༄༅།། རྒྱལ་བའི་བཀའ་འགྱུར་བཞུགས་པའི་པར་ཁང་བཞིའི་པར་གཞི་བྱུང་རིམ་བསྡུས་པ།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༢༤ཉིན།


དབང་ཆེན་གྱིས་བྲིས།



        མངོན་རྫོགས་སྟོན་པ་མི་མཇེད་ཞིང་གི་དཔལ། །ངོ་མཚར་མཚན་དཔེ་གཟུགས་སུ་ཤར་བའི་སྐུ། །ཟག་མེད་མཁྱེན་བརྩེའི་ཐུགས་རྗེའི་གཏེར་མངའ་བ། །སྟོན་པ་བཀའ་དྲིན་ཅན་ལ་ཕྱག་བགྱིའོ། །འདིར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་རྣམས་ཇི་ལྟར་བསྡུས་པའི་སྐོར་ལ། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་སྦྲུལ་ཏེ་ཕུག་ལུགས་ལྟར་ན་སྤྱི་ལོའི་གོང་གི་881དང་། གནས་བརྟན་སྡེ་པའི་ལུགས་ལྟར་ན་སྤྱི་ལོའི་གོང་གི་ས་རྟ་སྟེ་545ལོར་བཀའ་བསྡུ་དང་པོ་མཛད་པར་གྲགས་ལ། སྐབས་དེར་དགེ་སློང་རྣམས་ཆོས་འཆད་ཉན་སྒོམ་གསུམ་ལས་སྒོམ་པ་གཙོ་ཆེར་བྱས་ནས་འཆད་ཉན་ལ་སྤྲོ་བ་ཆེར་མ་མཛད་པར་བསམ་གཏན་གྱི་ཏིང་ངེ་འཛིན་ལ་བཞུགས་པ་ན། སྐྱེ་བོ་མང་པོ་ཞིག་གིས་སྟོན་པ་མྱ་ངན་ལས་འདས་ནས་སྟོན་པའི་བསྟན་པ་འཆད་ཉན་ཡང་མེད་པར་རྒྱུན་ཆད་པ་གྱུར་ན་བསྟན་པ་ཇི་ལྟར་འཛིན་པར་འགྱུར་ཞེས་གང་སར་འཕྱ་སྨོད་བྱས་པའི་རྐྱེན་གྱིས། ཉན་ཐོས་འོད་སྲུང་ཆེན་པོས་དགྲ་བཅོམ་པ་དང་དགེ་སློང་མང་པོ་ཞིག་བསྡུས་ནས་སྟོན་པའི་གསུངས་རྣམས་བཀའ་བསྡུ་མཛད་དགོས་པའི་དགོངས་འཆར་གནང་། དེ་ནས་རྒྱལ་པོའི་ཁབ་ཀྱི་ཤར་ལྷོའི་ཕྱོགས་སུ་གནས་ཆེན་བདེ་བ་ཅན་གྱི་བྲག་ཕུག་ཏུ་འོད་སྲུང་ཆེན་པོ་རང་ཉིད་ཀྱིས་མངོན་པའི་སྡེ་སྣོད་སྡུད་པ་པོ་མཛད་པ་དང་། དགྲ་བཅོམ་པ་ཉེ་བ་འཁོར་གྱིས་འདུལ་བའི་སྡེ་སྣོད་སྡུད་པ་པོ་མཛད། ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད་སྡུད་པ་པོ་མཛད། སྐབས་དེར་ཡུལ་དབུས་ཀྱི་མ་གྷ་དྷའི་རྒྱལ་པོ་མ་སྐྱེས་དགྲས་སྲིད་ལ་དབང་བསྒྱུར་བྱེད་པའི་སྐབས་དང་ཁེལ་ཡོད་པར་གྲགས་ལ། རྒྱལ་པོ་དེ་ཉིད་ཀྱིས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དགྲ་བཅོམ་པ་དེ་དག་ལ་ཞབས་འབྲིང་དུ་སྦྱིན་བདག་མཛད་པར་གྲགས་སོ། །
