ཡིད་ཆེས་ཀྱིས་ཁེངས་པའི་ངང་ནས་མདུན་དུ་སྐྱོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-15


ཆེད་བརྗོད།

ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་འཁོར་ཞིང་། དུས་སྐབས་རླབས་པོ་ཆེའི་ནང་མི་དམངས་རྣམས་མཉམ་དུ་བསྐྱོད་མྱོང་བ་ཐུན་མོང་ཐོག་བདེན་དཔང་བྱས།

2021ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན་པའི་ངང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད།

ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་བརྒྱ་ཡི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་སྦྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ་བརྗིད་ཉམས་ཆེན་པོའི་ངང་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱས་ཏེ། བློ་སྟོབས་ཆེར་སྐྱེད་ངང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་མ་ཟད། ཀྲུང་གོའི་དཔལ་འབྱོར་ཉེན་ཁ་ལས་སྒྲོལ་བ་དང་དཀའ་གནད་ལས་སེལ་བར་སྣེ་ཁྲིད་བྱས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཅིང་གོམ་སྟབས་གསར་པ་སྤོ་བ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས་ཀྱིས་“ལོ་ལྔ་ཚན་བཅུ་བཞི་པའི་”འགོ་ཡག་པོ་ཞིག་བཙུགས་ཡོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ནས། ཕྱོགས་ཡོངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ཏེ། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་བཞག་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་ལ་བདེན་འཚོལ་དང་། དངོས་གཉེར། ཏན་ཏིག་བཅས་བྱེད་པ་དང་། ཏང་ཡོངས་ཀྱི་ལོ་རྒྱུས་རང་རྟོགས་དང་ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་བཏང་ཡོད།

འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཡོད་ཚེ། གཞི་ནས་འབད་འབུངས་ཡར་བརྩོན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཡོད་ན། ད་གཟོད་མདུན་སྐྱོད་ཀྱི་ལམ་བུར་ཁྲིད་སྟོན་བྱེད་ཐུབ། འདི་ནི་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པ་ལས་ཐོབ་པའི་ཉམས་མྱོང་གལ་ཆེན་ཡིན་ལ། དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེས་རྒྱུན་ཆད་མེད་པར་ར་འཕྲོད་བྱུང་བའི་བསྡོམས་ཚིག་གལ་ཆེན་ཞིག་ཀྱང་རེད། འདས་ཟིན་པའི་ལོ་གཅིག་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེའི་ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་གནང་བ་དང་། ཏང་ཡོངས་ཀྱི་ཕྱོགས་སྟོན་སྣེ་ཁྲིད་ཀྱི་སྲོག་ཤིང་གནང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སློབ་སྟོན་གནང་བ་དེ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ལ་དུས་བབ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། ཕྲག་ཐོག་གི་ལས་འགན་ལྕི་བའི་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་བཅས་བྱུང་བ་ནི་འཛམ་གླིང་སྟེང་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། ལག་ལེན་རླབས་པོ་ཆེ་ལ་འགོ་ཁྲིད་བྱེད་པའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་མཁས་པ་དང་། བསམ་བློ་མཁས་པ། འཐབ་ཇུས་མཁས་པ་བཅས་ཀྱི་ཤེས་རྒྱ་ཆེ་ཞིང་མིག་རྒྱང་རིང་ལ། ལྟ་བ་ཟབ་པ། བརྗིད་ཉམས་ཆེ་བ་བཅས་མངོན་ཏེ། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་གང་ལེགས་མཚོན་ཡོད། ཁོང་ནི་ཀུན་གྱི་རེ་བ་དང་མཐུན་ཞིང་གཞན་ལ་ངོ་གནོང་མི་དགོས་པའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་མ་ཟད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཟབ་མོས་གུས་བཀུར་དང་བློ་བརྟན་འགྱུར་མེད་ཀྱི་བརྩི་བཀུར་ཐོབ་པ་རེད།

