—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
ཟླ་3ཚེས་11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་ཞིང་། ཚོགས་ཞུགས་འཐུས་མི་རྣམ་པས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག རང་འགན་གཙང་སྒྲུབ་ནན་ཏན་བཅས་གནང་ནས་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
ད་ཐེངས་ཀྱི་ཚོགས་ཆེན་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཕྱོགས་སུ་སྐྱོད་པའི་དུས་སྐབས་གལ་ཆེན་དུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་ཐོག་འདས་ཟིན་པའི་ལོ་གཅིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གསར་པ་གལ་ཆེན་དང“ལོ་ལྔ་ཚན་བཅུ་བཞི་པ”འགོ་ཡག་པོ་བཙུགས་པར་ཚད་མཐོའི་གདེང་འཇོག་གནང་ཞིང་། འཐུས་མི་རྣམ་པས་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བའི་འབྲས་བུ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་བཅས་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གལ་ཆེན་གཞན་དག་ཁག་ལ་གྲོས་ཞིབ་གནང་བ་དང་འབྲེལ་ཆོག་མཆན་ཡང་གནང་ཞིང་། འཐུས་མི་རྣམ་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད། འདི་ནི་དམ་པ་དོན་གཉེར་དང་། གསར་འབྱེད་གསར་གཏོད། མི་སེམས་ལ་སྐུལ་ལྕག་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཚོགས་ཆེན་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། ས་གནས་མི་དམངས་འཐུས་ཚོགས་དང་ས་གནས་སྲིད་གཞུང་གི་རྩ་འཛུགས་དང་ལས་དོན་གྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་གནས་ཀྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་བས་ལེགས་པའི་སྒོ་ནས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་སྟེ་ལོ་གཅིག་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་ཧུར་ཐག་ཁུར་ནས་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་གསར་པར་གདེང་འཇོག་གང་ལེགས་གནང་བ་རེད། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་ཆེད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་གཅིག་སྒྲིལ་བྱུང་བ་དང་སྟོབས་ཤུགས་ཆེན་པོ་བསྣན་ཡོད།
དེང་སྐབས་རྒྱལ་སྤྱིའི་དུས་བབ་ལ་མུ་མཐུད་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་འདྲེས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་རྡབ་རྡེབ་ཕོག་པ། རྒྱལ་ཁབ་ཆེན་པོའི་དབར་གྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་པ། འཛམ་གླིང་འདི་ཉིད་ཡམ་ཡོམ་འགྱུར་ལྡོག་གི་དུས་སྐབས་གསར་པར་སླེབས་པ། རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་བཅས་ཡོད། འགོ་འཛུགས་ས་གསར་པའི་ཐོག་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར། ང་ཚོར་ཐོབ་པར་དཀའ་བའི་གོ་སྐབས་འཕྲད་པ་མ་ཟད། ཛ་དྲག་གི་འགྲན་སློང་ཡང་འཕྲད་ཡོད། འདི་ལོའི་ལོ་སྨད་དུ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ནས་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱོགས་སྡོམ་དང་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་ཀྱི་འཆར་གཞི་འགོད་རྒྱུ་རེད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྲོལ་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་པར་ཏང་དང་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་ལྡོག་མེད་ལམ་བུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལྡོག་མེད་ལམ་བུ། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ལམ་བུ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནི་དུས་རབས་གསར་པར་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལྡོག་མེད་ལམ་བུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་གི་སྐྱེ་སྟོབས་གསོན་ཤུགས་ནམ་ཡང་མི་ཉམས་པ་དང་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་སྐྱོད་པའི་ལྡོག་མེད་ལམ་བུ་བཅས་ཡིན་པ་ང་ཚོས་ཤེས་རྟོགས་གཏིང་ཟབ་བྱེད་དགོས། རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ང་ཚོས་ཕུགས་འདུན་མི་འགྱུར་བ་དང་འགྲོ་ལམ་མི་འགྱུར་བའི་ཆོད་སེམས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས། རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ཕན་ཡོད་མཐུན་རྐྱེན་མང་པོ་ཁོང་དུ་ཆུད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་ངལ་བསུ་བཞིན་མདུན་དུ་སྐྱོད་པ། འཐབ་རྩོད་བྱེད་ཕོད་པ། འབད་འབུངས་མདུན་སྐྱོད། འབད་འབུངས་ཡར་བརྩོན་བཅས་བྱས་ནས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། འབད་འཐབ་ཀྱིས་འབྱུང་འགྱུར་གཏོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ང་ཚོར། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་ལས་བྱུང་བའི་འབྲས་བུ་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་མངོན་གསལ་དོད་ཤོས་ཀྱི་བསམ་པའི་མཚོན་རྟགས་ཤིག་ཡིན་པ་བརྗོད་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱིས་ད་དུང་ང་ཚོར། འབད་འཐབ་ཀྱི་དམིགས་ཚད་གསལ་པོར་དམིགས་ནས་གྲུབ་པའི་མཐུན་སྒྲིལ་ནི་ཆེས་སྲ་བརྟན་གྱི་མཐུན་སྒྲིལ་ཡིན་པ་དང་། མཐུན་སྒྲིལ་དམ་ཟབ་ལ་བརྟེན་ནས་འབད་འཐབ་བྱེད་པ་དེ་ནི་ཆེས་ནུས་ལྡན་གྱི་འབད་འཐབ་ཡིན་པ་བརྗོད་ཡོད། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་དགོས། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས་པ་དང་ཀྲུང་གོ་གུང་ཁྲན་ཏང་མི་ཁྲི་9500ལྷག་ཙམ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་འབྲེལ་བྱས་ནས་འབྱུང་འགྱུར་ལ་ཕྱོགས་ཚེ། ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཏེ་མི་རྣམས་ཧང་སངས་དགོས་པའི་ངོ་མཚར་བྱས་རྗེས་གསར་པ་མུ་མཐུད་གཏོད་ཐུབ་ངེས་རེད།
མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་དང་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོ་ཞིག་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དམངས་གཙོ་དོན་གཉེར་དང་། དམངས་གཙོ་འཕེལ་རྒྱས། དམངས་གཙོ་མངོན་འགྱུར་བཅས་བྱེད་པའི་གསར་གཏོད་རླབས་པོ་ཆེ་ཞིག་དང་། ཏང་གིས་ཀྲུང་གོའི་དམངས་གཙོའི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལག་ལེན་གསར་གཏོད་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བའི་ཉམས་མྱོང་གི་ཉིང་བཅུད་ཅིག་རེད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་ལ། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་དེ་ཞིབ་ཕྲ་དང་དོན་དངོས་སྒོ་ནས་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་བྱེད་ཐབས་ཐོག་མངོན་པ་དང་། ཞིབ་ཕྲ་དང་དོན་དངོས་སྒོ་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་ཁག་དང་རིམ་ཁག་གི་ལས་དོན་ཐོག་མངོན་པ། ཞིབ་ཕྲ་དང་དོན་དངོས་སྒོ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་པའི་ལས་དོན་ཐོག་མངོན་པ་བཅས་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་དང་དུས་བསྟུན་མདུན་སྐྱོད་སྒོ་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་བསྒྱུར་བ་བཅས་བྱས་ནས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་དེ་བས་ལེགས་པའི་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་གཅིག་སྒྲིལ་བྱེད་དགོས།
དེང་གི་ཀྲུང་གོ་འདི་ཉིད་རི་ཀླུང་མཛེས་སྡུག་ལྡན་ལ། མི་དམངས་བློ་སྟོབས་ལྡན་ཞིང་མདུན་ལམ་ཡངས་ཤིང་ཆེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།