        རིན་ཆེན་རྡུལ་མང་བརྩེགས་པའི་བྲག་སྐྱིབ་དབུས། དགྲ་བཅོམ་ལྔ་བརྒྱ་འདུས་པའི་ཚོགས་དབུས་སུ། །འཕགས་པའི་གནས་བརྟན་མི་བརྗེད་གཟུངས་ཐོབ་ཀྱིས། །ཆོས་སྐུའི་རིང་བསྲེལ་བཀའ་བསྡུ་དང་པོ་བྱས། །དེ་ནས་བཀའ་བསྡུ་གཉིས་པ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུའི་དུས་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་བྱས། རྒྱུ་ནོར་དང་བཟའ་བཏུང་མང་པོ་གསོག་འཇོག་བྱས་ཏེ་ཆོས་ཁྲིམས་ལ་བཅོས་བསྒྱུར་བྱས་པའི་རྐྱེན་གྱིས། བཀའ་བསྡུ་གཉིས་པ་དེ་མཛད་དགོས་པ་བྱུང་བ་ཡིན་ལ། བཀའ་བསྡུ་གཉིས་པ་དགྲ་བཅོམ་པ་གྲགས་པ་ཞེས་བྱ་བ་དེས་མཛད། བཀའ་བསྡུ་མཛད་པའི་གནས་ཡངས་པ་ཅན་གྱི་ཀུསྨ་སུ་རིའི་གཙུག་ལག་ཁང་ཡིན་པར་བཞེད་ལ། བཀའ་བསྡུ་མཛད་ཚུལ་ནི་གྲོང་ཁྱེར་ནོར་ཅན་ནས་དགྲ་བཅོམ་པ་གྲགས་པ་འཁོར་ལྔ་བརྒྱ་དང་བཅས་ཡངས་པ་ཅན་དུ་འོང་ནས་མི་རུང་བའི་གཞི་བཅུ་བྱས་པ་རིག་ནས། དགྲ་བཅོམ་པ་ཐམས་ཅད་འདོད་ཀྱི་དྲུང་ན་གླེང་སྟེ། དམར་བུ་ཅན་གྱི་ཟླ་རྒུར་ལ་སོགས་པའི་ཕྱོགས་བཙལ་ནས་དགྲ་བཅོམ་པ་བདུན་བརྒྱ་འདུས་ཏེ་རུང་བ་མ་ཡིན་པའི་གཞི་བཅུ་མཛད་པའི་དགེ་སློང་དེ་དག་རེ་རེ་བཞིན་ཚར་གཅོད་ནས་འདུལ་བའི་ལུགས་ལྟར་ལས་ཀྱི་ཆོ་གའི་སྒོ་ནས་གནས་དབྱུང་བར་མཛད་པ་《བུ་སྟོན་ཆོས་འབྱུང་དང་ལྡེའུའི་ཆོས་འབྱུང་》སོགས་ལས་གསལ་པོར་གསུངས་སོ། །
        རྣམ་དག་ཞི་བསིལ་འདུལ་བ་རྒྱ་མཚོའི་ཀློང་། །རུང་མིན་གཞི་བཅུའི་ལན་ཚའི་དྲིས་རྙོག་པར། །གྲགས་པའི་སྡེ་བཅས་དགྲ་བཅོམ་བདུན་བརྒྱ་དེས། །རྣམ་དཔྱོད་ཀེ་ཏ་ཀ་ཡིས་བགྲུངས་བར་བྱས། །དེ་ནས་བསྡུ་བ་གསུམ་པ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་རྒྱལ་པོ་མྱ་ངན་མེད་སྔོན་མ་ཀ་ལ་ཡ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་བྱུང་ཞིང་། དེ་ནས་ལོ་དྲུག་སོང་བའི་སྐབས་དེར། ཡུལ་མ་རུ་ཊ་ཡི་ཕྱོགས་སུ་ཚོང་དཔོན་ཞིག་གི་བུ་ལྷ་ཆེན་པོ་ཞེས་འབོད་པ་ཞིག་་གིས་རང་གི་ཕ་མ་གཉིས་དང་དགྲ་བཅོམ་པ་སོགས་བསད་ནས་ཡུལ་དེར་བསྡད་མ་ཐོད་པར་ཁ་ཆེའི་ཡུལ་དུ་བྲོས་ནས་ཉེས་པ་དེ་དག་གསང་སྟེ་རང་ཉིད་དགེ་སློང་ཡིན་པའི་ཚུལ་བྱས་པ་དང་། རིག་པ་རྣོ་བས་ནང་ཆོས་ལ་མཁས་པར་གྱུར། རང་གི་སྡིག་པ་སྦྱངས་སླད་དགོན་པར་སོང་སྟེ་ཏིང་ངེ་འཛིན་སྒོམ་པ་ལས་ནམ་ཞིག་བདུད་ཀྱིས་བྱིན་རླབས་ཞུགས་ཏེ། ནང་ཆོས་གཞུང་ལུགས་ཀྱི་དགོངས་པ་དང་མི་མཐུན་པའི་ལྟ་བ་གསར་པ་དང་ཆོས་ལོག་མང་པོ་ཞིག་་སྤེལ་བར་བྱས། དེ་ནས་འཁོར་རྣམས་ཀྱིས་