འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་དང་འབྲེལ་ཏེ་ བོད་ཀྱི་སློབ་གསོ་རིག་གནས་ཐད་བཞག་པའི་མཛད་རྗེས་རགས་ཙམ་གླེང་བ།

བཀྲ་ཤིས་ལྷ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] འབྲོམ་སྟོན་པ(1004-1064)བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སུ་གོ་གནས་གལ་ཆེན་ཞིག་ཡོད། ཁོང་འཚོ་བཞུགས་ཀྱི་དུས་སྐབས་ནི་བོད་སིལ་བུའི་སྐབས་ཡིན་པས་ལན་རེར་དམག་འཁྲུག་གི་འཇིགས་པ་ཡང་འབྱུང་བཞིན་འདུག་ལ། དམ་ཆོས་ཀྱི་ཕྱོགས་ནས་ལྟ་བ་འདྲ་མིན་མང་པོ་དར་རྐྱེན་བསྟན་པ་དག་ཐེར་གྱི་དགོས་པ་ཆེན་པོར་ཡང་འཕྲད་ཡོད། ཁོང་གིས་སྐབས་ཐོག་དེར་ཇོ་བོ་རྗེ(982-1055)ལས་དམ་ཆོས་ནོད་པ་མ་ཟད་ཁོང་ལྷ་སར་གདན་དྲངས་ཤིང་བསྟན་པ་དག་ཐེར་མཛད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན(756-800)གྱི་བཀས་བཅད་གཞིར་བཟུང་ཐོག་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཕལ་ཆེན་སྡེ་བ་བཀག་སྟེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དག་པར་སྤེལ་བ་དང་། བྱང་རྭ་སྒྲེང་གི་དགོན་པ་བཏབ་སྟེ་བསྟན་པ་སྤྱི་ལ་མཛད་རྗེས་བླ་ན་མེད་པ་བཞག དེ་ལས་གཞན་ད་དུང་འཕྲིན་ཡིག་དང་། བསླབ་བྱ། རྣམ་ཐར། བསྟོད་རྩོམ་སོགས་བོད་ཀྱི་རྩོམ་རིག་གི་ཐད་ལ་ཡང་སྔར་མེད་གསར་གཏོད་ཀྱི་མཛད་རྗེས་བཞག་ཡོད་དོ། །

