སློབ་ཆུང་སློབ་མའི་འབྲི་ཀློག་གི་གལ་ཆེན་རང་བཞིན་ལ་དཔྱད་པ།

ཨ་འབུམ་བློ་བཟང་དམ་ཆོས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] དཔྱད་རྩོམ་འདིར་གཞི་རིམ་སློབ་གསོའི་ཁྲོད་ཀྱི་འབྲི་ཀློག་གི་གནད་དོན་དངོས་ལ་གཞིགས་ཏེ། འབྲི་ཀློག་གི་ནུས་པ་གསོ་སྐྱོང་བྱེད་པའི་ཐད་དུ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་འབྲི་ཀློག་གི་རྨང་གཞིའི་ནུས་པ་གསོ་སྐྱོང་བྱེད་དགོས་ཚུལ་བྲིས་ཡོད།

[གནད་ཚིག] སྐད་ཡིག ཀློག་འདོན། རྩོམ་འབྲི།

གླེང་གཞི།

སྤྱིར་ཡིག་རིགས་གང་ཡིན་ཡང་ཡུལ་ལུང་སོ་སོའི་གོམས་སྲོལ་དང་། རིག་གནས་སོགས་ཕྱོགས་གང་གི་ཆ་ལ་ཡང་དོ་གལ་ཆེ་བའི་སྲོག་རྩར་གྱུར་པ་དང་། སོ་སོའི་ཡི་གེའི་སྟེང་དུ་ཐམས་ཅད་འདུས་པ་ཡིན་ཞེས་བརྗོད་ཆོགཁྱད་པར་དུ་རང་ཅག་ལ་མཚོན་ན་ཡི་གེའི་འབྲི་ཀློག་དང་བརྡ་སྤྲོད་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་ཞིང་།སློབ་གསོ་རིག་གནས་དཔལ་འབྱོར་དང་བཅས་པའི་ལས་འགན་ཁུར་དུ་བླངས་ནས་ད་ལྟའི་བར་དུ་དར་འཕེལ་བྱུང་བ་ཡིན་པས། རང་ཅག་གིས་གཅེས་སྤྲས་དང་དོ་སྣང་བྱེད་རྒྱུ་ནི་གནད་ཀྱི་དོན་པོ་ཡིན། སྲོལ་རྒྱུན་གྱི་སློབ་ཁང་སློབ་ཁྲིད་ཁྲོད་དུ་སྐད་ཡིག་དགེ་རྒན་གྱིས་སློབ་མར་སློབ་ཚན་ཞིག་ཁྲིད་དུས་གཙོ་བོར་ནང་དོན་བཤད་པ་སྟེ། ཐ་སྙད་ལ་འགྲེལ་བཤད་དང་། སློབ་ཚན་གྱི་བརྗོད་བྱ་གཙོ་བོ།སློབ་ཚན་གྱི་རང་གྲུབ་ཚན་པ་སོ་སོའི་ནང་དོན་ལ་གོ་བ་ལེན་དུ་འཇུག་པ་དང་། ཐ་སྙད་ཚིག་སྒྲིག་གི་ལས་བྱ་འཇོག་པའི་ལམ་ནས་སྐད་ཡིག་སློབ་ཁྲིད་བྱེད་བཞིན་མཆིས། ཐབས་ཤེས་འདི་ཚད་ངེས་ཅན་ཞིག་གི་སྟེང་ནས་སློབ་མའི་ཤེས་ནུས་ལ་སྦྱོང་བརྡར་ཐོབ་པ་བཤད་མ་དགོས་ཀྱང་། སློབ་མའི་འབྲི་ཀློག་དང་ཉན་བཤད་ཀྱི་ནུས་པ་གོང་འཕེལ་འགྲོ་བར་དེ་ཙམ་ཕན་ཐོགས་མེད་པར་མ་ཟད། ད་དུང་སློབ་མ་མང་པོ་ཞིག་གི་སྐད་ཡིག་སྦྱོང་སྤྱོད་ཀྱི་ནུས་པ་སྟེ། སློབ་ཚན་ཀློག་འདོན་དང་ཉན་འབྲིའི་ནུས་པ་དོ་མི་མཉམ་པའི་གནས་ཚུལ་འབྱུང་སླ། དེའི་ཕྱིར། དགེ་རྒན་གྱིས་སློབ་མའི་སྐད་ཡིག་གི་ཆུ་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་གལ་ཆེན་དུ་བཟུང་ནས། སློབ་ཁང་སློབ་ཁྲིད་ཀྱི་ཐབས་ཤེས་དང་།ཉམས་མྱོང་ལ་ཕྱིར་རྟོག་བགྱིས་ཏེ་སློབ་མའི་ཉན་བཤད་འབྲི་ཀློག་གི་ནུས་པ་གོང་འཕེལ་དུ་གཏོང་བར་བསམ་གཞིག་བྱེད་དགོས།