དཀོན་མཆོག་གསུམ་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དྲིས་པས། ཁོ་བོས་དགྲ་བཅོམ་པ་ཁས་བླངས་ཀྱིས་སྟོན་པ་ཡིན་པར་མ་སྨྲས་སོ། ། དེ་དག་ལུང་བསྟན་པ་ནི་ཐེ་ཚོམ་དང་སོམ་ཉི་ལས་རྒལ་བའི་སངས་རྒྱས་འབའ་ཞིག་གོ། ཞེས་པ་ལ་སོགས་པའི་རྫུན་ཚིག་གིས་ཚོགས་པ་རྣམས་མགོ་བོ་བསྐོར་ཏེ་ལོག་འཚོ་མང་དུ་ཟས་ནས་ཤི་སོང་བར་གྲགས་ལ། དེའི་རྗེས་སུ་དགེ་སློང་བཟང་པོ་ཟེར་བ་ཞིག་གིས་ཀྱང་དེ་དང་མཐུན་པའི་ལྟ་བ་གསར་པ་སྤེལ་ནས་གསོ་སྦྱོང་གི་《སོ་སོ་ཐར་པའི་མདོ་》འདོན་སྐབས་མདོ་ཚིག་དང་མི་མཐུན་པའི་ཚིག་སྣ་རིང་ཐུང་སྣ་ཚོགས་དང་། ཡུལ་སྐད་མི་འདྲ་བའི་ཐོག་ནས་བཏོན་པས་དོན་ལ་གོ་བ་ལེན་སྟངས་མི་མཐུན་པ་མང་པོ་བྱུང་ནས་ཐོག་མར་དགེ་སློང་གནས་བརྟན་བགྲེས་པོ་ཕྱོགས་གཅིག་དང་། གཞོན་པ་མང་ཆེ་བ་ཕྱོགས་གཉིས་སུ་སོང་ནས། དེ་གཉིས་ཀྱང་ནང་གསེས་ཕྱོགས་ཁག་མི་འདྲ་བ་མང་པོར་གྱེས་ནས་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས། སྐབས་དེར་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བར་གྲགས་ལ། དེ་ནས་དགྲ་བཅོམ་པ་པུརྣི་ཀ་ལ་སོགས་པ་འབྲས་བུ་མ་ཐོབ་པ་བསྡོམས་པའི་ལྔ་བརྒྱ་དང་། ཁ་ཆེའི་ཡུལ་གྱི་ཛ་ལནྡྷ་རའི་དགོན་པ་ན་བ་སུ་བནྡྷི་ལ་སོག་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། པནྜི་ཏ་དང་སྡེ་སྣོད་འཛིན་པ་མང་པོ་བཅས་བསྡོམས་དགེ་འདུན་ཆིག་ཁྲི་བདུན་སྟོང་འཛོམས་ཏེ་ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཀརྣི་ཀ་སྦྱིན་བདག་བྱས་ནས་བཀའ་བསྡུ་བར་གསུམ་པ་བྱས་པར་གྲགས།
        ཀྲི་ཀྲིའི་སྲས་མོ་གསེར་ཅན་རྨི་ལམ་ཞིང་། །སངས་རྒྱས་འོད་སྲུང་ལུང་གིས་བསྔགས་པ་ཡིས། །སྡེ་པ་བཅོ་བརྒྱད་བསྟན་པ་རྣམ་དག་ཏུ། །རྣམ་གྲོལ་ལམ་ལ་གཅིག་ཏུ་འཇུག་པར་བསྒྲུབས། །དེ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བཀའ་ཡི་བསྡུ་བ་མཛད་ཚུལ་རྣམས་རགས་རིམ་ཙམ་དུ་སོང་ནས། ད་ནི་བོད་གངས་ཅན་གྱི་ལྗོངས་སུ་སྟོན་པའི་གསུང་རབ་ཀྱི་བཀའ་ཐོག་མར་ལྷ་ཐོ་ཐོ་རིའི་དུས་སུ་བསྟན་པའི་བཀའ་ཡི་དབུ་བརྙེས་པ་དང་། དེ་ནས་བཙན་པོ་ཁྲི་སྲོང་གི་སྐབས་སུ་བོད་ཀྱི་ཡི་གེའི་སྲོལ་གཏོད་ནས་བསྟན་པའི་གསུང་རབ་ཀྱི་གཞི་ཚུགས། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ནས་དར་ཞིང་རྒྱས་པར་མཛད་ནས། མེས་པོ་དེ་དག་གི་རིང་ལ་བོད་མུན་པའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་བྱས་པ་ནི་བསྟན་པ་སྔ་དར་གྱི་སྐབས་ཡིན། དེ་ནས་བསྟན་པ་ཕྱི་དར་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་གདན་དྲངས་ནས་བསྟན་པའི་གཞི་བཙུགས། ལོ་ཙཱ་བ་རིན་ཆེན་བཟང་པོས་གསང་སྔགས་ཀྱི་ཆོས་མང་པོ་བསྒྱུར་ནས་འཆད་ཉན་གྱི་དར་སྤེལ་བཏང་། ཕྱིས་སུ་མངའ་བདག་མར་པ་ལོ་ཙཱ་ཡང་རྒྱ་གར་དུ་ལན་གསུམ་བྱོན་ཏེ་པཎ་ཆེན་ནཱ་རོ་པ་སོགས་མཁས་པ་མང་པོར་བསྟེན་ནས་སློབ་གཉེར་མཛད་དེ་ཕྱིར་བོད་དུ་ཕེབས་ནས་བདེ་དགྱེས་གསང་གསུམ་སོགས་རྒྱུད་སྡེ་མང་པོ་བསྒྱུར་ནས་གསང་སྔགས་གསར་མ་ཞེས་གྲགས་པ་དེ་ནས་བྱུང་། འདི་དག་གི་དོན་རྒྱས་པ་ཤེས་འདོད་ན་ཆོས་འབྱུང་དང་རྣམ་ཐར་ལོ་རྒྱུས་ཁག་ལ་གཟིགས་དང་ཞིབ་ཏུ་ཤེས་པར་འགྱུར་རོ། ། ལོ་ཙཱ་བ་རིན་ཆེན་བཟང་པོས་སྐབས་དེར་བོད་ལ་ལུགས་རྫི་སྐར་རྒྱལ་ཞེས་པ་དེར་མི་མ་ཡིན་གྱིས་རློམས་ཏེ་ཆོས་ལོག་མང་ཙམ་བཤད་པར་གྲགས་ཀྱང་ལོ་ཆེན་རིན་ཆེན་བཟང་པོའི་ཚར་གཅོད་པར་སྡོམ་གསུམ་རབ་དབྱེའི་ལས་གསུངས་པ་དང་། དེ་ནས་དུས་རབས་བཅུ་གཉིས་དང་བཅུ་གསུམ་པ་ཡས་མས་སུ་བོད་དུ་ཆོས་རྒྱུད་ཁག་མང་པོ་ཞིག་ཏུ་མདོ་སྔགས་གཉིས་ཀའི་ཕྱོགས་ནས་རྒྱལ་བའི་བཀའ་དང་མི་མཐུན་པའི་ཆོས་ལོག་གི་སྲོལ་མང་པོ་ཞིག་དར་ཡོད་པ་རྣམས་ཆོས་རྗེ་ས་སྐྱ་པཎྜི་ཏས་སྡོམ་གསུམ་རབ་དབྱེ་བརྩམས་ཏེ་དགག་བཞག་གཉིས་ཀྱི་བསྟན་པ་དག་ཐེར་བྱས་ནས་བཀའ་བསྡུ་བཞི་པ་མཛད་ཡོད་པ་ཡིན་ལ། ཁོང་གིས་སྡོམ་གསུམ་རབ་དབྱེའི་འགོར། བདག་ནི་སངས་རྒྱས་བསྟན་པ་ལ། །མི་ཕྱེད་པ་ཡི་དད་པ་ཡོད། །འོན་ཀྱང་སངས་རྒྱས་བསྟན་པ་ལ། ། འཁྲུལ་པ་སྤྱོད་ལ་བདག་མ་དད། །ཞེས་གསུངས་སོ། །

        བྱང་ཕྱོགས་ཁ་བ་ཅན་གྱི་གནས་མཆོག་ཏུ། །བསྟན་པའི་ཉིན་བྱེད་འདྲེན་པའི་ཤིང་རྟ་ཆེར། །ཐུགས་རྗེ་དགོངས་པ་དབྱིངས་ནས་བཞེངས་པ་ཡིས། །མཁས་གྲུབ་ལོ་པཎ་དེ་དག་ནམ་ཡང་གུས། །དེ་ནས་བོད་ཡུལ་ས་ལའི་ལྗོངས་འདིར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་ཇི་ལྟར་བསྐྲུན་པའི་སྐོར་བཤད་པ་ལ། སྤྱིར་སྔོན་གྱི་ཡབ་མེས་དེ་དག་གིས་རྒྱ་བོད་ཧོར་གསུམ་གྱི་རྟེན་གསུམ་རྣམས་གདན་དྲངས་ནས་