་ཁུངས་འདོན་སྤེལ་བྱ་རྒྱུ་དེ་དམིགས་བསལ་གྱི་གོ་གནས་སུ་འཇོག་དགོས་ལ། འཐབ་ཇུས་ཐོག་གི་ཤེས་ལྡན་མི་སྣའི་སྟོབས་ཤུགས་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་ཤེས་ལྡན་མི་སྣའི་རྨང་གཞི་ཤུགས་བརྒྱབ་ནས་སྲ་བརྟན་གཏོང་དགོས། གསུམ་ནི་འཛམ་གླིང་གི་ཚན་རྩལ་མདུན་གནས་སུ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་གནད་ཆེའི་དགོས་མཁོར་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་དམིགས་འབེན་དང་ཁ་ཕྱོགས་ཡིན། རྒྱ་ཆེའི་ཚན་རིག་པ་དང་ཚན་རྩལ་ལས་དོན་པས་འཛམ་གླིང་ཚན་རྩལ་གྱི་འཕེལ་ཕྱོགས་ཆེན་མོའི་རྗེས་སུ་དམ་པོར་འབྲངས་པར་ངེས་པར་དུ་རྒྱབ་སྐྱོར་དང་སྐུལ་ལྕག་གཏོང་དགོས་པ་དང་། ཆུ་ཚད་རྩེ་གྲས་དང་ཚད་བསྡུར་བྱེད་དགོས་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕྲལ་ཡུན་གཉིས་ཀའི་དགོས་མཁོ་གཞིར་བྱས་ཐོག །རིགས་པའི་གཞུང་ལུགས་གསར་པ་འདོན་ཕོད་པ་དང་། ཁྱབ་ཁོངས་གསར་པ་གཏོད་ཕོད་པ། ཐབས་ལམ་གསར་པ་འཚོལ་ཕོད་པ། འཐབ་ཇུས་རང་བཞིན་དང་འགག་རྩར་གྱུར་པའི་གནད་ཆེའི་ཚན་རྩལ་གྲུབ་འབྲས་མང་ཙམ་འཐོན་པ། “སྐེ་བཙིར་བའི་”གནད་འགག་གི་སྲོག་ཤིང་ལག་རྩལ་བསྟུད་མར་འགག་སྒྲོལ། ཚན་རིག་ལག་རྩལ་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་བསྟུད་མར་དཔུང་སྐྱོད་བཅས་བྱས་ཏེ། དཔྱད་རྩོམ་གང་འབྲི་མེས་རྒྱལ་གྱི་ས་གཞི་ཆེན་པོའི་སྟེང་དུ་འབྲི་དགོས་ལ། ཚན་རྩལ་གྲུབ་འབྲས་གང་ཡོད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་བྱ་གཞག་ཐད་ལ་སྤྱོད་དགོས། བཞི་ནི་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་བཀོལ་སྤྱོད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་གཙོ་གནད་ལས་འགན་ཡིན། ངེས་པར་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་གདེང་ཚོད་བརྟན་པོ་འཆང་བ་དང་། ཚན་རྩལ་སྣེ་ཁྲིད་མི་སྣ་དང་གསར་གཏོད་དཔུང་སྡེ་རྩེ་གྲ་སྐྱེད་སྲིང་། རྒྱལ་སྤྱིའི་འགྲན་ཤུགས་མངའ་བའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་སྐྱེད་སྲིང་། ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་དང་བཀོལ་སྤྱོད་མཁས་པོ། བློ་ཁོག་ཆེན་པོས་ན་གཞོན་ཤེས་ལྡན་མི་སྣ་བཀོལ་སྤྱོད། གསར་གཏོད་ཀྱི་གསོན་ཤུགས་འདོན་སྤེལ། མཐོང་རྒྱ་བསྐྱེད་དེ་ཤེས་ལྡན་མི་སྣ་འདེམས་པ་དང་སྲོལ་གཅིག་རྐྱང་གི་རྒྱ་ལས་གྲོལ་ཏེ་ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་བྱེད་དགོས། ལྔ་ནི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་འགན་སྲུང་གལ་ཆེན་ཡིན། ངེས་པར་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། བཀོལ་སྤྱོད། གདེང་འཇོག ཞབས་ཞུ། རྒྱབ་སྐྱོར། བསྔགས་སྐུལ་སོགས་བྱེད་པའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་ཆ་གཏོར་བ་དང་། “ཁོ་ན་ལ་བལྟ་བ་བཞི་”ཡི་སྣང་ཚུལ་སེལ་བ། མི་བཀོལ་སྤྱོད་བྱེད་པོར་དབང་བསྐུར་བ། ཤེས་ལྡན་མི་སྣའི་འཆིང་ཐག་འགྲོལ་བ་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་ཤེས་ལྡན་མི་སྣའི་དགེ་མཚན་དང་ཚན་རྩལ་འགྲན་རྩོད་ཀྱི་དགེ་མཚན་དུ་སྒྱུར་བ་དང་། ཤེས་ལྡན་མི་སྣ་འཚར་ལོངས་བར་ཕན་པའི་གསོ་སྐྱོང་ལམ་སྲོལ་དང་། མི་ཚང་མས་གང་འཇོན་དེ་སྒྲུབ་བྱེད་པར་ཕན་པའི་བཀོལ་སྤྱོད་ལམ་སྲོལ། ཤེས་ལྡན་མི་སྣས་འཇོན་ཐང་མངོན་པར་ཕན་པའི་བསྔགས་སྐུལ་ལམ་སྲོལ། ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པ་ཡོང་རྒྱུར་ཕན་པའི་འགྲན་རྩོད་ལམ་སྲོལ་བཅས་མགྱོགས་མྱུར་ཆགས་པའི་ཐོག་ནས་ཤེས་ལྡན་མི་སྣ་རྣམས་ཚན་ཞིབ་དོ་དམ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྣ་ཚོགས་ཀྱི་འཆིང་རྒྱ་ལས་འགྲོལ་དགོས། དྲུག་ནི་ཕྱོགས་ཀུན་གྱི་མཁས་པ་ལས་སུ་བཀུག་ནས་སྤྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་གཞི་རྩའི་བླང་བྱ་ཡིན། ཀྲུང་གོ་འཕེལ་རྒྱས་འགྲོ་བར་འཛམ་གླིང་གི་ཤེས་ལྡན་མི་སྣ་དེའི་ནང་ཞུགས་དགོས་པ་དང་། ཀྲུང་གོ་འཕེལ་རྒྱས་འགྲོ་བ་དེས་འཛམ་གླིང་གི་ཤེས་ལྡན་མི་སྣ་ལ་གོ་སྐབས་འདོན་སྤྲོད་བྱེད་ཀྱི་ཡོད། ངེས་པར་དུ་སྔར་བས་ཧུར་བརྩོན་དང་སྔར་བས་སྒོ་འབྱེད་དང་སྔར་བས་གོ་ཆོད་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་སྲིད་ཇུས་ལག་བསྟར་དང་། གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་ཐོན་ཁུངས་བཀོལ་སྤྱོད་ཡག་པོ། ཉེ་བར་མཁོ་བ་དང་ཤིན་ཏུ་དཀོན་པའི་ཤེས་ལྡན་མི་སྣ་གནད་འཕིགས་ནང་འདྲེན། ཡིད་དབང་འགུག་ནུས་དང་རྒྱལ་སྤྱིའི་འགྲན་ཤུགས་ལྡན་པའི་ཤེས་ལྡན་མི་སྣའི་སྲིད་ཇུས་མ་ལག་ཆགས་པ་བཅས་བྱས་ཏེ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས། བདུན་ནི་ཤེས་ལྡན་མི་སྣ་བསམ་ཤེས་དང་གཅེས་སྤྲས། བརྩི་འཇོག བཀོལ་སྤྱོད་བཅས་བྱེད་པའི་ཁོར་ཡུག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཡིན། ངེས་པར་དུ་ཤེས་ལྡན་མི་སྣར་བརྩི་འཇོག་དང་། ཤེས་ལྡན་མི་སྣ་སྐོམ་པ་ཆུ་འདོད་ལྟར་འཚོལ་བའི་སྤྱི་ཚོགས་ཁོར་ཡུག་དང་། དྲང་གཞག་འདྲ་མཉམ་དང་འགྲན་རྩོད་ལེགས་འདེམས་བྱེད་པའི་ལམ་ལུགས་ཀྱི་ཁོར་ཡུག །ཐོབ་ཐང་འོས་འཚམ་དང་འགན་སྲུང་ནུས་ལྡན་ཡིན་པའི་འཚོ་བའི་ཁོར་ཡུག་བཅས་བསྐྲུན་གང་ཐུབ་བྱས་ཏེ། ཤེས་ལྡན་མི་སྣས་གཡེང་བ་མེད་པར་ལས་སྒོ་ལ་བརྩོན་ཞིབ་བྱེད་པར་ཆ་རྐྱེན་ཡག་པོ་བསྐྲུན་དགོས་པ་དང་། སྤྱི་ཚོགས་ཡོངས་སུ་བློ་སྟོབས་ཆེན་པོས་གསར་གཏོད་དང་། གསར་གཏོད་བྱེད་ཕོད་པ། གསར་གཏོད་ལ་ཁོང་ཡངས་བྱེད་ཐུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས། བརྒྱད་ནི་ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པའི་བསམ་པའི་སྣེ་ཁྲིད་དང་བསམ་བློའི་འགན་ལེན་ཡིན། ངེས་པར་དུ་སེམས་སུ་མེས་རྒྱལ་འཛིན་ཞིང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྒྱལ་གཅེས་སྙིང་སྟོབས་དང་། ཡང་རྩེར་འཛེགས་ཕོད་ཅིང་གཞན་གྱི་སྔོན་ལ་སྐྱོད་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས། བདེན་དོན་བརྩོན་ལེན་དང་རིག་གཞུང་ཞིབ་འཇུག་གཟབ་ནན་བྱེད་པའི་བདེན་འཚོལ་གྱི་སྙིང་སྟོབས། ཁེ་གྲགས་མི་བསམ་ཞིང་སེམས་ཕབ་ནས་ཞིབ་འཇུག་ལ་གཞོལ་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། བློ་སྡུད་འགག་སྒྲོལ་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་མཐུན་སྦྱོར་གྱི་སྙིང་སྟོབས། མི་འདེགས་ཀྱི་སྐས་ཐེམ་བྱེད་མོས་པ་དང་གསར་སྐྱེས་དོན་གཉེར་ཅན་གྱི་ལམ་འདྲེན་བྱེད་པའི་མི་གསོ་སྐྱོང་གི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། རིགས་ཁག་གི་ཤེས་ལྡན་མི་སྣ་རྣམས་ཀྱིས་བརྩོན་པ་ལྷོད་མེད་ཀྱིས་རྒྱལ་གཅེས་དང་འབད་བརྩོན་བྱེད་པ་དང་། སྙིང་རུས་ཆེན་པོས་གསར་འབྱེད་དང་གསར་གཏོད་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། གོང་གི་དོན་གནད་8པོ་ནི་ང་ཚོས་རང་རྒྱལ་གྱི་ཤེས་ལྡན་མི་སྣའི་བྱ་གཞག་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་གཏིང་ཇེ་ཟབ་ཏུ་བཏང་བ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་གྲ་རྒྱས་གོང་འཕེལ་གཏོང་དགོས། གཉིས། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས། མིའི་རིགས་ཀྱི་ལོ་རྒྱུས་སྟེང་། ཚན་རྩལ་དང་ཤེས་ལྡན་མི་སྣ་ནི་ནམ་ཡང་འཕེལ་ཕྱོགས་བཟང་པོ་ཡོད་ལ་ཤེས་དཔལ་གྱི་ཆུ་ཚད་མཐོ་ཞིང་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པའི་གནས་སུ་འདུས་ཡོད། དུས་རབས་16པའི་ཚུན་དུ་གོ་ལ་ཧྲིལ་པོར་སྔ་རྗེས་སུ་ཚན་རིག་དང་ཤེས་ལྡན་མི་སྣའི་ལྟེ་གནས་5ཆགས་ཡོད། གཅིག་ནི་དུས་རབས་16པའི་དབྱི་ཐ་ལི་རེད། རིག་རྩལ་བསྐྱར་དར་ལས་འགུལ་གྱིས་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ཀོ་པའེ་ཉིང་དང་། ཅ་ལི་ལུའེ། ཏ་•ཧྥེང་ཆི། ཝེ་ས་ལི་སོགས་ཚན་རིག་པ་འབོར་ཆེན་བྱུང་བ་དང་། 《སྐར་མའི་གོ་ལའི་འཁོར་སྐྱོད་སྨྲ་བ་》དང་། 《མི་ལུས་ཀྱི་གྲུབ་ཚུལ།》 གནམ་རིག་རྒྱང་ཤེལ་སོགས་ཚན་རིག་གི་བརྩམས་ཆོས་གྲགས་ཅན་དང་ཚན་རིག་གི་ཤེས་རྟོགས་འབོར་ཆེན་ཐོན་པ་རེད། གཉིས་ནི་དུས་རབས་17པའི་དབྱིན་ཇི་རེད། ཕེ་ཀེན་ཉམས་མྱོང་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་“ཤེས་བྱ་ནི་སྟོབས་ཤུགས་ཡིན་”ཞེས་པའི་འདུ་ཤེས་ཀྱིས་ཚན་རིག་མགྱོགས་མྱུར་ཡར་ཐོན་ཡོང་བར་བྱས་པ་དང་། ཉིའུ་ཏུན་དང་པོ་དབྱི་ཨེར་སོགས་ཚན་རིག་མཁས་དབང་བྱུང་ཞིང་། ཤུགས་རིག་པ་དང་རྫས་འགྱུར་རིག་པ་སོགས་རིག་ཚན་མང་པོ་བཏོད་དེ། བཟོ་ལས་གསར་བརྗེ་ཐེངས་དང་པོར་སྐུལ་འདེད་བྱེད་པའི་སྣེ་ཁྲིད་པར་ཆགས་པ་རེད། གསུམ་ནི་དུས་རབས་18པའི་ཧྥ་རན་སི་རེད། བློ་འབྱེད་ལས་འགུལ་གྱིས་ཚན་རིག་ལ་རེ་སྨོན་བྱེད་པའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཞིང་། ལ་ཀོ་ལང་རི་དང་། ལ་ཕུའུ་ལ་སི། ལ་ཝ་ཞི། ཨན་ཕེ་སོགས་ཀྱིས་ཚབ་བྱེད་པའི་ཕུལ་དུ་བྱུང་བའི་ཚན་རིག་པ་འབོར་ཆེན་བྱུང་བ་དང་། དབྱེ་ཞིབ་ཤུགས་རིག་པ་དང་། ཚ་ཤུགས་རིག་པ། རྫས་འགྱུར་རིག་པ་སོགས་རིག་ཚན་གྱི་ཁྱབ་ཁོངས་སུ་གྲུབ་འབྲས་མི་དམན་པ་བཞག་པ་རེད། བཞི་ནི་དུས་རབས་19པའི་འཇར་མན་རེད། དེར་ཨའེ་དབྱིན་སི་ཐན་དང་། ཕུའུ་ལང་ཁོ། ཨོའུ་མུའུ། ཀའོ་སི། ལི་མན། ལི་པི་ཞི། ཧུ་ཧྥུ་མན་སོགས་ཚན་རིག་པ་འབོར་ཆེན་བྱུང་བ་དང་། བལྟོས་བཅས་སྨྲ་བ་དང་། ཚད་རྡུལ་ཤུགས་རིག་པ། སྐྱེ་ལྡན་རྫས་འགྱུར། ཕྲ་ཕུང་རིག་པ་སོགས་གནད་ཆེའི་ཚན་རིག་གི་རིགས་པའི་གཞུང་ལུགས་བཏོད་པ་རེད། ལྔ་ནི་དུས་རབས་20པའི་ཨ་མེ་རི་ཀ་རེད། ཧྥེ་སྨི་དང་ཧྥེང་•ནོ་དབྱི་མན་སོགས་རྩེ་སོན་ཚན་རིག་པ་འབོར་ཆེན་བསྡུ་འགུག་བྱུང་བ་དང་། པེ་ཨེར་དང་། ཨའེ་ཏི་ཧྲེང་། ཞའོ་ཁོ་ལི་སོགས་རྩེ་སོན་གསར་གཏོད་པ་འབོར་ཆེན་བྱུང་། ནོ་པེལ་བྱ་དགའ་ལས་70%ཙམ་ཨ་མེ་རི་ཀར་ཐོབ་པ་དང་། དུས་མཉམ་གྱི་འཛམ་གླིང་གི་ཚན་རིག་གྲུབ་འབྲས་བསྡོམས་འབོར་གྱི་60%ཡན་ཟིན་ཡོད་ལ། གོ་ལ་ཧྲིལ་པོའི་ཁུངས་ལུང་དྲངས་ཚད་མཐོ་གྲས་ཀྱི་ཚན་རིག་པ་50%ཙམ་བསྡུ་འགུག་བྱས་པ་རེད། ད་ལྟ་འཛམ་གླིང་གི་རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་འཕེལ་རྒྱས་འབྱུང་བཞིན་ཡོད་པ་དང་། ང་ཚོར་འཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ་ཛ་དྲག་ཆེ་བའི་འགྲན་སློང་ཡང་འཕྲད་ཡོད། ཀྲུང་ཧྭ་མི་རིགས་ནི་ལས་ལ་བརྩོན་ཞིང་བློ་གྲོས་ཀྱིས་ཕྱུག་པའི་མི་རིགས་ཡིན་པ་དང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཉེ་རབས་ནས་བཟུང་རང་རྒྱལ་གྱིས་བཟོ་ལས་གསར་བརྗེའི་ལོ་རྒྱུས་གོ་སྐབས་མ་ཟིན་པས་མི་ཚད་ཕྱིས་སུ་ཟིང་འཁྲུག་རྒྱུན་ཆད་མེད་པར་བྱུང་ཞིང་བཙན་དབང་རྒྱལ་ཁབ་ཀྱི་བརྙས་བཅོས་ཐེབས་པས། རང་རྒྱལ་གྱི་ཚན་རྩལ་དང་ཤེས་ལྡན་མི་སྣ་དུས་ཡུན་རིང་པོར་རྗེས་ལུས་ཀྱི་གནས་སུ་གྱར་བ་རེད། ད་ལྟ་རང་རྒྱལ་འདི་ཉིད་ཆབ་སྲིད་བབ་བརྟན་ཤོས་དང་དཔལ་འབྱོར་དར་ཆེ་ཤོས་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱས་ཤོས་ཀྱི་དུས་སྐབས་སུ་གནས་ཡོད་པ་དང་། ཏང་གི་འགོ་ཁྲིད་བརྟན་པོ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་དང་། རྨང་གཞིའི་ཞིབ་འཇུག་དང་ཉེ་བར་སྤྱོད་པའི་རྨང་གཞིའི་ཞིབ་འཇུག་ཐད་གནད་ཆེའི་ཐོད་བརྒལ་བྱུང་བ། རྒྱལ་ཁབ་ཀྱི་གནད་ཆེའི་དགོས་མཁོར་ཁ་ཕྱོགས་པའི་འཐབ་ཇུས་ཀྱི་ལག་རྩལ་མཐོ་རིགས་ཞིབ་འཇུག་ཐད་གྲུབ་འབྲས་གལ་ཆེན་ཐོན་པ། ཉེ་བར་སྤྱོད་པའི་ཞིབ་འཇུག་གིས་ཐོན་ལས་འབྲིང་མཐོ་སྣེ་ལ་འགྱུར་བར་སྣ་ཁྲིད་བཅས་བྱས་པས། ང་ཚོས་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་མགྱོགས་པོར་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་མགྱོགས་པོར་འཛུགས་སྐྲུན་བྱེད་ན། ངེས་པར་འཐབ་ཇུས་ཐོག་ནས་རང་དབང་ཟིན་པ་དང་། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཐོག་ནས་ཇུས་འགོད་ཡག་པོ་བྱེད་དགོས། ང་ཚོའི་དམིགས་འབེན་ནི། 2025ལོར་སླེབས་དུས། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་ཀྱི་གྲོན་དངུལ་འཕར་སྣོན་ཆེན་པོ་གཏོང་རྒྱུ་དང་། ཚན་རྩལ་གསར་གཏོད་ཀྱི་གཙོ་ཤུགས་དམག་དཔུང་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་འཐོབ་རྒྱུ། རྩེ་སོན་ཚན་རིག་པ་བསྡུ་འགུག་བྱེད་པའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་གཏོང་རྒྱུ། ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱེད་ནུས་བསྟུད་མར་ཆེ་རུ་གཏོང་རྒྱུ། འགག་རྩའི་སྲོག་ཤིང་ལག་རྩལ་ཁྱབ་ཁོངས་སུ་འཐབ་ཇུས་ཐོག་གི་ཚན་རྩལ་སྣེ་ཁྲིད་མི་སྣ་དང་གསར་གཏོད་དཔུང་སྡེ་རྩེ་གྲ་ལྡན་པར་བྱ་རྒྱུ་བཅས་དང་། 2030ལོར་སླེབས་དུས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་འཚམ་པའི་ཤེས་ལྡན་མི་སྣའི་ལམ་ལུགས་མ་ལག་གཞི་རྩའི་ཆ་ནས་ཆགས་པ་བྱ་རྒྱུ་དང་། གསར་གཏོད་ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྐྱོང་ནུས་པ་མངོན་གསལ་གྱིས་ཆེ་རུ་གཏོང་རྒྱུ། འཛམ་གླིང་གི་ཕུལ་བྱུང་ཤེས་ལྡན་མི་སྣའི་ཡིད་དབང་འགུག་ནུས་མངོན་གསལ་གྱིས་ཆེ་རུ་གཏོང་རྒྱུ། ཚན་རྩལ་ཁྱབ་ཁོངས་གཙོ་བོའི་ནང་ཁྲིད་རྒྱུག་མཁན་སྐོར་ཞིག་ལྡན་པར་བྱ་རྒྱུ། གསར་དར་མདུན་སྣེ་སྣོལ་བའི་ཁྱབ་ཁོངས་སུ་གསར་འབྱེད་མཁན་སྐོར་ཞིག་ལྡན་པར་བྱ་རྒྱུ་བཅས་དང་། 2035ལོར་སླེབས་དུས། རང་རྒྱལ་ལ་ཁྱབ་ཁོངས་མང་པོའི་ཤེས་ལྡན་མི་སྣའི་འགྲན་རྩོད་ནང་བལྟོས་འཇོག་དགེ་མཚན་ཡོད་པ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོག་གི་ཚན་རྩལ་སྟོབས་ཤུགས་དང་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཅས་རེད། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་མགྱོགས་པོར་འཛུགས་སྐྲུན་བྱེད་ན་འཐབ་ཇུས་ཐོག་ནས་བཀོད་པ་འདིང་དགོས། ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་ན། པེ་ཅིན་དང་། ཧྲང་ཧའེ། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་བཅས་སུ་ཆུ་ཚད་མཐོན་པོའི་ཤེས་ལྡན་མི་སྣའི་མཐོ་ས་འཛུགས་སྐྲུན་དང་། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གཅིག་སྡུད་བྱུང་བའི་ལྟེ་གནས་གྲོང་ཁྱེར་ཁ་ཤས་ཀྱིས་ཤུགས་བརྒྱབ་ནས་ཤེས་ལྡན་མི་སྣ་འགུག་བསྡུའི་ལས་སྟེགས་འཛུགས་སྐྲུན། ཤེས་ལྡན་མི་སྣ་གོང་དུ་སྤེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཁུལ་འཛུགས་པ། རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་ཁུངས་གཅིག་སྡུད་བྱས་ཏེ་རྒྱལ་ཁབ་ཚོད་ལྟ་ཁང་དང་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་སྐོར་ཞིག་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་དང་འཛུགས་སྐྲུན། རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་སྤེལ་བ་བཅས་ཀྱི་ཐོག་ནས་ཤེས་ལྡན་མི་སྣར་རྒྱལ་སྤྱིའི་རྩེ་གྲའི་གསར་གཏོད་ལས་སྟེགས་འདོན་སྤྲོད་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་དང་ངང་པ་རུ་སྟར་གྱི་རྣམ་པ་མགྱོགས་པོར་ཆགས་པ་བྱས་ཆོག གསུམ། ཤེས་ལྡན་མི་སྣ་གོང་དུ་སྤེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། བཀོལ་སྤྱོད། གདེང་འཇོག ཞབས་ཞུ། རྒྱབ་སྐྱོར། བསྔགས་སྐུལ་སོགས་བྱེད་པའི་ལམ་སྲོལ་སྒྱུར་བཅོས་ཐད་ཤུགས་ཆེན་པོ་བརྒྱབ་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག་ཏུ་ཤེས་ལྡན་མི་སྣ་གོང་དུ་སྤེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་ཐད་འདང་ངེས་“གཏོར་”ཐུབ་མེད་ལ་འདང་ངེས་“འཛུགས་”ཀྱང་ཐུབ་མེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ལ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་བལྟོས་འཇོག་དགེ་མཚན་ཀྱང་ལྡན་པའི་ཤེས་ལྡན་མི་སྣ་གོང་དུ་སྤེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་ད་དུང་དངོས་སུ་འཛུགས་ཐུབ་མེད། གནད་དོན་ཁྲིད་ཕྱོགས་སུ་བཟུང་རྒྱུ་རྒྱུན་འཁྱོངས་བྱས་ནས་ལོ་མང་པོར་དཀའ་རྙོག་བཟོས་པ་དང་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ཤུགས་བརྒྱབ་ནས་ཐག་གཅོད་བྱེད་དགོས། དང་པོ། མི་བཀོལ་སྤྱོད་བྱེད་པོར་དབང་བསྐུར་བ། ཤེས་ལྡན་མི་སྣ་ཇི་ལྟར་བཀོལ་སྤྱོད་ཡག་པོ་བྱེད་པའི་ཐད་དུ་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་ལ་གཏམ་དབང་ཆེ་ཤོས་ལྡན་པ་རེད། དགོས་མཁོ་དང་དངོས་ཡོད་ལ་གཞིགས་ནས་མི་བཀོལ་སྤྱོད་བྱེད་པོར་དབང་ཆ་དཔྱིས་ཕྱིན་པར་བསྐུར་བ་དང་། དབང་ཆ་དངོས་སུ་བསྐུར་བ། དབང་ཆ་གནད་ལ་འཕིགས་པར་བསྐུར་བ་བཅས་བྱ་རྒྱུ་ནི་དགོས་གཏུགས་ཆེ་བར་གྱུར་ཡོད། སྲིད་འཛིན་ལས་ཁུངས་ཀྱིས་གཤམ་སྤྲོད་བྱེད་དགོས་པའི་དབང་ཆ་ཚང་མ་གཤམ་སྤྲོད་བྱེད་དགོས་པ་དང་། མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་རང་ཉིད་ཀྱིས་ཐག་གཅོད་ཆོག་པའི་དོན་དག་ཚང་མ་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་ཐག་གཅོད་བྱེད་དགོས་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། ནང་འདྲེན། བཀོལ་སྤྱོད་བྱེད་པའི་ཁྲོད་ཀྱི་མི་བཀོལ་སྤྱོད་བྱེད་པོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་རེད། མི་བཀོལ་སྤྱོད་བྱེད་པོས་རང་སྟོབས་ཀྱི་བྱེད་ལས་འདོན་སྤེལ་དང་། ཞབས་ཞུའི་འདུ་ཤེས་དང་འགན་སྲུང་ནུས་པ་ཆེར་སྐྱེད། རང་ངོས་སྡོམ་གཅུན་དང་ཕྱི་ཕྱོགས་ལྟ་སྐུལ་གྱི་ལམ་སྲོལ་ནུས་ལྡན་འཛུགས་པ་བཅས་ཀྱི་ཐོག་ནས་གཤམ་སྤྲོད་བྱས་པའི་དབང་ཆ་དང་དུ་ལེན་ཐུབ་པ་དང་ཡག་པོར་སྤྱོད་ཐུབ་པ་ཁག་ཐེག་བྱེད་དགོས། མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་དངོས་སུ་བསྒྲུབ་དགོས་པ་དང་། དབང་ཐོབ་ཀྱང་ཡག་པོར་སྤྱོད་མི་ཐུབ་མཁན་དང་འགན་འཁྲི་གནད་ལ་འཁེལ་བར་བསྒྲུབ་མི་ཐུབ་མཁན་ལ་འགན་འཁྲི་བདའ་འདེད་བྱེད་དགོས། གཉིས་པ། ཤེས་ལྡན་མི་སྣའི་འཆིང་ཐག་འགྲོལ་གང་ཐུབ་བྱེད་པ། དུས་ཡུན་རིང་པོའི་ནང་། ལས་ཁུངས་དང་སྡེ་ཚན་ཁ་ཤས་ཀྱིས་ཤེས་ལྡན་མི་སྣ་དོ་དམ་བྱེད་པར་གོམས་པ་དང་། སྲིད་ཇུས་དང་བྱེད་ཐབས་མང་པོའང་དོ་དམ་བྱ་རྒྱུར་དམིགས་ཡོད་པ་ལས། ཞབས་ཞུ་དང་། རྒྱབ་སྐྱོར། བསྔགས་སྐུལ་སོགས་ཐད་ཀྱི་བྱེད་ཐབས་མང་པོ་མེད་ལ་ཐབས་བཀོད་ཀྱང་གོ་ཆོད་པོ་བྱུང་མེད། ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་ཆོས་ཉིད་དང་ཚན་རིག་ཞིབ་འཇུག་གི་ཆོས་ཉིད་བརྩི་སྲུང་བྱས་ཐོག །“དཔོན་གནས་གཞི་རྩར་འཛིན་པ་”དང་སྲིད་འཛིན་ཅན་དུ་གྱུར་པའི་སྲོལ་རྒྱུན་བསམ་གཞིག་སྔར་བས་གཏོར་དགོས་པ་ལས། སྲིད་འཛིན་དོ་དམ་གྱི་ཐབས་བཀོད་སླ་བཅོས་ཀྱིས་འདྲ་བཤུ་བྱས་ཏེ་ཚན་ཞིབ་ལས་དོན་ལ་ལྟ་སྟངས་འཛིན་མི་ཉན་ཞིང་། སྲིད་འཛིན་ལས་བྱེད་པར་དོ་དམ་བྱེད་པ་ནང་བཞིན་ཚན་ཞིབ་ཤེས་ལྡན་མི་སྣར་དོ་དམ་བྱེད་མི་ཉན། ཤེས་ལྡན་མི་སྣ་དོ་དམ་སྐོར་གྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཤེས་ལྡན་མི་སྣ་རྩ་བར་འཛིན་པ་དང་། ཤེས་ལྡན་མི་སྣར་ཡིད་ཆེས། ཤེས་ལྡན་མི་སྣར་བརྩི་འཇོག །ཤེས་ལྡན་མི་སྣ་བྱམས་སྐྱོང་། ཤེས་ལྡན་མི་སྣར་ཁོང་ཡངས་བཅས་བྱེད་ཐུབ་དགོས། ཚན་རིག་པར་ལག་རྩལ་གྱི་ལམ་ཕྱོགས་ཇུས་ཐག་གཅོད་དབང་ཆེ་ཙམ་ཡོད་པ། གྲོན་དངུལ་གཏོང་དབང་ཆེ་ཙམ་ཡོད་པ། ཐོན་ཁུངས་སྐོང་འཐེན་བྱེད་དབང་ཆེ་ཙམ་ཡོད་པ་བཅས་བྱེད་དགོས་པ་དང་། ཁོང་ཚོའི་འཇོན་ཐང་དང་ནུས་པ་སྒོ་ཀུན་ནས་གློད་གཏོང་བྱེད་དུ་འཇུག་དགོས། དེ་དང་ཆབས་ཅིག་ཏུ། འགན་འཁྲིའི་ལམ་ལུགས་དང་“དམ་བཅའ་ཡི་གེ་”ཡི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ཚན་ཞིབ་ལས་གཞི་ལ་ཕན་འབྲས་འཐོན་པ་འགན་ལེན་བྱེད་དགོས། ཚན་ཞིབ་གྲོན་དངུལ་དོ་དམ་བྱེད་ཐབས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། གྲོན་དངུལ་ནས་མི་རྣམས་ཀྱི་གསར་སྐྲུན་རང་བཞིན་གྱི་བྱེད་སྒོར་ཞབས་འདེགས་ཞུ་རུ་འཇུག་པའི་འདུ་ཤེས་དོན་འཁྱོལ་བྱེད་དགོས། ཚན་ཞིབ་ལས་གཞི་དོ་དམ་བྱེད་ཐབས་སྒྱུར་བཅོས་བྱེད་པ་དང་། ཤེས་ལྡན་མི་སྣའི་འཆར་གཞི་ལེགས་སྒྱུར་དང་སྡེབ་སྒྲིག་བྱས་ཏེ། མི་རྣམས་ཀྱིས་སེམས་རྣལ་དུ་ཕབ་ནས་རིག་གཞུང་ལ་འཇུག་པ་དང་། ཞིབ་འཇུག་ལ་གཞོལ་བ། གྲུབ་འབྲས་མང་པོ་དང་གྲུབ་འབྲས་བཟང་པོ་འཐོན་དུ་འཇུག་དགོས། གསུམ་པ། ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཐུས་ཚང་གཏོང་བ། རང་རྒྱལ་གྱི་ཤེས་ལྡན་མི་སྣ་གོང་དུ་སྤེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འབུར་དུ་ཐོན་པའི་གནད་དོན་ཞིག་ནི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་ལུགས་མཐུན་མིན་པ་དང་། “ཁོ་ན་ལ་བལྟ་བ་བཞི་”ཡི་སྣང་ཚུལ་སྔར་བཞིན་ཚབས་ཆེན་ཡིན་པ། ཤེས་ལྡན་མི་སྣའི་“ཞྭ་མོ་”རླུང་ལྟར་ཁྱབ་པ། འཕྲལ་ཕན་འཕྲལ་སྒྲུབ་དང་འཚབ་འཚུབ་གཡོ་ཟོལ་སོགས་བྱེད་པའི་ཚུན་མིན་སྲོལ་ངན་རྒྱུན་འབྱམས་སུ་འགྲོ་བ་བཅས་རེད། རིན་ཐང་དང་། ནུས་པ། བྱས་རྗེས་བཅས་གསར་གཏོད་བྱ་རྒྱུ་ཁྲིད་ཕྱོགས་སུ་འཛིན་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་མགྱོགས་མྱུར་འཛུགས་པ་དང་། རྨང་གཞིའི་མདུན་སྣེའི་ཞིབ་འཇུག་ཐད་རང་གཏོད་ཁྲིད་ཕྱོགས་སུ་འཛིན་པ་འབུར་དུ་ཐོན་པ་། སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག་ཐད་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་པ་འབུར་དུ་ཐོན་པ། ཉེ་བར་སྤྱོད་པའི་ལག་རྩལ་གསར་སྤེལ་དང་གྲུབ་འབྲས་སྤོ་སྒྱུར་ལ་གདེང་འཇོག་བྱེད་པའི་ཐད་ཚོང་ར་ཁྲིད་ཕྱོགས་སུ་འཛིན་པ་འབུར་དུ་ཐོན་པ་བཅས་བྱས་ཏེ། ཚན་རྩལ་ཤེས་ལྡན་མི་སྣས་སེམས་རྣལ་དུ་ཕབ་ནས་ཞིབ་འཇུག་དང་གསར་གཏོད་བྱེད་པར་ཕན་པའི་གདེང་འཇོག་མ་ལག་ཆགས་པ་མ་ཟད་ལག་ལེན་བསྟར་དགོས། མུ་མཐུད་དུ་བྱེད་ཐབས་སྤྱད་དེ་“ཞྭ་མོའི་ཚ་བ་”སེལ་ཏེ། སླ་བཅོས་ཀྱིས་རིག་གཞུང་གི་གོ་མིང་དང་ཤེས་ལྡན་མི་སྣའི་མཚན་སྙན་གྱི་ཐོག་ནས་གླ་ཕོགས་དང་ཐོབ་ཐང་གཏན་འཁེལ་བྱེད་པ་དང་། རིག་གཞུང་གི་ཐོན་ཁུངས་བགོ་སྒྲིག་བྱེད་པའི་འཁྱེར་སོ་སྔོན་འགོག་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་ཁ་ཕྱོགས་ཏེ་ཡོན་ཧྲི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ཚན་ཞིབ་འགག་སྒྲོལ་དང་། འཐབ་ཇུས་ཀྱི་བློ་འདྲི། རིག་ཚན་གོང་སྤེལ། ཤེས་