དང་པོ། སློབ་ཆུང་སློབ་མའི་སྐད་ཡིག་འབྲི་ཀློག་གི་གནས་བབ།

གཅིག སློབ་ཆུང་སློབ་མའི་སྐད་ཡིག་ཀློག་འདོན་གྱི་ཆུ་ཚད།

སྐད་ཡིག་དགེ་རྒན་ལ་མཚོན་ན་ཡི་གེའི་སྦྱོར་བ་དང་འབྲི་ཀློག་གི་འགན་ཆེན་པོ་ཁུར་ཡོད་པས། ཐོས་པ་རྒྱ་སྐྱེད། བསམ་བློ་ཡར་སྐྱེད། ལག་ལེན་ཉམས་མྱོང་བཅས་ཕྱོགས་སྡོམ་བྱས་ན་ད་གཟོད་སྐད་ཡིག་འབྲི་ཀློག་ཐད་ནུས་པ་གལ་ཆེན་ཐོན་ཐུབ། སློབ་དཔོན་ཐོན་མིས། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱང། ། ཞེས་དང་། སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། ། ཀློག་གི་ཆེད་དུ་བསླབ་པ་ཡིན། ། ཞེས་པ་ལྟར། བྱིས་པའི་སྐད་ཡིག་གི་འབྲི་ཀློག་ནུས་པ་དང་། དེ་ལས་ཀློག ཀློག་ལས་སྒྲ་དག་མོ་ཐོན་པར་དམ་འཛིན་བྱེད་དགོས་པ་ཤེས་ཐུབ། བསླབ་ཚན་གསར་བའི་སྦྱང་བྱ་དང་རྒྱུགས་སྤྲོད་ལམ་ལུགས་ཀྱི་གནོན་ཤུགས་འོག་རང་རེའི་སྐད་ཡིག་དགེ་རྒན་མང་པོས་སྐད་ཡིག་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་མྱུར་ཚད་ལ་དོ་སྣང་དང་ལས་འགན་ལ་མཐོང་ཆེན་བྱས་ཏེ། སློབ་མའི་སྐད་ཡིག་ཀློག་འདོན་གྱི་ཆུ་ཚད་ལ་མཉམ་འཇོག་བྱེད་ཀྱིན་མི་འདུག སྐད་ཡིག་ཀློག་འདོན་གྱི་ཆུ་ཚད་ཟེར་བ་ནི་སྒྲ་དག་གསལ་མྱུར་གྱི་སྒོ་ནས་སློབ་ཚན་གང་ཞིག་ཀློག་ཐུབ་པ་དང་། སློབ་ཚན་གྱེར་ཀློག་བྱེད་པའི་སྐད་ཡིག་གི་ནུས་པ་ཞིག་ལ་ཟེར་བ་ཡིན། གཞི་རིམ་སློབ་གྲྭར་བརྟག་དཔྱད་བྱས་པ་ལས་ཤེས་གསལ་ལྟར་ན། སློབ་ཆུང་ལོ་རིམ་གསུམ་པའི་སློབ་མའི་ཁྲོད་དུ་མགོ་ཅན་དང་འདོགས་ཅན། སྔོན་རྗེས་སྦྱར་ནས་ཀློག་སྐབས་སྒྲ་མི་དག་པ་དང་། ལོ་རིམ་ལྔ་པའི་སློབ་མས་ཡིག་འབྲུ་ལྔ་བཅུ་ཅན་གྱི་སློབ་ཚན་ཞིག་ཀློག་པར་དུས་ཚོད་རིང་བོ་འགོར་བཞིན་འདུག དེ་བཞིན་དུ་ལོ་རིམ་སོ་སོའི་ནང་དུ་སྐད་ཡིག་ཀློག་པའི་ནུས་པ་ལ་ཚད་རིམ་མི་འདྲ་བའི་དཀའ་ངལ་ཡོད་པ་ཤེས་བྱུང་།

གཉིས། སློབ་ཆུང་སློབ་མའི་སྐད་ཡིག་འབྲི་བའི་ཆུ་ཚད།

འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། ཞེས་པ་ལྟར། སྐད་ཡིག་གང་དེ་སྦྱོང་བའི་གོ་རིམ་ཁྲོད་དུ་སྐད་ཡིག་ལག་ལེན་བྱེད་པ་ནི་སློབ་མའི་རྒྱུད་ལ་སྐད་ཡིག་དེ་ཉིད་ཆེས་མགྱོགས་པར་ཁོང་དུ་ཆུད་པའི་ཐབས་ལམ་ཉག་ཅིག་ཡིན། སློབ་ཆུང་སློབ་མ་རྣམས་ཀྱིས་སྐད་ཡིག་གི་ལམ་ནས་གོ་བརྡ་སྤྲོད་པའམ་འབྲི་བའི་ནུས་པ་ནི་ཧ་ཅང་ཞན་ལ། ལོ་རིམ་དྲུག་པའི་སློབ་མའི་ཁྲོད་དུ་ཡང་གང་ཞིག་བཤད་པ་ཡིག་ཐོག་ཏུ་འབྲི་བར་དཀའ་ཁག་འདུག སྐད་ཡིག་འབྲི་བའི་ཆུ་ཚད་ཟེར་བ་ནི་སྐད་ཡིག་དེ་ཉིད་སྦྱོང་སྤྱོད་ཀྱི་ནུས་པ་སྟེ། སྐད་ཡིག་དེ་ཉིད་ལ་བརྟེན་ནས་བྱ་དངོས་སྣ་ཚོགས་ཟིན་ཐོར་འགོད་ཐུབ་པའི་ནུས་པ་དེ་ལ་ཟེར་བ་ཡིན།