ལྷ་ཁང་བརྩིགས་པ་དང་མཆོད་རྟེན་དང་གཙུག་ལག་ཁང་བཞེངས་ནས་། དེ་དག་གི་ནང་དུ་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་སུ་གསོལ་བ་ནི་གནས་སྐབས་དང་མཐར་ཐུག་ལ་དགོངས་ནས་རང་ཅག་མགོ་ནག་བོད་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར་ཡོད་ལ། ཁྱད་པར་དུ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེས་སྐུ་ཚེ་གོང་པོའི་རིང་ལ་རང་འདོད་ཀྱི་འཕྲི་བ་རྩད་ནས་བཅད་དེ་ཁམས་གསུམ་གྱི་སེམས་ཅན་སྤྱི་དང་བྱེ་བྲག་འགྲོ་བ་མིའི་རིགས་འདི་ལ་དགོངས་ནས། ཁོང་གིས་མེ་ཚོགས་སྤུ་གྲིས་སོ་ཡང་རྒལ་ནས་སུ། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། ། ཞེས་གསུངས་པ་ལྟར་སྐབས་དེར་མེས་པོ་དེ་དག་གིས་ཀྱང་མ་འོངས་པའི་འགྲོ་བ་མིའི་རིགས་ལ་ལེགས་ལམ་སྟོན་པའི་རིག་གནས་སྣ་ཚོགས་ཀྱིས་གྲུབ་པའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་ལག་པས་བྲིས་ནས་གླེགས་བམ་གྱི་རྣམ་པ་བཞེངས་ཏེ་ཕྱི་རབས་མིའི་འགྲོ་བ་རྣམས་ཀྱི་བསམ་བློའི་སློབ་སྦྱོང་བྱས་ན་ཤེས་རྒྱུད་ལ་ཡོན་ཏན་གྱི་འབྱོར་པས་གཏམ་པའི་ཆེད་དུ་དཀའ་ངལ་ལ་མགོ་བོ་མ་སྒུར་བར་བཞེངས་པ་ཡིན། དེ་ཡང་བོད་ཡུལ་གྱི་ཆར་འདིར་གཅོ་བོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་བཞུགས་པ་དེ་ཁོ་ན་ལ་པར་ཁང་ཞེས་མིང་བཏགས་པ་ཡིན་ལ། གསུང་འབུམ་དང་བསྟན་འགྱུར་སོགས་པར་གཞི་གང་ཡོད་ལ་ཡོངས་གྲགས་པར་ཁང་ཞེས་པའི་ཐ་སྙད་དེ་མེད་པར་འདྲ། དེ་ཡང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་བྱུང་རིམ་ལ་ཐོག་མར། བསྟན་པ་སྔ་དར་གྱི་སྐབས་སུ་ཆོས་རྒྱལ་སད་ན་ལེགས་འཇིང་ཡོན་གྱི་སྐུ་རིང་ལ། དཔལ་བརྩེགས་རཀྵི་ཏ་སོགས་ཀྱིས་གཏན་ལ་ཕབ་ཅིང་དཀར་ཆག་མཛད་ནས་འཕང་ཐང་མ་ཞེས་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དང་པོ་ཡིན་ལ། དེ་རྗེས་དཔལ་བརྩེགས་དང་། འཁོན་ཀླུ་དབང་སྲུང་བ་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ཆེན་པོར་བཞུགས་པའི་གསུང་རབ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཀར་ཆག་མཛད་པ་ལ་ལྡན་ཀར་མར་གྲགས། དེ་རྗེས་མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ་ཞང་ཡེ་ཤེས་སྡེ་སོགས་ཀྱི་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་གསར་དུའང་མང་པོ་བསྒྱུར་པ་དེ་དག་ལ་གསང་སྔགས་ནང་རྒྱུད་རྣམས་ཟུར་དུ་སྦས་ཤིང་དཀར་ཆག་ཕྲེམ་བྱང་དུ་མ་བཏབ་པ་གྲགས།



