ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་བརྙན་ལམ་ནས་བཀའ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-22




འདི་ནི་ཟླ་3ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་བརྙན་ལམ་ནས་བཀའ་མོལ་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་བརྙན་ལམ་ནས་བཀའ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བ་དང་ཡུག་རེན་གྱི་དུས་བབ་སོགས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་སྐོར་ལ་ཟོལ་མེད་གཏིང་ཟབ་ཀྱི་སྒོ་ནས་དགོངས་འཆར་བརྗེ་རེས་གནང་བ་རེད།

    པའེ་ཀྲེན་གྱིས་བསྟན་དོན། ལོ་50ཡི་གོང་། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་གདམ་ག་གལ་ཆེན་བྱས་ནས“ཧྲང་ཧའེ་སྤྱི་བསྒྲགས”སྤེལ་ཡོད། ལོ་50ཡི་རྗེས་ཀྱི་དེ་རིང་། ཨ་ཀྲུང་འབྲེལ་བ་སླར་ཡང་འགག་རྩའི་དུས་སྐབས་སུ་སླེབས་ནས་ཨ་ཀྲུང་འབྲེལ་བ་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུ་དེས་དུས་རབས་21པའི་འཛམ་གླིང་གི་རྣམ་པ་གཏོད་རྒྱུ་རེད། དེ་གར་ངས་བསྐྱར་བཤད་བྱེད་འདོད་པ་ནི། ཨ་རིས་ཀྲུང་གོ་དང“འཇམ་འཐབ་གསར་པ”བསླང་འདོད་མེད་པ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་འདོད་མེད། མནའ་མཐུན་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ངོ་རྒོལ་བྱེད་འདོད་མེད། “ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་བྱེད་ཀྱི་མིན། ཀྲུང་གོ་དང་གདོང་ཐུག་བྱེད་འདོད་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་དང་། མཉམ་ལས་ལ་ཤུགས་སྣོན། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས། འགྲན་རྩོད་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ཡག་པོ་བཅས་བྱས་ནས། ཨ་ཀྲུང་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཨ་ཀྲུང་འབྲེལ་བའི་ཁ་ཕྱོགས་སྟངས་འཛིན་བྱེད་འདོད་ཡོད།


འདི་ནི་ཟླ་3ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་བརྙན་ལམ་ནས་བཀའ་མོལ་གནང་བཞིན་པ།

    ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཟླ་11པར་ངེད་གཉིས་ཀྱིས“དྲ་ཐོག་ཞལ་འཛོམས”ཐེངས་དང་པོ་བྱས་པ་ནས་བཟུང་རྒྱལ་སྤྱིའི་དུས་བབ་ལ་གལ་ཆེའི་འགྱུར་ལྡོག་གསར་པ་བྱུང་ཡོད། ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྲན་སློང་དྲག་པོ་འཕྲད་ནས་འཛམ་གླིང་ལ་ཞི་བདེ་མེད་ལ་ལྷིང་འཇགས་ཀྱང་མེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོཌ་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་གི་མདུན་གྲལ་དུ་གནས་པའི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་ཡིན་པའི་ང་ཚོས་ཀྲུང་ཨའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་མ་ཟད། ད་དུང་འཁུར་དགོས་པའི་རྒྱལ་སྤྱིའི་འགན་འཁྲིའང་ཁུར་ནས་འཛམ་གླིང་གི་ཞི་བདེ་དང་ལྷིང་འཇགས་ཆེད་འབད་བརྩོན་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་དང་སྐུ་ཞབས་ཙུང་ཐུང་གིས་ཀྲུང་ཨའི་དབར་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། ཁ་གཏད་དུ་མི་ལངས་བ་བཅས་བྱ་རྒྱུར་མོས་མཐུན་ཡོད་ལ། ཕྱོགས་གཉིས་པོས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་ཏུ་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་ཡང་ཡོད། ད་གིན་སྐུ་ཞབས་ཙུང་ཐུང་གིས་ཨ་རི་ཕྱོགས་ཀྱིས“འཇམ་འཐབ་གསར་པ”བསླང་འདོད་མེད་པ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་འདོད་མེད་པ། མནའ་མཐུན་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ངོ་རྒོལ་བྱེད་འདོད་མེད་པ། “ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་བྱེད་ཀྱི་མིན། ཀྲུང་གོ་དང་གདོང་ཐུག་བྱེད་འདོད་མེད་པ་བཅས་བསྐྱར་བསྒྲགས་གནང་སོང་། ཁྱེད་ཀྱི་རྣམ་འགྱུར་དེ་དག་ལ་ངས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།
    ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཀྲུང་ཨའི་འབྲེལ་བ་ད་དུང་ཨ་རིའི་སྐབས་གོང་མའི་སྲིད་གཞུང་གིས་བཟོས་པའི་དཀའ་གནད་ལས་སྒྲོལ་ཐུབ་མེད་པར་དེ་ལས་ལྡོག་སྟེ་འགྲན་སློང་དེ་བས་མང་བ་འཕྲད་ཡོད། ལྷག་པར་དུ་ཨ་རིའི་མི་ཁ་ཤས་ཀྱིས“ཐའེ་དབན་རང་བཙན་”ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གཏོང་བ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད། གལ་ཏེ་ཐའེ་དབན་གྱི་གནད་དོན་ཐག་གཅོད་ཡག་པོ་མ་བྱུང་ན་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྩ་སློག་རང་བཞིན་གྱི་ཤུགས་རྐྱེན་ཐེབས་རྒྱུ་རེད། རེ་བར་ཨ་རི་ཕྱོཌ་ཀྱིས་དེའི་ཐད་སྔར་བས་མཐོང་ཆེན་བྱེད་དགོས། ཀྲུང་ཨའི་འབྲེལ་བར་མིག་སྔའི་གནས་ཚུལ་ཐོན་པའི་ཐད་ཀའི་རྒྱུ་རྐྱེན་ནི་ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་ངེད་གཉིས་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་མེད་པ་དང་སྐུ་ཞབས་ཙུང་ཐུང་གི་དགེ་མཚན་ལྡན་པའི་རྣམ་འགྱུར་དོན་ཐོག་ཏུ་འཁྱོལ་མེད་པས་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འཐབ་ཇུས་འདོད་འདུན་ལ་གོ་ནོར་ཐེབས་པ་དང་བརྡར་ཤ་གཅོད་ནོར་ཤོར་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨ་རིའི་དབར་སྔོན་ཆད་དང་ད་ལྟ་གཉིས་ཀར་མི་མཐུན་པའི་ཆ་ཡོད་ལ་སླད་ཕྱིན་ཡང་མི་མཐུན་པའི་ཆ་ཡོང་སྲིད། འོན་ཀྱང་འགག་རྩ་ནི་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ཡག་པོ་བྱ་རྒྱུ་དེ་རེད། བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཀྲུང་ཨའི་འབྲེལ་བས་ཕྱོགས་གཉིས་ཀར་ཕན་པ་ཞིག་རེད།
    ཕྱོགས་གཉིས་པོས་མིག་སྔའི་ཡུག་རེན་གྱི་དུས་བབ་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
    པའེ་ཀྲེན་གྱིས་ཨ་རི་ཕྱོགས་ཀྱི་ལངས་ཕྱོགས་ངོ་སྤྲོད་བྱས་པ་དང་། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་བྱས་ཏེ་གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཡུག་རེན་གྱི་དུས་བབ་ད་ལྟའི་གནས་སུ་གྱར་བ་དེ་ཀྲུང་གོ་ཕྱོགས་ཀྱིས་མཐོང་འདོད་མེད། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་ཞི་བདེའི་འདོད་ཚུལ་འཛིན་པ་དང་དམག་འཁྲུག་ལ་ངོ་རྒོལ་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ཞིག་ཡིན། བྱ་དངོས་ཀྱི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་རང་ཚུགས་རང་བདག་གིས་བརྡར་ཤ་གཅོད་པ་དང་།
    རྒྱལ་སྤྱིའི་བཅའ་ཁྲིམས་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱ་རྒྱུ་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པའི་བདེ་འཇགས་ལྟ་བའི་འདོད་ཚུལ་འཛིན་པ་བཅས་བྱེད་ཀྱི་ཡོད། རྩ་དོན་ཆེན་པོ་དེ་དག་ནི་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་གཞི་ཚུགས་ས་རེད། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་མི་ཆོས་རིང་ལུགས་ཀྱི་དུས་བབ་སྐོར་གྱི་གྲོས་འགོ་དྲུག་བཏོན་ནས་ཡུག་རེན་དང་དེ་ལས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་གཞན་དག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་འདོད་ཡོད། ཕྱོགས་ཁག་གིས་ཨུ་རུ་སུ་དང་ཡུག་རེན་དབར་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུར་མཉམ་དུ་རྒྱབ་སྐྱོར་བྱས་ནས་འབྲས་བུ་ཐོབ་པ་དང་ཞི་བདེ་ཡོང་བ་བྱེད་དགོས། ཨ་རི་དང་བྱང་ཆིངས་ཀྱིས་ཀྱང་ཨུ་རུ་སུ་དང་སྐད་ཆ་ཤོད་རེས་བྱས་ནས་ཡུག་རེན་གྱི་ཉེན་ཁའི་ལྐོག་གི་གནད་དོན་ཐག་གཅོད་བྱས་ཏེ་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོའི་བདེ་འཇགས་ཐད་ཀྱི་སེམས་ཁྲལ་སེལ་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་རྒྱལ་ཁབ་ཁག་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད། གཅིག་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་དགོས་ལ། གཅིག་ཤོས་ནས་དཔལ་འབྱོར་དང་དམངས་འཚོར་འགན་ལེན་ཡང་བྱེད་དགོས། རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ་ཡིན་པའི་ང་ཚོས་འཛམ་གླིང་ཡོངས་ཀྱི་གླེང་མང་བའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་བསམ་གཞིག་བྱེད་དགོས་ལ། གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་མི་དམངས་དུང་ཕྱུར་བཅུ་ཕྲག་གི་ཐོན་སྐྱེད་དང་འཚོ་བར་དེ་བས་ཀྱང་བསམ་གཞིག་བྱེད་དགོས། ཁྱོན་ཡོངས་དང་ཁྱད་མེད་ཀྱི་བཀག་སྡོམ་བྱས་ན། སྡུག་པོ་མྱོང་མཁན་ནི་སྔར་བཞིན་མི་སེར་རེད། གལ་ཏེ་དུས་བབ་སྔར་བས་ཛ་དྲག་ཏུ་སོང་ན་ད་དུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ནུས་རྒྱུ། འབྲུ་རིགས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སོགས་ལ་ཉམས་ཉེན་ཚབས་ཆེན་ཐོན་ཏེ་མ་གཞི་ནས་དཀའ་ངལ་ཡོད་པའི་འཛམ་གླིང་གི་དཔལ་འབྱོར་ལ་སྡུག་པོ་ཉིས་བརྩེགས་བཟོས་ནས་སླར་གསོ་བྱ་ཐབས་བྲལ་བའི་གྱོང་གུན་ཕོག་སྲིད། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་རུང་ང་ཚོས་དེ་བས་བབ་བརླིང་དང་རང་གཅུན་རྒྱུན་འཁྱོངས་བྱེད་དགོས། གནས་ཚུལ་གང་ཞིག་ཐོན་རུང་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཞི་བདེར་མཐུན་རྐྱེན་བསྐྲུན་དགོས་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་གོ་སྐབས་འཇོག་དགོས། ཀྲུང་གོ་བའི་ཁ་རྒྱུན་དུ་ཤོད་སྲོལ་གཉིས་ཡོད་པ་སྟེ། གཅིག་ནི“ལག་པ་གཅིག་གིས་ཟློག་པ་མི་ཡོང”ཞེས་པ་དང་། གཅིག་ཤོས་ནི“སྦྲུལ་གྱི་མདུད་པ་སྦྲུལ་གྱིས་བཤིག”ཅེས་པ་དེ་རེད། དེའི་འགག་རྩ་ནི་དོ་བདག་ཕྱོགས་ཀྱིས་ཆབ་སྲིད་ཀྱི་འདུན་པ་མཚོན་པ་དང་། མིག་སྔའི་དུས་བབ་ལ་དམིགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་བྱས་ནས་ཐག་གཅོད་བྱ་ཐབས་འོས་འཚམ་འཚོལ་དགོས། ཕྱོགས་གཞན་དག་ནས་དེའི་ཐད་ཆ་རྐྱེན་བསྐྲུན་དགོས། ད་ལྟ་གལ་ཆེ་ཤོས་ནི་མུ་མཐུད་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་མི་སེར་ཤི་རྨས་མི་ཡོང་བ་དང་། མི་ཆོས་རིང་ལུགས་ཀྱི་ཉེན་ཁ་མི་ཐོན་པ་བྱེད་པ། སྔ་ཙམ་དམག་མཚམས་འཇོག་པ་བཅས་བྱ་རྒྱུ་དེ་རེད། ཕུགས་ཕན་གྱི་ཐབས་ལམ་ནི་རྒྱལ་ཁབ་ཆེན་པོའི་དབར་ཕན་ཚུན་བརྩི་འཇོག་དང་། འཇམ་འཐབ་ཀྱི་བསམ་ཕྱོགས་དོར་བ། ཤོག་ཁག་སྒྲིག་ནས་ཁ་གཏད་དུ་མི་ལངས་པ་བཅས་བྱས་ནས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་རིམ་བཞིན་འཛུགས་རྒྱུ་དེ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཆེད་དུ་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡོད། སླད་ཕྱིན་ཡང་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན།
    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ཐེངས་ཀྱི་བརྙན་ལམ་ནས་བཀའ་མོལ་གནང་བ་ནི་དགེ་མཚན་ལྡན་པ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་ལས་དོན་ཚོགས་པས་དུས་ཐོག་ཏུ་རྗེས་སྙེག་དང་བྱ་སྤྱོད་དངོས་སྤེལ་ནས་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལམ་བུར་བསྐྱར་ལོག་ཐུབ་པའི་བརྩོན་ལེན་བྱས་ཏེ་ཡུག་རེན་གྱི་ཉེན་ཁ་ཐག་གཅོད་འོས་འཚམ་བྱ་ཆེད་རང་རང་སོ་སོས་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1