སྤྱི་ལོ་2004ལོར། ལོ་ན་16སོན་པའི་ཕུན་ཆེ་གེ་མོ་དང་མ་སྤུན་གཅུང་མོ་བསོད་ཆེ་གེ་མོ་(ལོ་13)གཉིས་གྲོས་བྱས་ནས་བོད་ལྗོངས་སུ་ཆོས་མཇལ་ཕྱིན། བོད་ལྗོངས་སུ་འབྱོར་རྗེས་ལག་ཏུ་སྒོར་མོ་མེད་ནས་སློང་མོ་བྱེད་འགོ་བརྩམས་པ་དང་། དེ་ནས་མི་ཚོང་རྒྱག་མཁན་གྱིས་བསླུས་ཏེ་ཀན་སུའུ་ཞིང་ཆེན་དུ་བཙོང་། ལོ་10ཡི་རྗེས་སུ་བསོད་ཆེ་གེ་མོ་མི་སེམས་བཟང་ཞིག་དང་འཕྲད་ནས་བདེ་བླག་ངང་ཁྱིམ་དུ་ལོག་ཐུབ་པར་བྱུང་།
དགའ་འོས་པ་ཞིག་ལ། ད་ལོའི་སྤྱི་ཟླ་2པར། དཔལ་ཡུལ་རྫོང་ཨ་ཚབ་མངག་གཏོང་ཁང་ལ་ཀན་སུའུ་ཞིང་ཆེན་ཕིང་ལིའང་གྲོང་ཁྱེར་ཅིང་ཉིང་རྫོང་ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག་ནས། ཕུན་ཆེ་གེ་མོའི་ཐོབ་ཐང་ཆ་འཕྲིན་ཞིབ་བཤེར་ཐད་གཞོགས་འདེགས་བྱ་དགོས་པའི་ཁ་པར་འབྱོར། དེ་ནས་དཔལ་ཡུལ་རྫོང་ཨ་ཚབ་མངག་གཏོང་ཁང་གིས་ཕུན་ཆེ་གེ་མོའི་ཁྱིམ་མི་ཉུག་ནས་ཀན་སུའུ་ཉེན་རྟོག་ཕྱོགས་ཁག་ནས་བསྐུར་བའི་སུའུ་ཆེ་གེ་མོ་(ཕུན་ཆེ་གེ་མོ་བསླུ་ཚོང་བྱས་རྗེས་ཀྱི་མིང་)ཡི་འདྲ་པར་དེ་ཁྱིམ་མི་ལ་ལྟ་རུ་བཅུག་པས། ཨ་མས་འདྲ་པར་དེ་མཐོང་མ་ཐག་ངོ་ཤེས་ནས་“འདི་ངའི་བུ་མོ་རེད་”ཅེས་ངུ་བཞིན་བཤད། དེ་རྗེས་ཀན་སུའུ་ཉེན་རྟོག་ཕྱོགས་ཁག་ནས་DNAཞིབ་དཔྱད་ཚད་ལེན་བསྡུར་བ་བྱས་པས་སུའུ་ཆེ་གེ་མོ་ནི་དེ་དུས་བོར་སོང་པའི་ཕུན་ཆེ་གེ་མོ་ཡིན་པར་གཏན་འཁེལ་བྱུང་།
སྤྱི་ལོ་2022ལོའི་ཟླ་3པའི་ཚེས་16ཉིན་ནས་ཚེས་24ཉིན་བར། ཨ་ཚབ་མངག་གཏོང་ཁང་གིས་ཕུན་ཆེ་གེ་མོའི་ཁྱིམ་མི་ལ་འགྲོ་རོགས་བྱས་ནས་ཕུན་ཆེ་གེ་མོ་དེ་ཀན་སུའུ་ནས་ཕྱིར་དཔལ་ཡུལ་དུ་ཁྲིད། ལོ་ངོ་དུ་མར་ཁ་བྲལ་བའི་ཁྱིམ་མི་ལྷན་འཛོམས་བྱུང་ཞིང་། བགྲང་བྱ་18ཀྱི་རེ་སྒུག་དེ་དགའ་སྤྲོའི་མིག་ཆུར་བསྒྱུར།