གཉིས་པ། སློབ་ཆུང་སློབ་མའི་སྐད་ཡིག་འབྲི་ཀློག་གི་ནུས་པ་གསོ་སྐྱོང་བྱེད་ཐབས།

གཅིག སློབ་ཆུང་སློབ་མའི་སྐད་ཡིག་ཀློག་འདོན་གྱི་ཆུ་ཚད་གོང་འཕེལ་གཏོང་ཐབས།

༡. ཀློག་འདོན་གྱི་སྤྲོ་སྣང་སྐྱེད་སྲིང་བྱེད་པ།

སྐད་ཡིག་སློབ་ཁྲིད་ཁྲོད་དུ་དགེ་རྒན་གྱིས་ལུས་ངག་གི་ནུས་ཤུགས་ཁོ་ན་ལ་བརྟེན་ནས་སློབ་མའི་ཀློག་འདོན་གྱི་ཆུ་ཚད་གོང་འཕེལ་གཏོང་བར་ཧ་ཅང་དཀའ་ཁག་ཆེ་བས། སློབ་ཁྲིད་ཀྱི་ཐབས་རྩལ་ཁ་ཤས་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས། དཔེར་ན། ཆུ་དང་ཆུ་བོ་ལྟ་བུའི་སློབ་ཚན་ལ་མཚོན་ན། དགེ་རྒན་གྱིས་རྩེད་མོའི་རྣམ་པ་དང་འབྲེལ་ནས་སློབ་ཚན་འདི་ཁྲིད་ཆོག་པ་སྟེ། སློབ་གྲོགས་ཀ་པས་སློབ་ཚན་ཀློག་པ་དང་། ཁ་པ་དང་ག་པ་སོགས་ཀྱིས་ཆུ་མིག་དང་ཆུ་ཕྲན། ཆུ་བོ་དང་གཙང་བོ་དཔེར་བྱས་ཏེ་སློབ་ཁང་དུ་འོས་འཚམ་གྱིས་འགུལ་སྐྱོད་བྱེད་དུ་འཇུག་པ་དང་། དེ་འཚམ་གྱིས་ཆུ་ཕྲན་གྱི་བཞུད་ལམ་སོ་སོ་མཚོན་པའི་སློབ་གྲོགས་སྐོར་ཚོ་བྱས་ཏེ། མཐར་རྒྱ་མཚོ་ཆེན་པོར་འབབ་པའི་གོ་རིམ་སྟེ། ཆུ་མིག་ཆུ་ཕྲན་ནང་དུ་འབབ། ཆུ་ཕྲན་ཆུ་བོ་ནང་དུ་འབབ། ཆུ་བོ་གཙང་བོའི་ནང་དུ་འབབ། གཙང་བོ་རྒྱ་མཚོའི་ནང་དུ་འབབ། ཅེས་སློབ་ཚན་དང་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་ན་སློབ་མའི་དགའ་སྣང་ཇེ་ཆེར་འགྲོ་བ་མ་ཟད། སློབ་གསེང་ངལ་གསོ་ལ་ཡང་སློབ་མ་རེས་སྐོར་གྱིས་སྦྱོང་བརྡར་བྱས་ཚེ་སློབ་ཚན་འདིའི་སྦྱོང་སྤྱོད་དང་སྐད་ཡིག་ཀློག་འདོན་གྱི་སྤྲོ་སྣང་དེ་བས་ཆེར་སློང་ཐུབ། ལོ་རིམ་གཉིས་པ་དང་གསུམ་པའི་སློབ་མ་ལ་མཚོན་ན། སློབ་ཚན་གྱི་ནང་དོན་ཤེས་རྒྱུ་ཕལ་བ་དང་ཀློག་འདོན་ལ་བྱང་བ་གཙོ་བོར་བྱེད་པ་སྟེ། སུ་ཡིས་ཀློག་འདོན་མགྱོགས་པ་དང་།སུ་ཡིས་བཀླགས་པ་སྒྲ་དག་པ། སུ་ཡི་ཁ་ལྕེ་དག་མོ། སུ་ཡིས་བཀླགས་པ་ཉམས་འགྱུར་ལྡན་པ་སོགས་ཀྱི་ཐབས་ཤེས་སྤྱད་ན་སློབ་མའི་ཀློག་འདོན་གྱི་ཆུ་ཚད་གོང་འཕེལ་འགྲོ་བར་སྐུལ་མ་གཏོང་ཐུབ།