འཛམ་གླིང་གི་གནས་བབ་དང་རྒྱལ་ཁབ་ཀྱི་གནས་བབ། ཏང་གི་གནས་བབ་བཅས་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་ཁ་གཏད་འཇལ་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མི་ཡིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་། ཏང་དབུ་བརྙེས་པ་ནས་བཟུང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་དང་བེད་སྤྱོད་གང་ལེགས་བྱས་ཤིང་། དོན་དངོས་གསར་པར་གཞིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་པས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་བ་རེད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་གསར་གཏོད་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པར་བརྟེན་ནས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་པོ་བཏབ་ཡོད། དེ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་མ་ཟད། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་བཅས་ཡིན་པས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཟམ་མི་འཆད་པར་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།

——དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་གཏིང་ཟབ་འདེབས་པ། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེ་ཤོས་ཡིན།” “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཡོད།” “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱིའི་བཀོད་པ་ནི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ལྔ་གཞི་གཅིག་ཡིན་ཞིང་། འཐབ་ཇུས་ཀྱི་བཀོད་པ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་ཕྱོགས་ཡོངས་བཞི་ཡིན།” འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་འདི་དག་ལས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་གསལ་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་བྱེད་པའི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད།

——སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་གཏིང་ཟབ་འདེབས་པ། “རང་རྒྱལ་གྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བཅས་ཡིན་ལ། ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་པའི་དེང་རབས་ཅན་ཡང་ཡིན།” “བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས།” “2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་རྒྱུ་ཡིན།” འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་འདི་དག་ལས་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་གདམ་ག་དང་། རྩ་དོན་གལ་ཆེན། འཐབ་ཇུས་བཀོད་སྒྲིག་བཅས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གསལ་སྟོན་བྱས་པས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་པའི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད།

——དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་གཏིང་ཟབ་འདེབས་པ། “ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་ཟམ་མི་འཆད་པར་འཐུས་ཚང་དུ་གཏོང་བ། ‘འདུ་ཤེས་བཞི་’ཆེ་རུ་སྐྱེད་པ། ‘གདེང་ཚོད་བཞི་’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས་’བྱེད་ཐུབ་པ་བཅས་ལ་ཤུགས་སྣོན་རྒྱག་པ་མ་ཟད། ‘རྒྱལ་ཁབ་ཀྱི་དོན་ཆེན་’བློ་ལ་བརྟན་པོར་ངེས་ནས། ཏང་གིས་ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་བྱེད་པའི་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་གཏོང་བ། ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཀུན་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།” “རྒྱལ་ཁམས་ནི་མི་དམངས་དང་མི་དམངས་ནི་རྒྱལ་ཁམས་ཡིན། རྒྱལ་ཁམས་བརྩོན་ལེན་དང་རྒྱལ་ཁམས་སྲུང་བ་ནི་མི་དམངས་ཀྱི་སེམས་སྲུང་བ་ཡིན།” “རང་ཉིད་གསར་བརྗེ་རླབས་པོ་ཆེས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་དང་། སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེས་རང་ངོས་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་བཏང་སྟེ། ཏང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་ཁག་ཐེག་བྱེད་དགོས།” འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་འདི་དག་ལས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་གི་འཛུགས་སྐྲུན་ཆོས་ཉིད་གསལ་སྟོན་བྱས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་དུས་རབས་གསར་པར་ཏང་དོ་དམ་དང་ཏང་ནན་སྐྱོང་། ཏང་གོང་འཕེལ་དང་ཏང་སྟོབས་ཆེར་གཏོང་བའི་གོ་འཕང་གསར་པ་གཏོད་པར་ཁྲིད་སྟོན་བྱས་ཏེ། དུས་ཡུན་རིང་པོའི་སྲིད་སྐྱོང་ཆ་རྐྱེན་འོག་རང་ངོས་ཀྱི་གནད་དོན་ཐག་གཅོད་དང་། ལོ་རྒྱུས་ཀྱི་དུས་འཁོར་ལས་ཐར་བར་བྱེད་པའི་ལེགས་གྲུབ་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་སློབ་སྟོན་འོག ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་འདོད་ཀྱང་འགྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་གྱུར་པ་དང་སྟོབས་ལྡན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་པ་རེད།

——དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་འགྲིག་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཟམ་མི་འཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ཕན་འབྲས་ཆེ་བ། སྔར་ལས་དྲང་གཞག་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

——དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད་དེ། དབུལ་པོའི་རྫོང་832ཀྱི་དབུལ་ཞྭ་འབུད་པ་དང་། དབུལ་པོའི་གྲོང་ཚོ་ཁྲི་12.8ཚང་མ་དབུལ་གྲལ་ལས་ཕུད་པ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་དབུལ་བྲལ་བྱུང་བ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་པས་ཀྲུང་ཧྭའི་ས་གཞི་ཆེན་མོའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱུང་ཡོད།

——གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་ལ། འཕྲལ་ཐག་ཆོད་པོས་ཇུས་ཐག་གཅོད་པ་དང་བབ་བརླིང་གིས་ཁ་གཏད་འཇལ་བ། མི་དམངས་དང་ཚེ་སྲོག་ནི་བླ་ན་མེད་པར་འཛིན་རྒྱུ་རྒྱུན་འཁྱོངས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བར་ཚད་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་པ་དང་། གོ་ལའི་སྟེང་ཐོག་མར་རིམས་ནད་ཚོད་འཛིན་དང་། ཐོག་མར་ལས་ཀ་དང་ཐོན་སྐྱེད་བསྐྱར་གསོ། ཐོག་མར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བཅས་བྱས་པས་རིམས་ནད་སྔོན་འགོག་གི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

——མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་རྒྱུན་ཆད་མེད་པར་དོན་དངོས་སུ་འགྱུར་བཞིན་ཡོད། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ཟིན་པ་དང་། མི་དུང་ཕྱུར་10ལྷག་ཙམ་ལ་གཞི་རྩའི་རྒན་གསོའི་འགན་བཅོལ་ཡོད་པ་དང་། མི་དུང་ཕྱུར་13ལྷག་ཙམ་ལ་གཞི་རྩའི་སྨན་བཅོས་འགན་བཅོལ་ཡོད་པ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་གཉིས་པོ་རྒྱུན་མཐུད་ངང་གནས་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས། བསམ་པའི་སྟོབས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།

——ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ལ། རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

རླབས་ཆེ་བའི་དུས་རབས་གསར་པའི་ནང་རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་གསལ། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྟོན་གོ་གནས་སུ་གཏན་འཁེལ་བྱས་པ་དེའི་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ལ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། “གཏན་འཁེལ་གཉིས་”ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཞིག་དང་ཏང་དང་རྒྱལ་ཁབ་ཀྱི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་ཀྱི་བདེ་སྐྱིད་ཆེན་པོ་ཞིག་རེད།

2022ལོར་ལང་ཚོ་དར་ལ་བབས་པའི་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་གཟབ་རྒྱས་ངང་འཚོག་རྒྱུ་རེད། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་པོ་འཚོག་རྒྱུ་དེ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པས། བརྟན་ལྷིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་འཁོད་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས།

དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་དང་འཕོ་འགྱུར་མགྱོགས་སུ་འགྲོ་བའི་ལོ་བརྒྱའི་འགྱུར་ལྡོག སྔར་བས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་དང་ངེས་གཏན་མེད་པའི་ཕྱིའི་ཁོར་ཡུག་བཅས་ཀྱི་མདུན་དུ། ཆེས་རྩ་བར་གྱུར་པ་ནི་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས་”བྱེད་ཐུབ་པ། “རྒྱལ་ཁབ་ཀྱི་དོན་ཆེན་”ཡིད་ལ་བརྟན་པོར་ངེས་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་ལས་ཀ་ལེགས་པོ་སྒྲུབ་པ་དང་ཡིད་ཆེས་ཀྱིས་མདུན་དུ་སྐྱོད་དགོས། བརྟན་བརླིང་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་སུ་གཏོད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་མཐའ་འཁྱོངས་བཅས་བྱས་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱེད་དགོས།

