ལི་ཁེ་ཆང་གིས་ཞིང་ལས་དང་གྲོང་གསེབ་པུའུ་རུ་རྟོག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ནན་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-28


        ■ སོ་ནམ་དུས་ཚིགས་སུ་དཔྱིད་དུས་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་ལ་དམ་འཛིན་ཡག་པོ་བྱས་ཏེ་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་བར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཞིང་ལས་གྲོང་གསེབ་པུའུ་རུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        འདེབས་འཛུགས་ལས་རིགས་དོ་དམ་སིའི་ཞིང་ལས་གནས་ཚུལ་ཆ་འཕྲིན་ཁྲུའུ་རུ་ལི་ཁེ་ཆང་གིས་དཔྱིད་དུས་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དང་སོ་ནམ་ཡོ་བྱད་མཁོ་སྤྲོད་སོགས་ཀྱི་སྙན་སེང་གསན་པ་རེད། ཁོང་གིས་ན་ནིང་སྟོན་ཀའི་འབྲུབ་དུས་ཀྱི་ཤུགས་རྐྱེན་ཕོག་པ་དང་སོན་འདེབས་འགོར་དུ་བཏང་བའི་ས་ཁུལ་གྱི་གྲོའི་མྱུ་གུར་ཐུགས་ཁུར་ཆེན་པོ་གནང་བ་དང་མིག་སྔར་མྱུ་གུའི་རིགས་དང་པོ་དང་གཉིས་པའི་བསྡུར་ཚད་དགུན་དུས་གོང་ལས་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་མཁྱེན་སྐབས་ལི་ཁེ་ཆང་གིས་གནད་སྨིན་མཛུབ་ཁྲིད་དང་ཞབས་ཞུ་མུ་མཐུད་ཡག་པོ་སྒྲུབ་དགོས་པའི་བཀའ་མངགས་གནང་བ་རེད། ཁོང་གིས་ལས་དོན་མི་སྣ་ཚོར་ཞིང་ལས་ཀྱི་གནས་ཚུལ་དེ་འབྲུ་རིགས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པ་དང་། འབྲུ་རིགས་ཀྱི་གནས་ཚུལ་དེ་དམངས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པ། ཟས་ནི་མི་ཡི་འཚོ་རྟེན་ཡིན་པས་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། གནས་ཚུལ་ཡོད་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་བ། གྲོས་འགོ་དུས་ཐོག་ཏུ་འདོན་པ་བཅས་བྱས་ནས་ཞིང་ལས་ཐོན་འཕར་བརྟན་པོ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག་ཞིང་ལས་གྲོང་གསེབ་པུས་སྙན་སེང་ཞུས་པ་དང་ཧོ་པེ་དང་། ཧེ་ལུང་ཅང་། ཧོ་ནན་ཞིང་ཆེན་བཅས་ཀྱི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྙན་ལམ་ཐོག་ནས་གཏམ་བཤད་སྤེལ་བ་རེད། ལི་ཁེ་ཆང་གིས་ཞིང་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞི་ཡིན། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་འབྲུ་རིགས་ལོ་བསྟུད་མར་ལོ་ལེགས་བྱུང་ཡོད། དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་དང་། ཟོག་གོང་ཆེས་ཆེར་འཕར་བ། ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་འཕར་ཆག་ཚབས་ཇེ་ཆེར་སོང་བ་སོགས་བརྟན་པོ་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་ལ་རྒྱལ་ནང་གི་འཕེལ་རྒྱས་དང་ཞིང་ལས་ཐོན་སྐྱེད་ལའང་འགྲན་སློང་གསར་པ་འཕྲད་ཡོད། རང་རྒྱལ་གྱི་འབྲུ་རིགས་དང་གལ་ཆེའི་ཞིང་ལས་ཐོན་རྫས་ཀྱི་མཛོད་བཅུག་འདང་ངེས་དང་མཁོ་སྤྲོད་འགན་ལེན་ཡོད་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་རང་ངོས་ལ་གཞི་ཚུགས་ཏེ་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྩ་བ་དེ་དམ་པོར་བཟུང་ནས་རྒྱལ་ནང་གི་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པའི་གཏན་འཁེལ་རང་བཞིན་གྱིས་ཕྱི་རོལ་གྱི་གཏན་འཁེལ་མེད་པའི་ཁོར་ཡུག་ལ་ཁ་གཏད་གཅོག་རྒྱུ་དེ་ནི་ཟོག་གོང་བརྟན་པོ་དང་། དཔལ་འབྱོར་འཁོར་སྐྱོད་བརྟན་པོ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་བཅས་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ནན་པོ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དུང་ཕྱུར་14ལྷག་ཙམ་གྱི“བཟའ་འབྲུ”དང“ཤ་ཚལ་སྒོང་གསུམ”འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་དུ་གཏོང་དགོས།