༢. མགོ་འདོགས་སྔོན་རྗེས་ངེས་ཀློག་སྦྱོང་བརྡར་བྱེད་པ།

ལོ་རིམ་གཉིས་པ་དང་གསུམ་པའི་སློབ་མ་ལ་མཚོན་ན་གསལ་བྱེད་དང་དབྱངས། མགོ་ཅན་དང་འདོགས་ཅན། སྔོན་རྗེས་སྦྱར་ཏེ་ཀློག་པའི་རྨང་གཞི་ཅུང་ཙམ་ལས་མེད་པ་དང་། དགེ་རྒན་གྱིས་ཀློག་ཁྲིད་ལ་མ་བརྟེན་པར་སློབ་ཚན་དེ་སླ་མོའི་ངང་ཀློག་ཐུབ་པའི་སློབ་མ་ཧ་ཅང་ཉུང་། དགེ་རྒན་གྱིས་སློབ་ཚན་གང་ཞིག་ཁྲིད་པའི་སྔོན་འགྲོར་དེ་སྔོན་བསླབས་ཟིན་པའི་དབྱངས་བཞི་དང་། མགོ་ཅན་གསུམ། འདོགས་ཅན་བཞི། སྔོན་འཇུག་ལྔ། རྗེས་འཇུག་བཅུ། ཡང་འཇུག་གཉིས་བཅས་ཀློག་པའི་སྦྱོང་བརྡར་གང་འཚམ་སྤེལ་ཆོག་པ་དང་། དེ་ཡང་སློབ་མ་ཐམས་ཅད་ལ་གོ་སྐབས་ཡོད་པར་བྱེད་དགོས། དཔེར་ན།མགོ་འདོགས་བློར་འདོན་པ་ནས་སྒྲ་དག་པ། སྒྲ་དག་པ་ནས་མགྱོགས་པ། མགྱོགས་པ་ནས་ཡང་བསྐྱར་ཁ་ལྕེ་དག་མོ་ཡོང་བའི་གོ་རིམ་ལ་གཙིགས་ཆེན་བྱས་ཚེ། སློབ་མའི་ཀློག་འདོན་སྐབས་ཀྱི་བླང་བྱ་དེ་བས་གསལ་བོར་ཆགས་ཐུབ། མགོ་འདོགས་ལ་སྔོན་རྗེས་སྦྱར་ནས་ཀློག་པ་ལ་དེ་བས་ཀྱང་གལ་ཆེན་དུ་འཛིན་དགོས་པ་སྟེ། དཔེར་ན།སློབ་གསེང་སྐབས་སུ་དཔེ་ཆ་ཀློག སང་ཉིན་དཔེ་ཆ་བཀླག་དགོས། ཁ་སང་དཔེ་ཆ་བཀླགས་པ་ཡིན། ད་ལྟ་དཔེ་ཆ་ཀློགས་ཤིག་བཅས་ཀྱི་བྱ་ཚིག་ཀློག་ཅེས་པ་ལ་སྔོན་རྗེས་ཡང་འཇུག་སྦྱར་ནས་ཀློག་དུས་སྒྲ་དྲག་ཞན་ཇི་ལྟར་འགྱུར་བ་དང་། སྒྲ་ཉན་པ་ལས་སྔོན་རྗེས་ཡོད་མེད་ཀྱི་ཁྱད་པར་ངོས་ཟིན་ཐུབ་མིན་གྱི་སྦྱོང་བརྡར་བྱས་ཚེ་ཀློག་གི་རྨང་གཞི་རྩ་བ་ནས་གསོ་ཐུབ་པར་མ་ཟད། ཡི་གེའི་དག་ཆའི་ནུས་པ་ཡང་ཇེ་ཆེར་འགྲོ་བ་ཡིན།

