ཨར་གཞས་སྙན་མོས་རི་ཀླུང་བརྒྱན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-28



    རི་ཀླུང་ཕྲེང་དུ་བརྒྱུས་ཤིང་ཆུ་ཕྲན་དལ་གྱིས་བཞུར། གནམ་མཁའ་སྔོན་ཞིང་བསངས། འདུ་འཛིས་ཁེངས་པའི་གྲོང་ཁྱེར་དང་རིང་དུ་གྱེས་ཏེ། ལྷིང་འཇགས་ཆེ་ལ་གསོན་ཤུགས་ཀྱིས་ཁེངས་པའི་རི་གྲོང་སྟེ། མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་དྲེད་ལུང་སྡེ་བར། བོད་ཀྱི་ཁྱད་ཆོས་ལྡན་པའི་ས་མཁར་གྱི་ཁང་བ་སྟར་དུ་བསྒྲིགས་ཤིང་། དུས་རབས་ཀྱི་མདུན་སྐྱོད་ཀྱི་གོམ་སྒྲའི་ཁྲོད། གནའ་བོའི་བོད་ཀྱི་རྣམ་པའི་ས་མཁར་ཁང་བར་ཡང་དུས་རབས་ཀྱི་ཁྱད་ཆོས་རྣམ་པར་མངོན།

    མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་དྲེད་ལུང་སྡེ་བའི་ཨོ་རྒྱན་སྐྱབས་ཀྱིས། ང་ཆུང་དུས་ནས་ཨ་ཕའི་རྗེས་སུ་འབྲངས་ཏེ་གྱང་རྡུང་ལག་རྩལ་སྦྱངས་པ་ཡིན། ད་ལྟ་ཚང་མས་ཨར་འདམ་གྱིས་ཁང་བ་སྐྲུན་བཞིན་ཡོད། ཡིན་ནའང་། ཨར་འདམ་ནི་ས་མཁར་དང་བསྡུར་ན་ཡུན་མི་རིང་། ས་མཁར་རྡུང་བར་མ་རྩ་ཉུང་བར་མ་ཟད་ལོ་མང་པོར་གནས་ཐུབ། ལྷག་ཏུ་ང་ཚོ་མཐོ་སྒང་གི་དགུན་ཁ་ཤིན་ཏུ་གྲང་བས།  ཨར་འདམ་གྱི་ཁང་བའི་གཟུགས་འགྱུར་སླ་བ་སོགས་ཀྱི་གནད་དོན་མང་པོ་ཡོད་པ་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན། ས་མཁར་གྱི་ཁང་བར་བརྟན་པར་མ་ཟད། མེ་འགོག་གི་ནུས་པ་ཤིན་ཏུ་ཆེ་བར་བརྟེན། ཁང་བ་སྐྲུན་སྐབས་ང་ཚོས་ས་མཁར་གྱིས་འབྲུ་མཛོད་བཟོས་ཏེ། འབྲུ་རིགས་དང་དངོས་རྫས་རྩ་ཆེན་དེར་ཉར་བས། མེ་སྐྱོན་བྱུང་ན་མི་ཐར་ཐབས་བྱེད་པ་ལས། འབྲུ་མཛོད་ལ་དེ་འདྲའི་སེམས་ཁྲལ་བྱེད་མི་དགོས། ཁྱིམ་མཚེས་ལ་མཚོན་ནའང་དེ་འདྲའི་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། ཞེས་བཤད།

    ངལ་རྩོལ་ལས་གླུ་གཞས་བྱུང་ལ་གླུ་གཞས་ཀྱིས་ངལ་རྩོལ་ལ་རམ་འདེགས་བྱེད། བོད་མི་རིགས་ནི་གླུ་གར་ལ་མཁས་པའི་མི་རིགས་ཤིག་ཡིན། དུས་ཡུན་རིང་བོའི་ངལ་རྩོལ་ཁྲོད། ངལ་རྩོལ་དང་འགྲོགས་ཏེ་གླུ་གཞས་ལེན་པའི་གོམས་སྲོལ་ཡོད། གླུ་གཞས་ཀྱིས་ལུས་ཤུགས་ཀྱི་ངལ་རྩོལ་ཇེ་ཡང་དུ་གཏོང་ཐུབ་ལ། ངལ་རྩོལ་གྱི་ངར་ཤུགས་རྒྱུན་འཁྱོངས་ཀྱིས་ལུས་ཤུགས་གྲོན་ཆུང་བྱེད་ཐུབ་བོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1