        ལི་ཁེ་ཆང་གིས་གསུངས་དོན། ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག སོ་ནམ་དུས་ཚོད་འཆར་ཚེ་མི་མི་སྒུག ད་ལྟ་དཔྱིད་དུས་ཞིང་ནང་གཡོག་བྱེད་དང་དཔྱིད་འདེབས་དེ་ལྷོ་ནས་བྱང་བར་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད། བྱང་ཕྱོགས་ཀྱི་གྲོ་ཐོན་ཁུལ་གཙོ་བོར་གྲོ་སྔོ་ལོག་རྒྱག་པའི་འགག་རྩའི་དུས་སུ་སླེབས་ཡོད་པས་མྱུ་གུ་རྒྱས་པར་ད་དུང་ཤུགས་སྣོན་རྒྱག་པའི་བར་མཐོངས་ཡོད་ཅིང་། ཚན་རིག་དང་མཐུན་པའི་ངང་ཁ་ལུད་རྒྱག་པ་སོགས་བྱས་ནས་སྐྱེ་འཚར་ཞན་པའི་མྱུ་གུ་སྐྱེ་འཚར་ཡག་ཏུ་འགྲོ་རྒྱུར་ཤུགས་རྒྱག་པ་དང་རྗེས་མཐུད་ཀྱི་ཞིང་ནང་གཡོག་བྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ་དབྱར་འབྲུའི་ཐོན་འབབ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། དཔྱིད་རྨོད་དཔྱིད་གྲབས་ལ་དམ་འཛིན་ཞིབ་ཚགས་བྱེད་པ་དང་། དཔྱིད་འདེབས་ཀྱི་རྒྱ་ཁྱོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ཆ་རྐྱེན་ཡོད་པའི་ས་གནས་ལ་གཉིས་སྨིན་ཆུ་འབྲས་འདེབས་རྒྱུར་སྐུལ་ལྕག་བཅས་བྱས་ནས་འདི་ལོའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས།
        ལི་ཁེ་ཆང་གིས་གསུངས་དོན། ཕྱོགས་ཁག་ཚང་མས་སྤྱི་ཡོངས་ལ་དམིགས་པ་དང་འགན་འཁྲི་དོན་འཁྱོལ་བྱས་ནས་ཞིང་ལས་ཐོན་སྐྱེད་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། ཞིང་ལས་རྒྱུ་ཆ་ནི་འབྲུ་རིགས་ཀྱི“འབྲུ་རིགས”ཡིན་པས་རྫས་ལུད་དང་། ཞིང་སྨན། ཁྲའེ་ཡིའུ་སྣུམ་སོགས་ཀྱི་རིན་གོང་འཕར་བའི་གནད་དོན་ལ་དམིགས་ཏེ་ཁྲལ་རིན་གཉིས་གཅོག་དང་། མ་བཅོས་རྒྱུ་ཆ་མཁོ་འདོན། ནུས་རྒྱུ་སྤྱོད་པ་སོགས་ལྷུ་ཚིགས་མང་པོའི་ཐོག་ནས་ཁེ་ལས་ཀྱིས་ཐོན་འཕར་དང་མཁོ་འདོན་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་དང་མཇུག་སྣེའི་སྡེབ་སྐྱེལ་གྱི་ལས་དོན་འགན་ལེན་བྱེད་དགོས། དེའི་ནང་གི་དམིགས་བསལ་སྣ་ཁར་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་བྱ་ཐབས་ཆེད་མངགས་ཞིབ་འཇུག་བྱས་ནས་ཁེ་ལས་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་ཏེ་ཐོན་འཕར་དང་སྣ་མང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁྲོམ་ར་ཅན་གྱི་བྱ་ཐབས་ལ་བརྟེན་ཏེ་གྲབས་གསོག་དང་སྙོམས་སྒྲིག་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱིས་འབྲུ་རིགས་འདེབས་མཁན་ཞིང་པར་ཞིང་ལས་རྒྱུ་ཆའི་ཁ་གསབ་སྒོར་དུང་ཕྱུར་200སླར་ཡང་སྤྲོད་པའི་བྱ་ཐབས་བཏོན་ནས་གཏིང་ཟབ་ལ་ཞིབ་ཚགས་པའི་ལས་དོན་སྤེལ་ཏེ་གང་མགྱོགས་སྤྲོད་ཐུབ་པ་བྱས་ནས་འབྲུ་རིགས་འདེབས་མཁན་ཞིང་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གནམ་གཤིས་དང་ནད་དང་གནོད་འབུ་སོགས་ཀྱི་གནོད་འཚེར་དུས་ཐོག་ཏུ་ཁ་གཏད་གཅོག་དགོས།
        ལི་ཁེ་ཆང་གིས་གསུངས་དོན། རང་རྒྱལ་གྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་ལམ་ཐག་ཧ་ཅང་རིང་པོ་ཞིག་སྐྱོད་དགོས་པ་དང་གྲོང་གསེབ་ཀྱི་ཐེམ་ཐོ་ཡིན་པའི་མི་འབོར་ད་དུང་དུང་ཕྱུར་7.6ཡོད་པས་ཞིང་ལས་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འདེགས་སྐྱོར་བྱེད་དགོས་པ་དང་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱིས་ཞིང་ལས་དེང་རབས་ཅན་ལ་སྐུལ་ཁྲིད་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་པའི་འདོད་བློར་བརྩི་འཇོག་དང་ཡུལ་བབ་དང་བསྟུན་ཏེ་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་རྣམ་པ་སྣ་ཚོགས་འཕེལ་རྒྱས་གཏོང་དགོས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་དང་། ཞིང་ནང་ཆུ་བེད་སྒྲིག་བཀོད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་སོན་བཟང་དང་སྔོན་ཐོན་གྱི་ཞིང་འཕྲུལ་སྒྲིག་ཆས་འགག་སྒྲོལ་དང་ཁྱབ་གདལ་བེད་སྤྱོད་གང་མགྱོགས་བཏང་སྟེ་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
        ཧུའུ་ཁྲུན་ཧྭ་དང་། ཤའོ་ཅེ། ཧོ་ལི་ཕེང་བཅས་གོང་གི་བྱེད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1