༣. ཐ་སྙད་བློར་བཟུང་ནས་མིག་བྱང་ལ་གཏོང་བ།

བློར་འཛིན་ནི་སྐད་ཡིག་སྦྱོང་སྤྱོད་ཀྱི་ནུས་པ་དང་སྐད་ཡིག་ཆུ་ཚད་གོང་འཕེལ་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། བློར་འཛིན་གྱིས་སློབ་མའི་ཚིག་སྦྱོར་གྱི་ནུས་པ་དང་རྩོམ་ཡིག་གི་རིགས་ལམ་གསལ་བོ་ཡོང་བ་སོགས་ལ་ནུས་པ་ཆེན་པོ་ཐོན་ཐུབ་པ་ཡིན། དཔེར་ན། ཀ་བ་ཀ་ར་ཀ་ཏོ་ར། ། ཀ་ཅི་ཀ་མད་ཀ་རྐྱང་ཡིན། །དཀའ་ལས་དཀའ་ངལ་ད་དཀའ་འོ། ། ཞེས་སོགས་དག་ཡིག་ནི་ཀུན་ལ་བློར་བྱང་མིག་བྱང་དུ་སོང་ཡོད་པས། ཀ་ཞེས་པར་ཚིག་གྲོགས་ཀྱང་ཅི་འདོད་དུ་བཀོལ་རྒྱུ་ཡོད་ལ།
ཡི་གེའི་དག་ཆ་རང་བཞིན་གྱིས་ཐོན་ཡོང་བ་ལྟ་བུ། དེ་བཞིན་དུ་དཔེར་ན། ཤ་ཚའི་སྙིང་གཏམ་ལས། ཀ་བ་གདུང་ལྕམ་བྲལ་བའི་ཁང་བཟང་འདིར། ། ཁ་བརྡ་མང་པོས་ཉི་མ་མི་གཏོང་བར། ། ག་ལེར་སྦྱོང་བ་ཅུང་ཞིག་བྱེད་འདོད་ན། །ང་ཡི་ཚིག་འདིར་ཉོན་ཅིག་སློབ་གྲོགས་ཚོ། ། ཞེས་པ་ལྟ་བུ་བློར་བཟུང་ན། སློབ་མར་ཀ་རྩོམ་འབྲི་སྦྱོང་གི་བག་ཆགས་དང་། ཚིག་སྦྱོར་སླ་མོའི་རིགས་ཀྱི་ཚིགས་བཅད་རྩོམ་ཡིག་འབྲི་བར་ནུས་པ་ཐོན་ཐུབ་པ་དང་། ཡིག་ཚོགས་ཉུང་བའི་ཚིག་ལྷུག་གི་སློབ་ཚན་བློར་འཛིན་པ་དེས་ཚིག་ལྷུག་གི་རྩོམ་ཡིག་འབྲི་བར་ནུས་པ་ཐོན་པ་བཤད་མ་དགོས་པ་ཡིན། དེས་ན་སློབ་ཚན་བློར་འཛིན་པ་དེས་ཀློག་འདོན་ལ་དམིགས་བསལ་གྱི་ནུས་པ་ཅི་ཞིག་ཐོན་ཟེར་ན། སློབ་ཚན་བློར་འཛིན་ལ་བྱང་བ་དེས་མིང་དང་ཚིག་གི་ཚོགས་པ་དེ་དག་མིག་ལ་བྱང་བ་དང་ངག་ལ་བྱང་བ། ལག་ལ་བྱང་བ་གོམས་སུ་སོང་བས་མཐོང་བ་ཙམ་གྱིས་ངོས་ཟིན་པ་མ་ཟད། ཇི་ལྟར་ཀློག་པ་ལ་ཡང་ཐོགས་པ་མེད་པ་ནི་ཉམས་མྱོང་ལས་ར་སྤྲོད་བྱེད་ཐུབ་བོ། །

གཉིས། སློབ་ཆུང་སློབ་མའི་སྐད་ཡིག་འབྲི་བའི་ཆུ་ཚད་གོང་འཕེལ་གཏོང་ཐབས།

༡. རྨང་གཞིའི་ཡིག་གཟུགས་ཇེ་ལེགས་སུ་གཏོང་བ།

དེ་ཡང་ཡིག་མཁན་གྱི་ཁ་རྒྱུན་ལ། བྲིས་ངན་མིས་མི་ཆོད། ཞག་གསུམ་ལོན་ན་རང་གིས་མི་ཆོད། ཅེས་ཟེར་བ་ལྟར། སྐད་ཡིག་གི་ནུས་པ་གསོ་སྐྱོང་བྱེད་པའི་ཁྲོད་དུ་སློབ་མའི་ཡིག་གཟུགས་ཡག་པོ་ཞིག་འབྲི་བར་སྣང་ཆུང་བྱེད་མི་རུང་བ་ཡིན། དེང་རྩིས་འཁོར་སོགས་རྒྱ་ཁྱབ་ཏུ་དར་བས་བྲིས་གཟུགས་ཡག་མིན་ལ་སུ་ཞིག་གིས་དོ་སྣང་བྱེད་ཅེས་སྨྲ་སྲིད་མོད། ཡིག་གཟུགས་ནི་སྐད་ཡིག་གི་མྱུ་གུ་སྐྱོང་བའི་ཞིང་ས་དེ་ཡིན་ལ། སྐད་ཡིག་དེ་ཉིད་སྤྱོད་པའི་མི་རིགས་ཀྱིས་སྐད་ཡིག་དེ་ཉིད་འབྲི་མ་ཤེས་ཚེ་རིམ་གྱིས་ཀློག་མི་ཤེས་པ་དང་། ཀློག་མ་ཤེས་ན་དེའི་དོན་མི་གོ་བ་དང་། དེའི་དོན་མ་གོ་ན་བེད་སྤྱོད་བྱེད་ཐབས་མེད་པར་མ་ཟད། ད་དུང་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གིས་མཚོན་པའི་དེང་རབས་ཀྱི་ཤེས་བྱ་སྣ་ཚོགས་ཀྱང་སྐད་ཡིག་རང་སྟེང་ལ་སྦྱོར་བའི་སྐལ་བ་ཡོད་རེ་སྐན། སློབ་མའི་བྲིས་གཟུགས་སྦྱོང་བརྡར་བྱེད་དུས་སློབ་མ་སོ་སོའི་རང་བཞིན་མི་འདྲ་བ་ལ་ཡང་མཉམ་འཇོག་དགོས་པ་ཡིན།སློབ་མ་སོ་སོའི་གཤིས་ཀ་དང་ངང་རྒྱུད་རིང་ཐུང་གི་ཁྱད་པར་གྱིས་སློབ་མ་ལ་ལས་ཐ་སྙད་ཁ་ཤས་བྲིས་ཚེ་ཡིག་གཟུགས་ཧ་ཅང་ལེགས་མོད། འོན་ཀྱང་སློབ་ཚན་བཤུ་འབྲི་བྱེད་དུས་ཡག་པ་ནས་བཙོག་པོར་འགྱུར་བ་དང་།སློབ་མ་ལ་ལས་བྲིས་པ་ལེགས་ཀྱང་དུས་ཚོད་ཡུན་རིང་འགོར་བ། ལ་ལའི་བྲིས་པ་ལེགས་ཀྱང་ཡིག་ནོར་མང་བ་སོགས་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་མཐོང་ཐུབ་པའི་གནད་དོན་ཞིག་ཡིན། སྐད་ཡིག་གི་བྲིས་གཟུགས་ཇེ་ལེགས་སུ་གཏོང་བར་དགེ་རྒན་གྱིས་བྱེད་ཐབས་ཁ་ཤས་སྤྱད་ཆོག་པ་སྟེ། ༡. མགོ་རྐང་ཤད་གསུམ་དྲང་མོ་ཡིན་མིན་ལ་བལྟ་བ། ༢. དབྱངས་བཞིའི་འབྲི་སྟངས་འགྲིག་མིན་ལ་བལྟ་བ། ༣. མགོ་འདོགས་སྦྱོར་དུས་ཆེ་ཆུང་རན་པར་སྦྱོར་ལུགས་ལ་བལྟ་བ། ༤. སྔོན་རྗེས་སྦྱོར་དུས་བར་གྱི་ཡང་དོག་ལ་བལྟ་བ། ༥. ཚིག་ལྷུག་འབྲི་དུས་ཚིག་གི་གཅོད་མཚམས་དང་མགོ་མཇུག་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད་མེད་ལ་བལྟ་བ། ༦. ཚིགས་བཅད་འབྲི་དུས་བར་གྱི་ཐིག་ཕྲེང་མཉམ་མིན་ལ་བལྟ་བ། ༧. སྙོམ་གཙང་འགྲིག་གསུམ་ལ་བལྟ་བ།༨. ལེགས་མགྱོགས་དག་གསུམ་ལ་བལྟ་བ་བཅས་སྔ་མ་སྔ་མའི་རྨང་གཞིའི་སྟེང་ཕྱི་མ་ཕྱི་མའི་སྦྱོང་བརྡར་བྱེད་ཐུབ་པས། དགེ་རྒན་གྱིས་དུས་རྒྱུན་སློབ་ཁྲིད་དང་ལས་བྱའི་ཁྲོད་ལག་ལེན་བྱེད་ཐུབ་པ་ཡིན། གཞན་ཡང་ཀ་ཁའི་བྲིས་དཔེ་སོགས་ལ་བརྟེན་ནས་ཡིག་གཟུགས་སློབ་ཁྲིད་དང་སྦྱོང་བརྡར་བྱས་ཚེ་སློབ་མའི་ཡིག་གཟུགས་ཇེ་ལེགས་སུ་འགྲོ་བ་སྨོས་མ་དགོས།