ལྡན་མི་སྣ་སྐྱེད་སྲིང་བཅས་བྱེད་པའི་ཁྲོད་རྒྱ་ཆེའི་ཡོན་ཧྲི་རྣམས་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་དགོས། བཞི། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས། འཐབ་ཇུས་ཀྱི་ཤེས་ལྡན་མི་སྣ་རྒྱལ་སྤྱིའི་ཚན་རྩལ་གྱི་མདུན་སྣེ་རུ་ལངས་པ་དང་། ཚན་རྩལ་རང་བརྟེན་གསར་གཏོད་ལ་སྣ་ཁྲིད། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཚན་རྩལ་འགན་འཁྲི་ཁུར་ལེན་བཅས་བྱེད་པ་ནི། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་བཙན་ཐུབ་པར་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་ཏེ། འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་འཛུགས་སྐྲུན་བྱ་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དུ་བཟུང་ནས་སྒྲུབ་དགོས། དང་པོ། ཤུགས་ཆེན་པོ་བཏོན་ནས་འཐབ་ཇུས་ཀྱི་ཚན་རིག་པ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་དགོས། “དམག་དཔུང་ཁྲིད་དེ་དམག་འཁྲུག་གི་གནས་བབ་རྟོགས་མཁན་དམག་དཔོན་ཡིན་ལ། དགྲ་བོ་ཕམ་པར་བཏང་སྟེ་དམག་འཁྲུག་གི་རྒྱལ་ཁ་ལེན་མཁན་དམག་མི་ཡིན་”ཞེས་པ་ལྟར། འཐབ་ཇུས་ཀྱི་ཚན་རིག་པ་ནི་ཚན་རིག་གི་དམག་སྤྱི་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་ནང་གི་“འགག་རྩའི་ཉུང་ཤོས་”ཡིན། ད་ལྟ་གོ་ལ་ཧྲིལ་པོ་ཚན་རིག་ཆེན་པོའི་དུས་རབས་སུ་སླེབས་ཡོད་པ་དང་། ཚན་རིག་ཞིབ་འཇུག་ཐད་རྙོག་འཛིང་རང་བཞིན་དང་། མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མངོན་གསལ་གྱིས་ཆེ་རུ་འགྲོ་བཞིན་ཡོད་ལ། འཐབ་ཇུས་ཀྱི་ཚན་རིག་པའི་གལ་ཆེན་རང་བཞིན་ཉིན་ལྟར་ཆེ་རུ་འགྲོ་བཞིན་ཡོད། འཐབ་ཇུས་ཀྱི་ཚན་རིག་པ་དེ་གང་ནས་ཡོང་དགོས་ཤེ་ན། མཐར་གཏུགས་ནས་བཤད་ན་ཚན་རྩལ་གསར་གཏོད་གཡུལ་ས་གཙོ་བོ་ལས་འབྱུང་བཞིན་ཡོད་པ་དང་། ཚན་རྩལ་གསར་གཏོད་ཀྱི་གཡུལ་ས་གཙོ་བོ་ལས་འཚར་སྐྱེ་འབྱུང་བཞིན་ཡོད། ལག་ལེན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་གནད་ཆེའི་ཚན་རྩལ་ལས་འགན་གྱི་རྐང་འཛིན་སྣེ་ཁྲིད་པའི་ཁྲོད་ཚན་རིག་པའི་བྱང་ཚད་ཟབ་མོ་ལྡན་པ་དང་། དུས་ཡུན་རིང་པོར་ཚན་ཞིབ་ཀྱི་མདུན་གནས་སུ་འབད་འཐབ་བྱེད་པ། མཐོང་རྒྱ་ཡངས་པ། སྔོན་ཚོད་རང་བཞིན་གྱི་བརྡར་ཤ་གཅོད་ནུས་དང་། རིག་ཚན་བརྒལ་བའི་ཤེས་རྟོགས་ནུས་པ་དང་། དམག་སྡེ་ཆེན་པོས་དམག་འཐབ་རྒྱག་རྒྱུ་རྩ་འཛུགས་དང་འགོ་ཁྲིད་བྱེད་ནུས་ཆེ་བ་བཅས་ཀྱི་ཚན་རིག་པ་མཐོང་ཐུབ་པ་བྱེད་དགོས། མིག་རྒྱང་རིང་བ་བསྐྱེད་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་འཐབ་ཇུས་ཀྱི་ཚན་རིག་པར་འགྱུར་སྲིད་པའི་མཐོ་རིམ་ནུས་མང་ཅན་གྱི་ཤེས་ལྡན་མི་སྣ་གསར་རྙེད་དང་སྐྱེད་སྲིང་བྱས་ཏེ། འཐབ་ཇུས་ཀྱི་ཚན་རིག་པ་འཚར་ལོངས་ཡོང་བའི་རྗེས་གྲབས་དཔུང་སྡེ་ཆགས་པ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་གནད་ཆེའི་ཚན་ཞིབ་ལས་གཞི་ལ་འགོ་ཁྲིད་དང་མཛུབ་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་དགོས། གཉིས་པ། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་གསར་གཏོད་དཔུང་སྡེ་རྩེ་གྲ་འབོར་ཆེན་སྐྱེད་སྲིང་བྱེད་དགོས། “སྐེ་བཙིར་བའི་”གནད་འགག་གི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་མཁན་ཤེས་ལྡན་མི་སྣ་དམིགས་བསལ་གྱིས་སྒྲིག་འགོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་། ཆེད་དམིགས་བྱ་སྤྱོད་འཆར་གཞི་འགོད་པ་དང་ལག་ཏུ་བསྟར་བ། སྡེ་ཁག་དང་ས་ཁུལ་དང་ལས་རིགས་དང་སྒྲིག་གཞི་བཅས་བརྒལ་ནས་སྣེ་ཁྲིད་ཤེས་ལྡན་མི་སྣ་བསྐོང་བསྡུ། འགག་སྒྲོལ་དཔུང་སྡེ་གསར་འཛུགས་བཅས་བྱེད་དགོས། རྒྱལ་ཁབ་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཚན་ཞིབ་ལས་ཁུངས། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་རྒྱལ་ཁབ་རུ་ཁག་གི་ནུས་པ་འདོན་སྤེལ་དང་། ཚན་རྩལ་སྣེ་ཁྲིད་མི་སྣ་དང་གསར་གཏོད་དཔུང་སྡེ་རྩེ་གྲ་མགྱོགས་མྱུར་བསྡུ་འགུག་དང་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་ལ་དམིགས་ནས་ཐོན་སློབ་ཞིབ་གསུམ་གྱིས་མཐུན་སྦྱོར་ངང་འགག་སྒྲོལ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། གནད་ཆེའི་ཚན་ཞིབ་ལས་འགན་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། སྣེ་ཁྲིད་ཤེས་ལྡན་མི་སྣ་ཤེས་པའི་ལམ་སྲོལ་དང་ལས་གཞིའི་དཔུང་སྡེ་འདེམས་སྒྲུག་བྱེད་པའི་ལམ་སྲོལ་ལེགས་སྒྱུར་དང་། ལས་གཞི་སྒྲིག་འཛུགས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། སྣེ་ཁྲིད་ཤེས་ལྡན་མི་སྣའི་ཐད་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་སྡེ་ཆ་སྒྲིག་དང་། ཚན་ཞིབ་ཆ་རྐྱེན་ཆ་སྒྲིག དོ་དམ་ལམ་སྲོལ་ཆ་སྒྲིག་བཅས་བྱེད་པའི་དམིགས་བསལ་སྲིད་ཇུས་སྤྱོད་དགོས་པ་དང་། “སྐེ་བཙིར་བའི་”འགག་རྩའི་སྲོག་ཤིང་ལག་རྩལ་མགྱོགས་མྱུར་ཐོད་བརྒལ་བྱེད་དགོས། གསུམ་པ། གཞི་རྒྱ་ཆེ་བའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་སྐྱེད་སྲིང་བྱེད་དགོས། ན་གཞོན་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ཞིབ་འཇུག་བྱས་འབྲས་སུ། རང་བྱུང་ཚན་རིག་པས་གསར་གཏོད་དང་གསར་སྐྲུན་བྱེད་པའི་ལོ་ཚོད་བཟང་ཤོས་ནི་ལོ་25ནས་ལོ་45བར་རེད་ཟེར། རང་རྒྱལ་གྱི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་ངོས་ནས་བཤད་ན་རྐང་འཛིན་གྱི་གོ་སྐབས་ཉུང་བ་དང་། འཚར་སྐྱེའི་ལམ་ཁ་དོག་པ། འཚོ་བའི་གནོན་ཤུགས་ཆེ་བ་སོགས་ཀྱི་གནད་དོན་གནས་ཡོད། ན་གཞོན་ཤེས་ལྡན་མི་སྣས་སེམས་ཤུགས་གང་མང་ལས་ཐོབ་དཔྱད་ཞིབ་དང་། ལས་གཞི་སྙན་ཞུ། “ཞྭ་མོ་”འགྲན་རྩོད་བཅས་ཀྱི་ཐད་འདོན་གྱི་ཡོད་པ་དང་། གླ་ཕོགས་ཐོབ་ཐང་དང་། སྡོད་ཁང་། བུ་ཕྲུག་སློབ་ཞུགས་སོགས་ཀྱི་ཐད་ད་དུང་མངོན་སུམ་གྱི་དཀའ་ཁག་མི་ཉུང་བ་གནས་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་གསོ་སྐྱོང་བྱེད་པའི་སྲིད་ཇུས་ཀྱི་གཙོ་གནད་དེ་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་སྟེང་འཇོག་དགོས་པ་དང་། ན་གཞོན་ཤེས་ལྡན་མི་སྣར་ཡིད་ཆེས་སྔར་ལས་མང་པོ་དང་། རོགས་རམ་སྔར་ལས་ཡག་པོ། རྒྱབ་སྐྱོར་སྔར་ལས་སྟོབས་ལྡན་བཅས་བྱས་ཏེ། ན་གཞོན་ཤེས་ལྡན་མི་སྣས་ལས་འགན་གཙོ་བོ་འཁུར་བ་དང་གཙོ་འཁྲབ་པ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རིགས་ཁག་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ན་གཞོན་ཤེས་ལྡན་མི་སྣའི་སྟེང་ཕྱོགས་དགོས་པ་དང་། རྒྱབ་སྐྱོར་གཞི་རྒྱ་ཆེ་སྐྱེད་དང་། རྒྱབ་སྐྱོར་བྱེད་སྟངས་ལེགས་སྒྱུར་གཏོང་དགོས། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣར་འཕྲད་པའི་མངོན་སུམ་གྱི་དཀའ་ངལ་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་ལུས་བདེ་སེམས་སྐྱིད་ངང་ལས་ལ་བརྩོན་པ་བྱེད་དུ་འཇུག་དགོས། ཕུལ་བྱུང་ན་གཞོན་ཤེས་ལྡན་མི་སྣ་མུ་ཕྲེང་ཡོངས་སུ་སྐྱེད་སྲིང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མཐོ་སློབ་ཕུལ་བྱུང་མཐར་ཕྱིན་སློབ་མ་འབྲེལ་མཐུད་སྐྱེད་སྲིང་བྱེད་པའི་འཆར་གཞི་སྒྲིག་འཛུགས་དང་ལག་ལེན་དུ་བསྟར་ཏེ། མཐོ་སློབ་དང་ཚན་ཞིབ་གླིང་དང་ཁེ་ལས་སུ་ཆུ་ཚད་མཐོ་བའི་མཛུབ་སྟོན་དགེ་རྒན་འདེམས་སྒྲུག་དང་། དེ་དག་ལ་ལས་སྒོ་ལ་བྱང་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ལས་འགན་སྤྲོད་དགོས། བཞི་པ། ཕུལ་བྱུང་བཟོ་དཔོན་འབོར་ཆེན་སྐྱེད་སྲིང་བྱེད་དགོས། བཟོ་སྐྲུན་ལས་རིགས་ནི་རང་རྒྱལ་གྱི་རྒྱལ་ཁབ་འཛུགས་པའི་རྩ་བ་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྨང་གཞི་ཡིན། རང་རྒྱལ་ནི་འཛམ་གླིང་སྟེང་གི་བཟོ་ལས་ཀྱི་རིགས་སྣ་ཆ་ཚང་བའི་རྒྱལ་ཁབ་གཅིག་པུ་དེ་ཡིན་མོད། འོན་ཀྱང་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་དེ་སྤྱིའི་ཆ་ནས་བཤད་ན་སྔར་བཞིན་གོ་ལ་ཧྲིལ་པོའི་རིན་ཐང་མུ་ཕྲེང་གི་འབྲིང་དམའ་སྣེ་རུ་གནས་ཡོད་པ་དང་། ཐོན་ལས་མང་པོ་ཞིག་བཟོ་དཔོན་གྱི་གྲངས་འབོར་གྱིས་མི་འདང་བའི་ཁར་སྤུས་ཚད་ཀྱང་མཐོན་པོ་མེད་པའི་གནད་དོན་འཕྲད་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་ལ་འཛམ་གླིང་གི་ཆུ་ཚད་ལྡན་པའི་བཟོ་དཔོན་སྐྱེད་སྲིང་མ་ལག་འཚོལ་ཞིབ་བྱས་ནས་ཆགས་པ་དང་། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་གཟོ་བ་དང་། ལས་ལ་བཀུར་ཞིང་བློས་གཏོང་ཐུབ་པ། ལག་རྩལ་གསར་གཏོད་ཀྱི་ནུས་པ་འབུར་དུ་ཐོན་པ། རྙོག་འཛིང་ཆེ་བའི་བཟོ་སྐྲུན་གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་ཀྱི་བཟོ་དཔོན་དཔུང་སྡེ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས། ཕུལ་བྱུང་བཟོ་དཔོན་སྐྱེད་སྲིང་བྱེད་ན། ངེས་པར་དུ་མཐོ་སློབ་དང་ཁེ་ལས་ཏེ་ཧུར་བརྩོན་རང་བཞིན་གཉིས་སྐུལ་སློང་བྱེད་དགོས། མཐོ་སློབ་ཀྱིས་བཟོ་སྐྲུན་སློབ་གསོ་སྒྱུར་བཅོས་ཟབ་སྤེལ་དང་། རྩིས་ཚན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐོ་སློབ་དང་ཁེ་ལས་ཀྱིས་བྱང་ཚད་མཐོ་བའི་ནུས་མང་ཅན་གྱི་རྩིས་ཚན་ཤེས་ལྡན་མི་སྣ་མཉམ་འབྲེལ་སྐྱེད་སྲིང་བྱེད་པའི་ཕན་ནུས་ལྡན་པའི་ལམ་སྲོལ་འཚོལ་ཞིབ་དང་ལག་ལེན་བསྟར་དགོས། འདི་མཐོ་སློབ་དང་ལྷག་པར་དུ་“རྩེ་གྲ་གཉིས་”ཀྱི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དུ་འཛིན་དགོས། ཁེ་ལས་ཀྱིས་སྐྱེད་སྲིང་གི་ལྷུ་ཚིགས་སྔ་སྣུར་གྱིས་མཐོ་སློབ་དང་མཉམ་དུ་སྐྱེད་སྲིང་དམིགས་འབེན་གཏན་འཁེལ་དང་། སྐྱེད་སྲིང་འཆར་གཞི་འགོད་པ། སྐྱེད་སྲིང་བརྒྱུད་རིམ་ལག་བསྟར་བཅས་བྱེད་པ་དང་། སློབ་གྲྭ་དང་ཁེ་ལས་ཀྱི་“མཛུབ་སྟོན་དགེ་རྒན་གཉིས་ཀྱི་ལམ་ལུགས་”ལག་བསྟར་བྱས་ཏེ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བ་མངོན་འགྱུར་དང་། བཟོ་སྐྲུན་ལག་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་ཐོན་སྐྱེད་ལག་ལེན་བྱེད་པ་གཉིས་འབྲེལ་མཚམས་ཆད་པའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་དགོས། ལྔ། ཤེས་ལྡན་མི་སྣ་སྒོ་ཀུན་ནས་སྐྱེད་སྲིང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱེད་དགོས། “ཆུ་བོ་འདུས་ན་ཉ་མོ་འཛོམས། ནགས་ཚལ་སྟུག་ན་འདབ་ཆགས་འཁོར།” ང་ཚོས་2035ལོར་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སྙེག་པ་དང་། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་རྒྱུའི་རྒྱང་རིང་དམིགས་འབེན་ལ་གཞི་བཙུགས་ཏེ། ཤུགས་ཆེན་པོ་བརྒྱབ་ནས་ཤེས་ལྡན་མི་སྣ་སྒོ་ཀུན་ནས་སྐྱེད་སྲིང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱེད་དགོས། དང་པོ། ཤེས་ལྡན་མི་སྣ་རང་བརྟེན་སྐྱེད་སྲིང་བྱེད་པའི་འགྲོ་ལམ་དུ་ཡག་པོར་བསྐྱོད་དགོས། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་འགྲོ་བའི་འཆར་གཞི་ཆེན་པོ་ཡིན་པ་དང་། དེང་སྐབས་འཛམ་གླིང་ཐོག་ཤེས་ལྡན་མི་སྣའི་འགྲན་རྩོད་ནི་ཐོག་མར་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐད་ཀྱི་འགྲན་རྩོད་ཡིན། ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་ལ། ཤེས་ལྡན་མི་སྣའི་གྲངས་འབོར་དང་། སྤུས་ཚད། གྲུབ་ཚུལ་བཅས་ཐད་ཀྱི་དགོས་མཁོ་ནི་ཕྱོགས་ཐམས་ཅད་ལ་ཁྱབ་པ་ཞིག་ཡིན་ཕྱིར། ཤེས་ལྡན་མི་སྣའི་དགོས་མཁོ་ཆེན་པོ་དེ་ལྟ་བུ་སྐོང་དགོས་ན་ངེས་པར་དུ་གཙོ་བོ་རང་ཉིད་ཀྱིས་སྐྱེད་སྲིང་བྱེད་པར་བརྟེན་དགོས་པ་དང་། ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་པའི་རང་བརྟེན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས། རང་རྒྱལ་ལ་འཛམ་གླིང་ཐོག་གི་གཞི་རྒྱ་ཆེ་ཤོས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་གསོའི་མ་ལག་ཡོད་པ་དང་། བྱ་གཞག་ཁག་གོང་དུ་སྤེལ་བའི་གར་སྟེགས་ཆེན་པོ་ཡོད་པས། ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་ཐུབ་ངེས་ཡིན་ལ། མཁས་དབང་ཡང་སྐྱེད་སྲིང་བྱེད་ཐུབ་ངེས་ཡིན། ང་ཚོར་བློ་སྟོབས་དེ་ལྟ་བུ་ཞིག་ཡོད་ལ་གདེང་ཚོད་དེ་ལྟ་བུ་ཞིག་ཀྱང་ཡོད། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ན་ཐོག་མར་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་ཤེས་ལྡན་མི་སྣའི་གྲངས་འབོར་གྱིས་མི་འདང་བ་དང་སྤུས་ཚད་མཐོ་པོ་མེད་པའི་གནད་དོན་དེར་རྩེ་གཅིག་ཏུ་དམིགས་ནས་ཐག་གཅོད་བྱེད་དགོས། མཐོ་སློབ་དང་ལྷག་པར་དུ་“རྩེ་གྲ་གཉིས་”ཀྱི་སློབ་ཆེན་གྱིས་རྨང་གཞིའི་ཞིབ་འཇུག་ཤེས་ལྡན་མི་སྣའི་གཙོ་ཤུགས་དམག་དཔུང་སྐྱེད་སྲིང་བྱེད་པའི་ནུས་པ་འདོན་སྤེལ་དང་། རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་མི་སྣའི་སྐྱེད་སྲིང་ཕྱོགས་ཡོངས་ནས་ཇུས་འགོད། རྒྱུན་སྲོལ་ཐོད་བརྒལ། དཔེ་སྲོལ་གསར་གཏོད། ཚན་རིག་གི་སྙིང་སྟོབས་དང་། གསར་གཏོད་ཀྱི་ནུས་པ། དགག་གཞག་གི་བསམ་གཞིག་བཅས་ཀྱི་སྐྱེད་སྲིང་སློབ་གསོ་ལ་སྔར་བས་མཐོང་ཆེན་བཅས་བྱེད་དགོས། རྨང་གཞིའི་རིག་ཚན་སྐྱེད་སྲིང་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས་པ་དང་། ཆེས་ཕུལ་དུ་བྱུང་བའི་སློབ་མ་རྣམས་འགུག་སྡུད་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལ་གཞོལ་དུ་འཇུག་དགོས་ལ། གལ་གནད་ཆེ་བའི་ཐོག་མའི་གསར་གཏོད་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྣོལ་བའི་རིག་ཚན་གོང་སྤེལ་ཁྲིད་སྟོན་གྱི་ལམ་སྲོལ་བཙུགས་ནས་ཆུ་ཚད་མཐོ་བའི་ནུས་མང་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་ཆེད་དམིགས་ལས་གཞི་གཏན་འབེབས་དང་ལག་ཏུ་བསྟར་ཏེ། རང་བྱུང་ཚན་རིག་ཁྱབ་ཁོངས་སུ་གྲུབ་འབྲས་གཟེངས་སུ་ཐོན་པ་མ་ཟད་གསར་གཏོད་ཀྱི་གཏིང་ཤུགས་མངོན་གསལ་དོད་པོ་ལྡན་པའི་ན་གཞོན་ཤེས་ལྡན་མི་སྣ་སྐོར་ཞིག་ལ་ཡུན་རིང་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན། མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག་པ། རྩོམ་རིག་སྒྱུ་རྩལ་པ་སོགས་ཕྱོགས་གང་ཐད་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་སྲིང་བྱེད་དགོས། ཉེ་བའི་ལོ་ཤས་ནང་། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་རྩོམ་རིག་སྒྱུ་རྩལ་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་རྒྱུན་མི་འཆད་པར་རྒྱ་སྐྱེད་དང་། བྱང་ཚད་རྒྱུན་མི་འཆད་པར་མཐོར་འདེགས། གྲུབ་ཚུལ་རྒྱུན་མི་འཆད་པར་ལེགས་འགྱུར་བཅས་བྱུང་ཡོད་ནའང་། ད་དུང་གནད་དོན་མི་ཉུང་བ་ཞིག་གནས་ཡོད། ཀྲུང་གོའི་གནད་དོན་ལ་བསམ་གཞིག་དང་ཞིབ་འཇུག་བྱེད་མཁས་པའི་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་དགོས་པ་དང་། དེང་རབས་ཀྲུང་གོར་འབྱུང་བཞིན་པའི་སྤྱི་ཚོགས་འཕོ་འགྱུར་དང་གསར་གཏོད་ཀྱི་ལག་ལེན་ལ་གཞི་བཅོལ་ནས། གནད་དོན་གསར་པ་རྙེད་པ་དང་། ལྟ་བ་གསར་པ་འདོན་པ། རིགས་པའི་གཞུང་ལུགས་གསར་པ་འཛུགས་པ་བཅས་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གང་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་དོན་གང་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་པ་བཅས་ཀྱི་གནད་དོན་ལ་དྲིས་ལན་ཡག་པོ་འདེབས་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་མཁས་པའི་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་དགོས་པ་དང་། ཀྲུང་གོའི་སྐད་སྒྲ་སྤེལ་བ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་ཐོག་ནས། རྒྱལ་སྤྱིའི་སྒྲོག་སྤེལ་གྱི་ཤུགས་རྐྱེན་ནུས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་བློ་འགུག་ནུས་པ། ཀྲུང་གོའི་སྣང་བརྙན་གྱི་སྙིང་ཉེའི་ནུས་པ། ཀྲུང་གོའི་སྐད་ཆའི་གོ་སྐོན་ནུས་པ་དང་རྒྱལ་སྤྱིའི་སྨྱན་སྦྱོར་གྱི་སྣེ་ཁྲིད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་རྩོམ་རིག་སྒྱུ་རྩལ་ཐད་ཀྱི་ཤེས་ལྡན་མི་སྣ་གོང་དུ་སྤེལ་བའི་འཆར་བཀོད་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས། གཉིས་པ། ཤེས་ལྡན་མི་སྣ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣ་རང་བརྟེན་སྐྱེད་སྲིང་བྱ་རྒྱུ་ནན་བཤད་བྱེད་པ་ནི་རང་ངོས་འགོག་གཅོད་བྱེད་པ་གཏན་ནས་མ་ཡིན་པར། གནས་བབ་གསར་པའི་ནང་ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཟུང་འབྲེལ་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་འཛམ་གླིང་གི་ཆུ་ཚད་རྩེ་གྲ་རྒྱུན་འཁྱོངས། རང་བེད་ཆོད་པའི་རྩེ་སོན་ཤེས་ལྡན་མི་སྣ་རྣམས་ཐབས་བརྒྱ་ཇུས་སྟོང་གིས་ནང་འདྲེན་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བློ་གྲོས་ཀྱི་ཐོན་ཁུངས་དང་གསར་གཏོད་ཀྱི་བདག་རྐྱེན་སྔར་ལས་མང་པོ་བེད་སྤྱོད་བྱེད་དགོས། ཤེས་ལྡན་མི་སྣ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་ནི་ཉིས་ཕྱོགས་ཡིན་ཏེ། ནང་དུ་འདྲེན་དགོས་པ་མ་ཟད། ཕྱི་རུའང་སྐྱོད་དགོས་པ་རེད། བྱེད་ཐབས་འདྲ་མིན་སྣ་ཚོགས་སྤྱད་དེ་ཤེས་ལྡན་མི་སྣ་ཕྱི་རུ་སྐྱོད་དེ་སྐྱེད་སྲིང་བྱེད་པའི་འགྲོ་ལམ་གསར་པ་ཕྱེ་ནས། ཤེས་ལྡན་མི་སྣའི་སྐྱེད་སྲིང་ཐབས་ལམ་སྣ་མང་ཅན་དུ་སྒྱུར་བ་དང་། ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོག་འཇོག་བྱེད་དགོས། གསུམ་པ། རིགས་ཁག་གི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་དང་བཀོལ་སྤྱོད་མཁས་པོ་བྱེད་དགོས། ཉེ་བར་མཁོ་བ་དང་ཤིན་ཏུ་དཀོན་པའི་དམིགས་བསལ་ཤེས་ལྡན་མི་སྣའི་ཐད་དམིགས་བསལ་སྲིད་ཇུས་ཡོད་དགོས་པ་ལས། འཛོལ་མེད་སྐྱོན་བྲལ་ཡོང་རེ་བྱེད་མི་རུང་བ་དང་། བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་བལྟ་མི་རུང་ཞིང་། ཚད་ཐིག་གཅིག་ཀུན་ལ་སྤྱོད་པ་བྱེད་མི་རུང་བར། དོན་དམ་པའི་ཤེས་བྱ་ཡོན་ཏན་ལྡན་པའི་ཤེས་ལྡན་མི་སྣ་རྣམས་ལ་དཔའ་རྩལ་ངོམས་ས་ཡོད་པ་བྱེད་དགོས། ཡིད་ཆེས་རྨང་གཞི་བྱས་པའི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ལམ་སྲོལ་འཛུགས་པ་དང་། ཕམ་རུང་བ་དང་ཕམ་པར་ཁོང་ཡངས་བྱེད་པ། ཚན་རིག་པ་གཞི་རྩར་འཛིན་པའི་ཚན་ཞིབ་རྩ་འཛུགས་མ་ལག་འཐུང་ཚང་གཏོང་བ། ཚན་ཞིབ་ལས་འགན་“དཔའ་ཁས་ལེན་”དང་“རྟ་རྒྱུག་འགྲན་”པའི་ལམ་ལུགས་འཐུས་ཚང་གཏོང་བ། དམིགས་འབེན་ཁྲིད་ཕྱོགས་སུ་འཛིན་པའི་“ཁས་ལེན་དམ་བཅའ་”ལམ་ལུགས་ལག་ལེན་བསྟར་བ་བཅས་བྱས་ནས། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣས་དཔུང་གི་འགོ་མ་བྱས་ནས་ལམ་ལ་ཆས་པར་བསྔགས་སྐུལ་བྱེད་དགོས། རིགས་ཁག་གི་ཤེས་ལྡན་མི་སྣ་རྣམས་ལ་ལས་ཀ་སྒྲུབ་པ་དང་ལས་ཀ་གསར་གཏོད་བྱེད་པའི་ལས་སྟེགས་བསྐྲུན་པ་དང་། ཤེས་བྱ་དང་ལག་རྩལ་སོགས་གསར་གཏོད་བདག་རྐྱེན་གྱི་རིན་ཐང་སྒོ་ཀུན་ནས་མངོན་ཐུབ་པའི་ཁེ་འབབ་བགོ་བཤའི་ལམ་སྲོལ་བཙུགས་ཏེ། བྱ་གཞག་ལ་བརྟེན་ནས་ཤེས་ལྡན་མི་སྣར་སྐུལ་མ་གཏོང་བ་དང་། ཤེས་ལྡན་མི་སྣར་བརྟེན་ནས་བྱ་གཞག་ལེགས་འགྲུབ་ཡོང་བ་བྱེད་དགོས། ངས་འདི་ནས་དམིགས་བསལ་གྱིས་ནན་བཤད་བྱ་རྒྱུ་ནི། ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་ན་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག །ཤེས་ཡོན་པའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་དགོས་པ་དང་། ཤེས་ལྡན་མི་སྣས་རྒྱལ་ཁབ་ལ་གཅེས་པའི་སེམས་འཆང་བ་དང་། རྒྱལ་ཁབ་ལ་དྲིན་གཟོ་བའི་འདུན་པ་སྐྱེད་པའི་སྐུལ་མ་གཏོང་དགོས་པ། དུས་རབས་ཀྱིས་སྤྲད་པའི་ལས་འགན་དང་འགན་འཁྲི་རང་འགུལ་ངང་དང་དུ་ལེན་དགོས་པ་བཅས་ཡིན། རྒྱ་ཆེའི་ཤེས་ལྡན་མི་སྣས་ཚན་རིག་པ་རྒན་རབས་རྣམས་ཀྱི་མེས་རྒྱལ་སེམས་ལ་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཤིས་རྒྱུད་བཟང་པོ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་ངེས་པ་བྱས་ཏེ། རྒྱལ་ཁབ་ཀྱི་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་དཀའ་ངལ་སེལ་བ། རྒྱལ་ཁབ་ཀྱི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། ཤེས་ལྡན་མི་སྣར་གཟེངས་བསྟོད་དང་བྱ་དགའ་སྟེར་བའི་ལམ་ལུགས་ལེགས་སྒྱུར་བྱེད་པ་དང་། སྔོན་ཐོན་དཔེ་བཟང་ཅན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ཤེས་ལྡན་མི་སྣར་བརྩི་འཇོག་བྱེད་པའི་དར་སྲོལ་ཆགས་སུ་འཇུག་དགོས། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡིས་ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་དང་དང་། རྩ་འཛུགས་སྡེ་ཁག་གིས་འགོ་ཁྲིད་དེ་སྤྱི་ཡོངས་འཛིན་པ། འགན་ནུས་སྡེ་ཁག་གིས་རང་ལས་རང་སྒྲུབ་དང་གཞོགས་འདེགས་དམ་པོ་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཡོངས་ཁྱབ་ཏུ་ཞུགས་པའི་ཤེས་ལྡན་མི་སྣའི་ལས་ཀའི་གནས་སྟངས་འཐུས་ཚང་གཏོང་དགོས། རིམ་པ་ཁག་གི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཏང་ཨུའི་འགོ་ཁྲིད་འོག་ཤེས་ལྡན་མི་སྣའི་ལས་དོན་གྱི་ཐབས་ཚུལ་གལ་ཆེན་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་ལ་གཞི་བཅོལ་ཞིང་གཙོ་གནད་འབུར་འདོན་བྱས་ཏེ། ཤེས་ལྡན་མི་སྣ་བསམ་འཆར་ཆེ་བའི་མངོན་སུམ་གྱི་གནད་དོན་ཐག་གཅོད་བྱེད་དགོས། སྲིད་གཞུང་དང་། སྤྱི་ཚོགས། སྡེ་ཚན་བཅས་སྣ་མང་ཅན་གྱི་ཤེས་ལྡན་མི་སྣའི་ཐད་ཀྱི་གཏོང་འཇོག་ལམ་སྲོལ་འཐུས་ཚང་གཏོང་བ་དང་། ཤེས་ལྡན་མི་སྣ་གོང་སྤེལ་ཐད་འགྲོ་སྒོ་གཏོང་ཤུགས་ཆེ་རུ་བཏང་ནས། ཤེས་ལྡན་མི་སྣའི་ཐད་བཏང་བའི་འགྲོ་སྒོ་ལ་ཕན་འབྲས་ཆེན་པོ་ཐོབ་ཏུ་འཇུག་དགོས། རིམ་པ་ཁག་གི་ཏང་ཨུའི་དྲིལ་བསྒྲགས་སྡེ་ཁག་དང་། རིམ་པ་ཁག་གི་སློབ་གསོ་དང་། ཚན་རྩལ། བཟོ་ལས་དང་ཆ་འཕྲིན། བདེ་འཇགས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། རིག་གནས་ཡུལ་སྐོར། གཞུང་དབང་མ་རྩ། དངུལ་རྩ། ཕྱི་དོན་སོགས་སྡེ་ཁག་གིས་འགན་ནུས་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། ཐུན་མོང་ཐོག་ཤེས་ལྡན་མི་སྣའི་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། བསོད་ནམས་དབང་རྒྱལ་གྱིས་བསྒྱུར། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2021ལོའི་ཟླ་9ཚེས་27ཉིན་ཀྲུང་དབྱང་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1