ཞོལ་པར་ཁང་།
        ཞོལ་གྱི་པར་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་ཕོ་བྲང་པོ་ཏ་ལའི་འོག་ཞོལ་དུ་ཡོད་པའི་ཁང་ཚན་ཞིག་མིང་ཡིན་ལ། ཞོལ་པ་ཞེས་བརྗོད་ཚེ་སྐབས་དེའི་ཕོ་བྲང་གི་དོ་དམ་མི་སྣ་ཡིན་ལ་ཞོལ་གཉེར་རྩེ་དྲུང་ནི་ཕོ་བྲང་དེའི་ལས་ཀར་བཀོད་འདོམས་བྱེད་པའི་མི་སྣའི་མིང་ཡིན། ཞོལ་པར་ཁང་ནི་བོད་རབ་བྱུང་བཅུ་པའི་མེ་སྦྲུལ་ཏེ་སྤྱི་ལོ་1650ལོ་ཡས་མས་སུ་བཞེངས་ནས་བཀའ་འགྱུར་གྱི་པར་གཞི་གསར་སྐྲུན་བྱས་པ་ཡིན་ལ། ཕྱིས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་པར་ཁང་དེ་ཡང་བསྐྱར་ཞིབ་གསོ་བྱས་ནས་བཀའ་བསྟན་ཆ་ཚང་པར་བརྐོས་པ་མ་ཟད་བཀའ་འབུམ་དང་གསུང་རབ་ཀྱི་སྡེ་གཞན་ཡང་པར་གཞི་གསར་པ་བརྐོས། དཔེ་ཆ་དེ་དག་པར་བསྐྲུན་བྱས་ནས་ཉར་ཚགས་བྱ་ཆེད་དུ་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ནུབ་ངོས་སུ་ཁང་མིག་བརྒྱད་བརྒྱ་ཡོད་པའི་པར་ཁང་གསར་པ་ཞིག་ཀྱང་བཞེངས་ཡོད་པར་གྲགས། དེང་དུས་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་རྣམས་བོད་ཀྱི་པར་ཁང་། གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་མང་དུ་ལྡན་པ་དང་། ཕོ་བྲང་དེའི་ཤར་ལྷོའི་ཞོལ་གཉིས་སུ་པར་ཁང་ནང་གི་དཔེ་རྙིང་རྣམས་དེང་དུས་ཀྱང་ཉམས་རྒུད་མ་སོང་བར་བཞུགས་ཡོད་པར་གྲགས།


སྣ་ཐང་པར་ཁང་།
        སྣ་ཐང་དགོན་པ་ནི་དེང་དུས་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་གཞིས་ག་རྩེ་ས་ཁུལ་ནས་སྤྱི་ལེ་15ཙམ་གྱི་ཆོད་པའི་སའི་ཆར་གཏོགས་སྣ་ཐང་ཞེས་བཀའ་གདམས་པའི་མཁས་དབང་གཏུམ་སྟོན་བློ་གྲོས་གྲགས་པས་སྤྱི་ལོ་1153ལོར་ཐོག་མར་ཕྱག་བཏབ། དགོན་པ་དེར་དགེ་འདུན་པ་མང་ཙམ་འདུས་ཏེ་ཆོས་འཆད་ཉན་གྱི་བསྟན་པ་རྒྱ་ཆེར་སྤེལ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྲིད་སྐྱོང་བའི་དུས་ཁྱིམ་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་དུས་སུ་ཏ་ལི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་དངོས