༢. མཐོང་ཐོས་འབྲི་བའི་སྦྱོང་བརྡར།

ད་ལྟ་དཔེ་འཚོང་ཁང་སོ་སོ་རུ་སློབ་མའི་རྩོམ་ཡིག་འབྲི་ཚུལ་གྱི་དཔེ་དེབ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་དག་མང་ཤོས་ནི་རྩོམ་པ་པོས་རང་གི་གསར་རྩོམ་གྱི་མྱོང་བ་དང་སྦྱར་ནས་བྲིས་པ་དང་། ཁ་ཤས་ནི་ཞིབ་འཇུག་པའི་རྟོག་དཔྱོད་ཀྱི་ལམ་ནས་བྲིས་པ་ཡིན་ཞིང་། ཉུང་ཤས་ཤིག་ནི་ད་གཟོད་དགེ་རྒན་གྱིས་སློབ་ཁྲིད་སྟེགས་བུའི་ཐོག་སློབ་མ་དང་དངོས་སུ་ལག་ལེན་ཁྲོད་ཐོན་པའི་ཉམས་མྱོང་བསགས་ནས་བྲིས་པའི་དཔེ་ཆ་ཡིན་པ་རེད། སྐད་ཡིག་སློབ་ཁྲིད་ཁྲོད་དུ་སློབ་མའི་འཇོན་ནུས་གསོ་སྐྱོང་ཐད་ཤུགས་རྐྱེན་ཆེ་ཤོས་ནི་རྩོམ་ཡིག་འབྲི་བ་དེ་ཡིན་ངེས་ལ།དགེ་སློབ་གཉིས་ཀ་ཆེས་མགོ་བོ་ན་བའི་ལས་ཀྱང་རྩོམ་ཡིག་འབྲི་རྒྱུ་དེ་ཡིན་ངེས། དེ་བས་དགེ་རྒན་ཁ་ཤས་ཀྱིས་རྒྱུགས་སྤྲོད་ལ་དམིགས་ཏེ་སློབ་མར་བཙན་གྱིས་རྩོམ་ཡིག་གང་རུང་ཞིག་བློར་འཛིན་དུ་འཇུག་པ་ཡང་ཡོད། དཔེར་ན། བདག་གི་དགེ་རྒན་ཞེས་པའི་རྩོམ་ཡིག་ཅིག་འབྲི་བའི་དབང་དུ་བྱས་ན། སློབ་མ་མང་ཆེ་བས་བདག་གི་དགེ་རྒན་ག་གེ་མོ་ནི་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་པ་དང་། སློབ་མ་ལ་རང་གི་བུ་ཕྲུག་ལྟར་བརྩེ་བ་སོགས་སློབ་མ་ཕལ་ཆེར་གྱིས་གླུ་བརྒྱ་གདངས་གཅིག་ལྟ་བུ་ཞིག་འབྲི་བ་ཡིན། སྐད་ཡིག་སྦྱོང་བའི་གོ་རིམ་ཁྲོད་དུ་སློབ་མར་རྩོམ་ཡིག་འབྲི་བའི་བླང་བྱ་ནི་དེ་ཙམ་ནན་མོ་མ་ཡིན་པར། སྐད་ཡིག་དེ་ལག་ལེན་བྱེད་པ་སྟེ། སློབ་མའི་བསམ་བློ་དང་མཐོང་ཐོས། དྲན་ཚུལ་སོགས་ཡིག་ཐོག་ལ་འགོད་ཐུབ་པའི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་སྐད་ཡིག་ནུས་པ་གསོ་སྐྱོང་གི་གོམ་པ་དང་པོ་ཡིན། དེ་ལ་བྱེད་ཐབས་ཁ་ཤས་སྤྱོད་ཆོག་པ་སྟེ། ༡. དགེ་རྒན་གྱིས་བཤད། སློབ་མས་ཡི་གེར་འབྲི། དེ་ནི་དགེ་རྒན་གྱིས་རང་གི་བསམ་ཚུལ་ཐུང་ངུ་ཞིག་ག་ལེར་བཤད་ནས་སློབ་མར་ཡིག་ཐོག་ཏུ་འགོད་དུ་འཇུག་པ་དེ་ཡིན། ཡིག་ཐོག་ཏུ་བཀོད་རྗེས་དགེ་རྒན་གྱིས་བཀླགས། སློབ་མས་ཉན། བྲིས་ནོར་ཤོར་བ་འཆོས་པ་སྟེ། དེ་ལྟར་བྱས་ན་སློབ་མས་ཚིག་གི་གོ་རིམ་བསྒྲིག་པ་དང་། ཐ་སྙད་དང་མིང་ཚིག་བེད་སྤྱོད་གཏོང་ལུགས་ཤེས་པར་མ་ཟད། ད་དུང་རང་གི་ནུས་པ་སྔོག་འདོན་གྱི་ཚོར་བ་ཡང་ཐོན་པ་མགྱོགས། ༢. སློབ་མས་བཤད། དགེ་རྒན་གྱིས་ཟིན་ཐོར་འགོད། དེ་ནི་སློབ་མར་རང་གི་བསམ་ཚུལ་གང་ཡིན་ཞིག་བཤད་དུ་བཅུག་ནས་དགེ་རྒན་གྱིས་ཡིག་ཐོག་ཏུ་འགོད་པ་དང། ཡིག་ཐོག་ཏུ་བྲིས་པ་སློབ་མར་བཀླག་ཏུ་འཇུག་དགོས། དེ་ལྟར་བྱས་ན་སློབ་མས་རང་ཉིད་ཀྱི་བཤད་པ་དེ་ཡིག་ཐོག་ལ་འགོད་པའི་བསམ་ཚུལ་ཤུགས་ཆེར་བསྐྱེད་ཐུབ། ༣. མཐོང་བ་ཇི་བཞིན་འབྲི་བ། དེ་ནི་སློབ་ཁང་ནང་དང་ཕྱི་རོལ་གྱི་བྱ་དངོས་གང་རུང་ལ་བལྟས་ནས་དེའི་དབྱིབས་དང་ཚུགས་ཀ ཆེ་ཆུང་། ཁ་དོག དེའི་མིང་སོགས་རང་གི་མཐོང་ཚུལ་དང་ཤེས་ཚད་ལྟར་ཡིག་ཐོག་ལ་འགོད་དུ་འཇུག་པ་དེ་ཡིན། དེ་བཞིན་མི་སྣ་དང་སྲོག་ཆགས་གང་རུང་ལ་བལྟས་ནས་དེའི་རྣམ་པ་ཆ་ཚང་འབྲི་བ་སྦྱོང་བརྡར་བྱས་ཚེ། སློབ་མའི་རྩོམ་ཡིག་འབྲི་བའི་འཇིགས་སྐྲག་རང་བཞིན་གྱིས་ཞི་འགྲོ་ལ། རྩོམ་ཡིག་འབྲི་བར་དངོས་ཡོད་ཀྱི་ཕན་ནུས་ཀྱང་ཆེན་པོ་ཐོན་ཐུབ་པ་ཡིན།

