ཟླ་3ཚེས་22ཉིན། འཛམ་གླིང་ཆུ་སྲུང་ཉིན་མོ་སྐབས་སུམ་ཅུ་པ་དང་ཀྲུང་གོ་ཆུ་སྲུང་ཟླ་འཁོར་སྐབས་སོ་ལྔ་པ་ཡིན་པས། མཛོད་དགེ་རྫོང་གིས་ཐབས་ལམ་སྣ་ཚོགས་སྤྱད་ནས་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། ཀུན་གྱིས་ཆུ་ལ་དོ་ཁུར་དང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་བོ་བསྐྲུན།
བྱེད་སྒོའི་ཡུལ་དངོས་སུ། ལས་སྒྲུབ་མི་སྣས་འཕྲེད་ཡིག་བཀལ་ཅིང་སྒྲོག་ཤོག་བཀྲམ་པ། ཆུའི་ཁྲིམས་སྲོལ་འགྲེལ་བཤད་སོགས་ཀྱི་སྒོ་ནས། འཚོ་བར་ཉེ་བའི་ཐབས་ཤེས་དང་སྐད་ཆའི་ལམ་ནས། རྒྱ་ཆེའི་མང་ཚོགས་ལ་ཆུའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་རྟོགས་སུ་བཅུག་ནས། མང་ཚོགས་ཀྱིས་ཁྲིམས་ལྟར་ཆུ་སྤྱོད་ཅིང་ཆུ་ལམ་སྲུང་བ། ཆུའི་ཐོན་ཁུངས་བདག་གཅེས་གནང་བ། ཆུའི་སྐྱེ་ཁམས་སྲུང་བ་བཅས་ཀྱི་འདུ་ཤེས་དང་ལྟ་བ་ཇེ་ཆེར་བཏང་།
བྱེད་སྒོར། ད་དུང་མང་ཚོགས་ལ་ཆུ་བེད་ཆུ་དོན་སྐོར་གྱི་ལྟ་སྐུལ་ཁ་པར་གྱི་ཨང་གྲངས་12314བསྒྲགས་ཏེ། མང་ཚོགས་ཡོངས་ནས་ཆུ་བོ་དང་མཚེའུ་སྲུང་སྐྱོང་དང་ལྟ་སྐུལ་ལས་ཀར་ཞུགས་ནས། སྤྱི་ཚོགས་ཡོངས་ནས་ཆུར་གཅེས་ཤིང་ཆུ་སྲུང་བ། ཆུ་གྲོན་ཆུང་བཅས་བྱེད་པའི་འདུ་ཤེས་གཅིག་ཏུ་བསྒྲིལ་བར་སྐུལ། མཛོད་དགེ་རྫོང་ཆུ་དོན་ཅུས་ཀྱི་ཆུ་སྲིད་ཚན་ཁག་གི་ཚན་གཙོ་ཝང་ཧའོ་ཡིས། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི། སྤྱི་ཚོགས་ཡོངས་ཀྱི་ཆུ་ལ་སྔར་ལས་དོ་ཁུར་དང་བདག་གཅེས། སྲུང་སྐྱོང་། སེམས་ཁྲལ་བཅས་ཀྱི་འདུ་ཤེས་ཇེ་ཆེར་བཏང་སྟེ། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། སྲུང་སྐྱོང་དང་དོ་དམ་བཅས་ལ་སྐུལ་དགོས། ཞེས་བཤད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོར། བསྡོམས་པའི་སྒྲོག་ཤོག་500ལྷག་བཀྲམ་ཞིང་འཕྲེད་ཡིག་8བཀལ་བ་དང་མང་ཚོགས་ཀྱི་བློ་འདྲི་ཐེངས་30ལྷག་ལ་ལན་བཏབ།