་ཀྱི་བཀའ་བཀོད་དང་ཞལ་བགོས་གནང་སྟེ་སྤྱི་ལོ་1730ལོར་བུ་སྟོན་རིན་ཆེན་གྲུབ་ཀྱིས་བཀའ་བསྟན་ལག་བྲིས་མའི་མ་དཔེ་ལྟར་བསྒྲིགས་གཞི་བྱས་ནས་པར་གཞི་རྐོས་ནས་སྣ་ཐང་པར་ཁང་གི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དང་བསྟན་འགྱུར་ཆ་ཚང་གི་པར་གཞི་བཞེངས་པར་ལེགས་གྲུབ་བྱུང་། པར་གཞི་འདིའི་མ་དཔེ་དེང་དུས་བཀྲ་ཤིས་ལྷུན་པོའི་དགོན་པ་དང་པོ་ཏ་ལར་ད་དུང་བཞུགས་ཡོད་པར་གྲགས། པར་གཞི་འདི་ཡིས་པར་བའི་བཀའ་བསྟན་རྣམས་ནང་དོན་ཕུན་སུམ་ཚོགས་ཤིང་སྡེབ་ངོས་སྟོང་ཆ་རྣམས་ལ་ཚོན་དང་རི་མོ་སྣ་ཚོགས་བཞེངས་ཡོད་པས་དེང་དུས་སྣ་ཐང་པར་རྙིང་ཞེས་སྙན་པའི་གྲགས་པ་རྒྱས།


ཅོ་ནེ་པར་ཁང་།
        ཅོ་ནེ་པར་ཁང་ནི་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་དུ་ཆགས་ཤིང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་བཀའ་ལྟར་སྤྱི་ལོ་1295ལོར་ཕྱག་བཏབ་པ་དང་། སྤྱི་ལོ་1459ལོར་ཅོ་ནེ་དཔོན་རབས་གཉིས་པའི་གཅུང་པོ་རིན་ཆེན་ལྷུན་པོས་དགེ་ལུགས་སུ་བསྒྱུར་ཅིང་ཁྲིར་བཞུགས། དུས་རབས་16པར་ཅོ་ནེ་དགོན་ཆེན་དུ་པར་ཁང་བཙུགས་པ་ནས་བཟུང་། ནང་བསྟན་གྱི་བསྟན་བཅོས་བརྐོས་ཤིང་དཔར་བཏབ་སྟེ་སྐབས་དེའི་མདོ་སྨད་ཀྱི་དཔར་བརྐོ་དང་དཔེ་སྐྲུན་ལས་རིགས་ཀྱི་ལྟེ་བ་དང་རིག་གནས་དར་སྤེལ་གྱི་ལྟེ་བར་གྱུར། ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཅོ་ནེ་དགོན་ཆེན་དུ་པར་ཁང་ཆུང་བ་ཞིག་བཙུགས་ཏེ་གཙོ་བོ་ནང་བསྟན་བསྟན་བཅོས་ཀྱི་ལེའུ་ཆ་ཤས་རེ་དཔར། དཔོན་རབས་བཅུ་གཅིག་པ་དམག་ཟོར་མགོན་པོའི་སྐབས་སུ་བཀའ་འགྱུར་པར་ཁང་བཙུགས་ཏེ་ཆེད་དུ་བཀའ་འགྱུར་གྱི་དཔར་བརྐོ་བའམ་བཤུ་འབྲི་བྱས། ཁྱོན་པོད་108དང་དཔར་ཤིང་ཁྲི་8ལྷག་ཡོད། དཔོན་རབས་བཅུ་གསུམ་པ་བསྟན་སྲུང་ཚེ་རིང་གི་སྐབས་ཏེ་སྤྱི་ལོ་1753ལོར་བསྟན་འགྱུར་པར་ཁང་བཙུགས་པར་པོད་317དང་དཔར་ཤིང་ཁྲི་12ཡོད། བསྟན་འགྱུར་ཆ་ཚང་ཞིག་དཔར་བར་བཟོ་པ་མི་གྲངས་70ཡིས་ཟླ་5ལྷག་ཙམ་ལ་ད་གཟོད་ཚར་ཐུབ། བཀའ་འགྱུར་པར་ཁང་དང་བསྟན་འགྱུར་པར་ཁང་གིས་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་བགྲང་གིས་མི་ལངས་པ་དཔར་དུ་བརྐོས་ཤིང་པར་དུ་བསྐྲུན། བཀའ་འགྱུར་པར་ཁང་ལ་སྤྱི་ལོ་1721ལོ་ནས་སྤྱི་ལོ་1928ལོའི་བར་ཁྱོན་ལོ་ངོ་207གྱི་ལོ་རྒྱུས་ཡོད་པ་དང་། བསྟན་འགྱུར་པར་ཁང་ལ་སྤྱི་ལོ་1753ལོ་ནས་སྤྱི་ལོ་1928ལོའི་བར་ཁྱོན་ལོ་ངོ་175ཡི་ལོ་རྒྱུས་ལྡན། དེའི་རིང་དུ་པར་ཁང་གཉིས་ནས་མཚན་ཉིད་རིག་པ་དང་། ལོ་རྒྱུས། མཛད་རྣམ། རྩོམ་རིག །གསོ་རིག །སྐར་རྩིས་སོགས་ཀྱི་ནང་དོན་འདུས་པའི་དཔེ་ཆ་ཁྲི་ལྷག་དཔེ་སྐྲུན་མཛད། དཔེ་ཆ་དེ་དག་དེང་སྐབས་དགོན་པ་དེ་རང་ཕུད་པའི་བོད་ཀྱི་དགོན་སྡེ་ཁག་དང་སློབ་ཆེན་གྱི་དཔེ་མཛོད་ཁང་ཁག་ཏུ་ཉར་ཚགས་བྱས་ཡོད། །



སྡེ་དགེ་པར་ཁང་།
        སྡེ་དགེ་པར་ཁང་ནི་སྡེ་དགེ་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ་1729ལོར་བཞེངས་ཤིང་། སྡེ་དགེ་དགོན་ཆེན་གྱི་ཁོངས་སུ་གཏོགས་པ་དང་བོད་ཀྱི་པར་ཁང་ཆེན་མོ་བཞི་ཡི་གྲས་སུ་གཏོགས། སྡེ་དགེ་རྒྱལ་པོ་རིམ་བྱོན་དང་མཁས་པའི་དབང་པོ་དུ་མས་ཐུགས་ཁུར་དང་རྒྱབ་སྐྱོར་གྱིས་པར་ཁང་དེ་རིམ་བཞིན་དར་རྒྱས་སོང་ཞིང་། རྒྱལ་པོ་རིམ་བྱོན་གྱིས་གཙོ་སྐྱོང་དང་། ཁ་གསབ། སྲུང་སྐྱོང་བཅས་བྱས་མཐར། ད་ལྟའི་གཞི་ཁྱོན་ཆེ་ཞིང་བཟོ་སྐྲུན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྣམ་པ་འདི་ཆགས་པ་རེད། པར་ཁང་གི་མཐོ་ཚད་ལ་སྨི་18ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་3880ཡོད། པར་ཁང་ལ་ལོ་རྒྱུས་སུ་དཔར་ཤིང་ཁྲི་30ལྷག་ཡོད་ཅིང་། ཉེ་རབས་གཏོར་སྐྱོན་ཕོག་སྟེ་ད་ལྟ་དཔར་ཤིང་ཁྲི་21.7ལྷག་ཡོད་དེ། བོད་ཁམས་ཡོངས་ཀྱི་ཤིང་བརྐོས་དཔར་ཤིང་མང་ཤོས་རེད། པར་ཁང་དུ་ཤིང་དཔར་ཉར་ཚགས་ཁང་དང་ཤོག་བུ་ཉར་ཚགས་ཁང་། དཔེ་ཆ་སྐེམ་ས། དཔར་ཤིང་བཀྲུ་ས། ལྷ་ཁང་། འདུ་ཁང་སོགས་ཡོད། སྡེ་དགེའི་པར་ཁང་བཞེངས་ནས་ལོ་ངོ་260ལྷག་ཙམ་གྱི་རིང་དུ་སྡེ་དགེའི་དཔར་མའི་དཔེ་ཆ་དག་བོད་ཡོངས་སུ་ཁྱབ་པ་མ་ཟད། རྒྱ་ནག་དང་སོག་པོ་ཐ་ན་ཕྱི་རྒྱལ་དུའང་ཁྱབ། པར་ཁང་འདི་ཉིད་ལག་རྩལ་མཆོག་ཏུ་གྱུར་པ་དང་དཔར་ལེགས་པ། ནང་དོན་ཕུན་སུམ་ཚོགས་པ་སོགས་ཁྱད་ཆོས་སྣ་ཚོགས་ལྡན་པས། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ། 1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་གནད་སྲུང་སྐྱོང་ལས་ཁུངས་སུ་གཏན་འཁེལ་བྱས་སོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1