༣. ལད་མོའི་འབྲི་ཐབས།

ཁ་དཔེར། བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་གང་མཁས་ཡིན། ཟེར་བ་ལྟར། སློབ་མར་རྩོམ་འབྲི་ཁྲིད་པའི་གོ་རིམ་ཁྲོད་དུ་རྩོམ་ཡིག་གང་རུང་ལ་ལད་མོ་བྱས་ཏེ་འབྲི་ཚུལ་ཡང་ངེས་པར་དུ་སྦྱོང་བརྡར་བྱེད་དགོས་པ་ཞིག་ཡིན། དཔེར་ན། ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང་། ། མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང་། ། ཞེས་པ་ལྟ་བུར་མཚོན་ན། སློབ་མ་རྣམས་ངག་བྱང་ལ་སོང་ཡོད་པས།ཚིགས་བཅད་འདི་ལ་ལད་མོ་བྱས་ཏེ། ཤར་ཕྱོགས་རི་བོའི་རྩེ་ནས། ། གསེར་གྱི་ཉི་མ་ཤར་བྱུང་། ། གསེར་གྱི་ཉི་མ་ཤར་ནས། ། ས་གཞིར་དྲོད་འཇམ་ལྡན་སོང་། ། ཞེས་པ་ལྟ་བུ་ཚིག་གི་རྐང་བ་གཅིག་གཉིས་བཅོས་ཏེ་འབྲི་ཆོག་པའི་གནང་བ་བྱིན་ཚེ་སློབ་མ་མང་པོའི་རྩོམ་ཡིག་འབྲི་བའི་དགའ་སྣང་སྐྱེད་སྲིང་བྱེད་ཐུབ་ལ། རྩོམ་ཡིག་འབྲི་བའི་ཚོར་བ་ཡང་སློང་ཐུབ་ཅིང། དེ་བཞིན་སློབ་ཚན་དང་འབྲེལ་བའི་ཚིག་ལྷུག་འབྲི་བའི་སྦྱོང་བརྡར་ཡང་བྱས་ཆོག་པ་ཡིན། གཞན་རྩོམ་ལ་ལད་མོ་བྱེད་པ་ནི་རྩོམ་ཡིག་ཐོག་མར་འབྲི་བའི་ལས་དང་པོ་བ་རྣམས་ཀྱིས་ལག་ལེན་བྱས་ན་འོས་པ་ལས་གཞན་རྩོམ་རྐུ་བའི་ཐབས་སུ་འཁྱེར་མི་རུང་ངོ་། །

མཇུག་སྡོམ།

མདོར་ན། སློབ་ཁྲིད་ཀྱི་ཁྲོད་དུ་སློབ་མའི་ཀློག་འདོན་གྱི་ཆུ་ཚད་དང་རྩོམ་འབྲི་ཞན་པའི་སྣང་ཚུལ་དངོས་ཡོད་པས། ཀློག་འདོན་དང་རྩོམ་འབྲི་དམིགས་སུ་བཀར་ཏེ་སློབ་ཁྲིད་ཀྱི་གལ་ཆེའི་རང་བཞིན་ཆེ་རུ་གཏོང་དགོས་ཤིང་། བྱེད་ཐབས་ཀྱི་ཐོག་ནས་དུས་བསྟུན་སྤྱོད་མཁས་དང་མི་ཚུལ་གྱི་ཐབས་ཤེས་ཡང་དག་པར་བེད་སྤྱོད་བྱས་ཏེ་སློབ་མའི་ཀློག་འདོན་དང་རྩོམ་འབྲིའི་ནུས་པ་སྔོག་འདོན་དང་སྐད་ཡིག་གི་རྨང་གཞིའི་བྱང་ཚད་གོང་འཕེལ་ཡོང་བར་བྱེད་དགོས། །


དཔྱད་གཞིའི་ཡིག་ཆ།

[1] 邵光华编. 小学课堂教学技能训练 [M] 高等教育出版社, 2011年5月.

[2] 周建平遍. 小学课堂教学设计 [M] 高等教育出版社, 2012年7月.

[3] དངུལ་ཆུ་དྷརྨ་བྷ་དྲ། སི་ཏུའི་ཞལ་ལུང་། [M] མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པའི་པར་ཐེངས་གསུམ་པ།

[4] སློབ་ཆུང་ལོ་རིམ་གཉིས་པའི་སྐད་ཡིག་སློབ་དེབ། ཞིང་ལྗོངས་ལྔའི་བསླབ་གཞི་རྩོམ་སྒྲིག་ཁང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ12པའི་པར་ཐེངས་དང་པོ།

[5] སློབ་ཆུང་ལོ་རིམ་ལྔ་པའི་སྐད་ཡིག་སློབ་དེབ། ཞིང་ལྗོངས་ལྔའི་བསླབ་གཞི་རྩོམ་སྒྲིག་ཁང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ12པའི་པར་ཐེངས་དང་པོ།


* ཨ་འབུམ་བློ་བཟང་དམ་ཆོས། ལྷོ་ནུབ་མི་རིགས་སློབ་ཆེན2020ལོའི་བོད་ཀྱི་རྩོམ་རིག་ཆེད་ལས་རབ་འབྱམས་པའི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1