དུས་ཚོད་ནི་ཆེས་ལྷག་བསམ་ལྡན་པའི་ཟིན་ཐོ་འགོད་མཁན་ཞིག་ཡིན། དེས་ཀྲུང་གོའི་གུང་ཁྲན་ཏང་མིའི་བརྗིད་ཉམས་ལྡན་པའི་ཁས་ལེན་ལ་བདེན་དཔང་བྱས་ཡོད་ལ། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་དང་འཕོ་འགྱུར་རླབས་པོ་ཆེ་ལ་བདེན་དཔང་བྱས་ཡོད། ཀྲུང་གོའི་མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་གདེང་ཚོད་དང་འཛད་མཐའ་མེད་པའི་སྟོབས་ཤུགས་ལ་ཡང་བདེན་དཔང་བྱས་ཡོད།

2012ལོའི་ཟླ་11པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་མཇལ་འཛོམས་གནང་སྐབས་“མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་”ཞེས་གཟི་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་རེད།

2016ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་“ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ནི་ངའི་ངོས་ནས་བརྗོད་ན་འགན་འཁྲི་ཞིག་རེད། ངས་ཚེ་གང་གི་སེམས་ནུས་དང་མི་ཚེ་ཡོངས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་ལ་དྲིན་ལན་འཇལ་རྒྱུ་ཡིན། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་པ་དང་། དཀའ་སྡུག་ཅི་འདྲ་འཕྲད་ནའང་ཐམས་ཅད་ཁྱད་གསོད་བྱ་རྒྱུ་ཡིན་”ཞེས་བརྩེ་བ་ཟབ་མོས་བརྗོད་པ་རེད།

2017ལོའི་ཟླ་10པར་ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་མཇལ་འཛོམས་གནང་སྐབས་“དུས་རབས་གསར་པར་རྣམ་པ་གསར་པ་ཡོད་དགོས་ལ་བྱས་རྗེས་གསར་པའང་ཡོད་དགོས་”ཞེས་དང་། “ཀྲུང་གོའི་མི་དམངས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་ཇེ་ཡག་ཏུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་”ཅེས་ཞལ་བཞེས་ནན་པོ་གནང་བ་རེད།

2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་“ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་དམ་ཟབ་ཡོད་པས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་”ཞེས་སྤོབས་པ་ཆེན་པོས་དམིགས་འདུན་བྱས་ཡོད།

“དེང་རབས་ཀྱི་ཀྲུང་གོ་ནི་རི་ཀླུང་བརྗིད་ཉམས་ལྡན་ཞིང་། མི་དམངས་སྤོབས་སེམས་ལྡན་ལ། མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་བཅས་ཡོད།” གནམ་ལོ་གསར་ཚེས་ཀྱི་དྲིལ་བརྡའི་ཁྲོད་འདས་དོན་ལ་ཕྱི་མིག་བལྟ་བ་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། རྒྱལ་ཡོངས་གོང་འོག་ཀུན་ཏུ་ཡིད་ཆེས་བརྒྱ་འགྱུར་དང་བློ་སྟོབས་རབ་ཏུ་འཕེལ་བའི་སྒོ་ནས། བློ་གཅིག་སེམས་གཅིག་ངང་སླར་ཡང་རྡོག་ཐོན་བྱེད་དགོས།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དྲག་ཆས་སྤྲས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན། ཏང་འཛུགས་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་སྒྲུབ་པ་དང་ཞུམ་མེད་མདུན་སྐྱོད་བྱས་ན། སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་གསར་སྐྲུན་བྱེད་ཐུབ་ངེས་ཡིན་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་ཐུབ་ངེས་རེད།

ལྷག་པ་ཚེ་རིང་གིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1