༄༅།།བྲིས་སྦྱོང་བ་འཆི་མེད་མགོན་པོ།

རྩོམ་པ་པོ། འཆི་མེད་མགོན་པོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 03-25


བྲིས་སྦྱོང་བ་འཆི་མེད་མགོན་པོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་གཞིས་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་བྱིས་པའི་དུས་ནས་བཟུང་བྲིས་གཟུགས་ལ་དགའ་ཞེན་ཆེ་བས་ཁོང་གིས་དཀའ་བ་མང་པོ་ཁྱད་དུ་བསད་ནས་བོད་ཀྱི་ཡིག་གཟུགས་ལ་སྦྱོང་བ་ལྷོད་མེད་མཛད། ཁོང་གིས་ང་ཚོར་བཤད་རྒྱུར། ཐོག་མར་ཏྲེ་ཧོར་དཀར་མཛེས་གདོང་ཐོག་དགོན་ནས་བྲིས་པའི་དགེ་རྒན་འབུམ་ཐར་ཚེ་རིང་གི་མདུན་ནས་ཀ་ཁའི་འབྲི་གསོལ་ཞུས་ནས་ཁོ་བོའི་བྲིས་ཀྱི་སྒོ་འབྱེད་པ་ཡིན། ང་ཚོས་བ་གམ་མ་ཞེས་འབོད་ཅིང་གྲུ་བཞིའི་དབྱིབས་ཅན་ཆགས་ཡོད་པ་དང་མཁས་དབང་གདོང་སྤྲུལ་མཆོག་དང་དགེ་རྒན་ཁོང་རྣམ་པ་གཉིས་ནི་སྔར་དགེ་རྒན་ཚེ་རྣམ་ཞེས་པའི་གདོང་ཐོག་དགོན་ལ་བཀའ་དྲིན་ཆེ་བ་ཞིག་བྱོན་མྱངས་པ་དེའི་སློབ་མ་ཡིན་འདུག ད་ལྟ་གདོང་སྤྲུལ་མཆོག་གི་ཕྱག་བྲིས་དང་འཐེན་ཆ་གཅིག་པ་ཡིན་འདུག འདི་ནི་ཞལ་འདོན་སོགས་ལ་མཁོ་ཆེ་བ་ཞིག་གོ། ཡང་སྡེབ་བྲིས་དབུ་ཅན་འདི་ནི་དགེ་རྒན་དབང་རྒྱལ་དང་དགེ་རྒན་དཔག་བསམ་དོན་འགྲུབ། དགེ་རྒན་བསོད་སྟོབས། དགེ་རྒན་རྟ་མགྲིན་རྣམས་ལ་བརྟེན་ནས་སྦྱངས་པ་ཡིན། རྫིག་ཅིང་མཛེས་ཉམས་ཆེ་ལ། སྨྱུག་ཁ་བསྐོར་སླ་བ། ཤིན་ཏུ་དགའ་བའི་གཟུགས་རིས་ཤིག་རེད། བྲིས་རྩལ་མཛེས་ཡིག་སོགས་ལ་འདི་ནི་མཁོ་ཆེ་བ་ཞིག་རེད་ཟེར། སུག་རིང་ནི་དཀར་མཛེས་ཀྱི་དགེ་རྒན་དབང་རྒྱལ་གྱི་མདུན་ནས་ལེགས་པར་སྦྱངས་པ་ཡིན། དེ་ལ་མགོ་ཐིག་དང་དཀྱིལ་ཐིག འོག་ཐིག རྐང་ཐིག་བཅས་བཞི་ཡིས་གྲུབ་ཅིང་རྐང་ལ་སྟོད་ཀྱི་རྡབ་གསུམ་དང་ཚེག་དྲང་ན་མཛེས་མིག་ཆུང་ན་ཡག དབྱངས་འདོགས་རིང་ན་ལེགས། བོད་ཀྱི་ཡིག་གཟུགས་ནང་དུ་འདི་འདྲ་ཡོད་པ་དགེ་མཚན་རེད།

ཚུགས་མ་འཁྱུགས་ནི་སྤྱི་ཁོག་ཏུ་སྒམ་བྲིས་དང་འདྲ་ལ་རྐང་པ་གཡོན་དུ་གྱུ་བ། དབྱངས་འདོགས་སུག་རིང་ལྟར་ཅུང་ཟད་རིང་བ། ཅུང་ཙམ་མགྱོགས་པའི་ཉམས་དང་ལྡན་པར་འབྲི་བ་ལས་ཕན་ཚུན་སྦྲེལ་མི་རུང་། གི་གུ་གྱེན་དུ་བསྒྲེངས་པ་སོགས་རང་གི་ཁྱད་ཆོས་དག་འཛིན་ཅིང་འཁྱུགས་ཡིག་གི་འབྲི་ཚལ་གྱི་ཁྱད་ཆོས་རྣམས་དང་བསྲེ་མི་རུང་། འདི་ནི་དགེ་རྒན་ཆེན་མོ་དཔག་བསམ་དོན་འགྲུབ་དང་དགེ་རྒན་དབང་རྒྱལ་སོགས་རྒན་ཤེས་རབ་རྣམས་སློབ་ཆུང་དང་སློབ་འབྲིང་སྐབས་བསྟེན་ཅིང་སྦྱངས་པའོ། །ཡང་ཁོང་གི་བཤད་རྒྱུར་འཁྱུགས་ཡིག་གམ་རྒྱུག་བྲིས་ནི་དེ་ལས་མགྱོགས་ཚུལ་མེད་པའི་ཡི་གེ་ཡིན་ཅིང་ཕན་ཚུན་སྦྲེལ་ཅི་ཐུབ་གཏོང་དགོས། དབྱངས་འདོགས་རྗེས་འཇུག་དག་མགྱོགས་བྲི་བཏང་བ་ལས་ཐད་ཀར་མི་འབྲི། ཡིག་མཁན་ལ་ལས་གསར་རྩོམ་འབྲུ་ཚ་ཞེས་འབོད་པ་འདི་ལ་དགེ་རྒན་དབང་རྒྱལ་ཉིད་བསྟེན་ནས་བསླབས་པ་ཡིན་ཅིང་། མགོ་དང་ན་རོ། རྐང་པ་སོགས་ཐིག་ཆེན་འབྲུ་ཚ་དང་མི་འདྲ་བ་མང་། སྔར་སྤྲུལ་སྐུལ་ཏ་པོ་ཞུ་བའི་བླ་མ་བཟང་པོ་ཞིག་གིས་རང་འགུལ་གྱིས་གུས་པ་ལ་སྐད་བཏང་ནས། ཁོང་ཉིད་ཀྱིས་ཨ་ར་པ་ཙའི་ལཉྫ་ཆེ་བ་ཞིག་འབྲི་ལུགས་བསླབས་བྱུང་བས་ཁོ་བོའི་བློ་སྒོ་འབྱེད་བྱུང་། དེའི་སྟེང་དུ་རང་ཉིད་ནས་བྲིས་དཀར་ནག་ལ་གོམས་འདྲིས་སོང་བ་དང་། མཁས་པ་དག་གི་ཁ་དཔེ་ལ་གཤིབ་བསྡུར་དཔེ་བླངས་ཀྱིས་འབྲི་བདེ་བ་བྱུང་། ཧོར་ཡིག་ནི་སྨྱུག་འཛིན་མཁས་པ་དཀར་མཛེས་ཀྱི་དགེ་རྒན་དབང་རྒྱལ་ཉིད་ཀྱི་ཀ་དཔེར་བླངས་ཏེ་རང་སྦྱངས་བྱས་པ་ཡིན། འདི་ནི་སྒོ་ཡི་འགྲམ་གཉིས་དང་ཐེལ་ཙེ་སོགས་ལ་བཀོད་པ་མང་ཆེ་བ་མཐོང་། སྐུང་ཡིག་ཀྱང་ངེས་པར་གང་འཚམས་ཞིག་བློར་བཟུང་ན་འབྲི་དུས་སྟབས་བདེ་ཡོང་། ཁོང་གི་དཔེ་བལྟས་ནི་བྲིས་ཚུགས་གཡུ་ཁྲིའི་ཕྱག་རྒྱུན་དང་དཔལ་བསྡུས་ཀྱི་ཡིག་གཟུགས་མ་ཕྱི་ཀུན་འཛོམས། འཕྲིན་ལས་རྒྱལ་མཚན་གྱི་བློ་ལྡན་དགྱེས་པའི་དགའ་ཚལ། མགོན་པོ་དབང་རྒྱལ་གྱི་གཞོན་ནུའི་ཡིག་རྩལ་སྦྱོང་དེབ། ཚེ་རིང་དབང་རྒྱལ་གྱི་ཡིག་གཟུགས་རྒྱུན་མཁོའི་ཤེས་བྱ། སྐལ་བཟང་བཀྲ་ཤིས་ཀྱི་ཡིག་གཟུགས་མཐོང་བ་དགའ་སྐྱེད། གཞན་ཡང་དཀར་མཛེས་བྲིས་གཟུགས་ཕྱོགས་བསྒྲིགས་དང་། བྱ་དགའ་ཐོབ་པའི་ཕུལ་བྱུང་ཡིག་གཟུགས་གཅེས་བསྒྲིགས་རྣམས་ལགས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1