[གནད་ཚིག] འབྲོམ་སྟོན་པ། བོད་ཀྱི་རིག་གནས། མཛད་རྗེས།

དེ་ཡང《ཆོས་འབྱུང་མཁས་པའི་ཡིད་འཕྲོག》ལས“ཁ་བ་རི་པ་ལ་ཐོག་མར་དགེ་བ་སྲོང་བཙན་སྒམ་པོ། བར་དུ་དགེ་བ་འབྲོམ་རྒྱལ་བའི་འབྱུང་གནས། ཐ་མར་དགེ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གསུམ་ཡིན་ལ།”①ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་དང་། ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ། ཁྱད་པར་དུ་བཀའ་གདམས་གྲུབ་མཐའི་སྲོལ་འབྱེད་མཁན་ཡིན། འབྲོམ་སྟོན་པ་སྐུ་ན་ཕྲ་དུས་ནས་མ་ཡུམ་གྲོངས་པས་ཕ་མའི་གཉོར་སྐྱོང་གི་སྐལ་བ་མ་ཐོབ་ཀྱང་། རང་ཉིད་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན། ཁྱད་པར་དུ་ཁོང་གིས་བླ་མ་དག་ལ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་པས་མཁས་པའི་ཕ་རོལ་ཏུ་ཕྱིན། དེ་ཡང་དང་ཐོག་བླ་མ་སེ་བཙུན་གྱི་དྲུང་དུ་ཕྱིན་དུས་འབྲོམ་རིན་པོ་ཆེའི་ཞལ་ནས།“སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་ཕན་ཡོན་ཆེའོ་ཞེས་བླ་མ་སེ་བཙུན་གྱི་ནང་གི་ཞབས་ཏོག་ལེགས་པར་སྒྲུབ་ཅིང་། ཕྱི་རོལ་ཏུ་ཕྱུགས་འཚོ་བ་དང་། ཐ་ན་ཕྱེ་འཐག་དུས་དཔེ་ཆ་རང་འཐག་གི་སྟེང་དུ་བཞག་སྟེ་གཟིགས་པ”①ལ་སོགས་པའི་དཀའ་བ་ཁྱད་དུ་བསད་དེ་ཐོས་བསམ་མཛད་ཚུལ་ནི་དཔེར་ན་དུས་གཅིག་ལ་ཕྱག་གིས་རྩམ་པ་འཐག་པ་དང་། ཞབས་ཀྱིས་ཀོ་བ་མཉེད་པ། རྒྱབ་ནས་འོ་མ་བསྲུབས་པ། སྤྱན་གྱིས་དཔེ་ཆར་གཟིགས་པ་སོགས་བསམ་ཡུལ་ལས་འདས་པའི་ཐོས་འཚོལ་གྱི་སྡུག་རུས་མཛད་པས། མཆིམས་ཆེན་མོར་ཡང་།“ལོ་ཉི་ཤུ་བསྟེན། བྱ་བ་བཞག་ནས་ལོ་བཞི་བསྟེན།”② ཞེས་ལོ་མང་པོར་བླ་མར་ཞབས་ཏོག་བསྒྲུབས་པ་བསྟན་པ་རེད། ཇོ་བོ་རྗེ་བསྟེན་དུས་ཀྱང་བྱང་དུ་གསེར་བསྒྲུབས་ཏེ་ཇོ་བོ་ལ“གསེར་ཞོ་དགུ་ལ་སྲང་རེར་རྩིས་པའི་གསེར་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག འབྲི་བཅུ་གཅིག བེར་གཉིས། དབྱི་སྤྱང་བཞི། ཁྲབ་བཞི། དངུལ་སྐྱོགས་གཉིས། གླ་གོར་གྱི་སྡེར་མ་གཅིག དེ་ལ་སོགས་པའི་ནོར་སྣ་བརྒྱ་རྩ་བརྒྱད་ཕུལ། བོད་ཀྱི་རྒྱལ་ཁམས་ན་ཉིན་གཅིག་ལ་བླ་མའི་ཞབས་ཏོག་དེ་ཆེ་བ་ཡིན།”③ཞེས《བཀའ་གདམས་ཆོས་འབྱུང》དུ་གསུངས་ལ། དེ་ལ“འབྲོམ་གྱི་འབུལ་མོ་ཆེ”ཞེས་གྲགས་ཏེ་ཁོང་ནི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་དཔེ་རུ་གྲགས་པས། ཁོང་གིས་བསྟེན་བྱ་བཤེས་གཉེན་བཀུར་བའི་སློབ་གསོ་ཡང་རྒྱ་ཆེར་དར་བར་བྱས། དེའི་ཕྱིར་བླ་མ་ལ་བསྙེན་བཀུར་ཆེ་བ་རྒྱ་གར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་།བོད་ན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་རྗེ་བཙུན་མི་ལ་རས་པ་ཞེས་ལོ་རྒྱུས་སུ་གྲགས། ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་ཕྱིར་རྒྱ་གར་ལ་ལོག་དུས་འབྲོམ་སྟོན་པའི་སེམས་ལ་བོད་དུ་དམ་པའི་ཆོས་ལ་ལྷད་ཞུགས་ཡོད་པར་བརྣགས་ཏེ། བོད་ཀྱི་མི་ཆེན་རྣམས་ལ་འཕྲིན་བརྫངས་ནས་ཇོ་བོ་རྗེ་ལྟ་བུ་བོད་དུ་ཕེབས་པ་ཐེངས་གཅིག་ཡིན་པས་ངེས་པར་དུ་ལྷ་སར་གདན་འདྲེན་དགོས་ཚུལ་གྱི་བཀའ་གནང་བ་དང་། ཡང་ཇོ་བོ་རྗེ་དང་ལྷན་ཅིག་སྙེ་ཐང་ལ་ཕེབས་དུས་ཆོས་ལོག་པ་མང་བར་གཟིགས་ཏེ་རྒྱལ་བའི་དགོངས་པ་ཇི་བཞིན་གྱི་ཆོས་ཤིག་གསུང་བར་ཞུ་ཞེས་པས། ཇོ་བོས་བྱང་ཆུབ་ལམ་སྒྲོན་མཛད་པ་སོགས་རླབས་ཆེན་གྱི་སྐྱེས་བུ་ཁོང་གི་མཛད་པ་འདི་དག་ལ་རང་ཅག་དེང་གི་སློབ་གཉེར་པ་དག་གིས་གཟིགས་ན་རང་ཉིད་ཀྱི་རྒྱུད་ལ་ཡང་སློབ་སྦྱོང་ལ་ཧུར་ཐག་དང་། ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་ལ་གདོང་གཏོད་སྤོབས་པའི་སེམས་ཤུགས་སྐྱེད་ངེས་པ་སོགས་ཀྱི་སློབ་གསོའི་དགེ་མཚན་མི་དམན་པ་ལྡན་པར་འདོད་པས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་པར་ཐར་བ་མདོར་བསྡུས་དང་སྦྲགས་ཏེ་ཁོང་གིས་བོད་ཀྱི་སློབ་གསོ་རིག་གནས་ལ་བཞག་པའི་མཛད་རྗེས་སྐོར་ཅུང་ཟད་ཞུ་བར་བྱའོ། །

དང་པོ། འབྲོམ་སྟོན་པའི་དུས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་གནས་བབ།

གཅིག སྲིད་ཀྱི་གནས་བབ།

འབྲོམ་སྟོན་པ་བཞུགས་དུས་ནི་བོད་སིལ་བུའི་དུས་སྐབས་ཡིན་ལ། སྐབས་དེའི་སྤྱི་ཚོགས་གནས་ཚུལ་ནི།ལྷ་ལུང་དཔལ་རྡོར་གྱིས་གླང་དར་མ་འུ་དུམ་བཙན་བཀྲོངས་པ་ནས་བཙན་པོའི་སྲས་གཉིས་རྒྱལ་སྲིད་འཛིན་རྒྱུར་མ་འཆམ་པར་མངའ་བདག་འོད་སྲུང་གིས་ཤོག་ཁས་གཡོ་རུ་བཟུང་བ་དང་། ཡུམ་བརྟན་གྱིས་ཤོག་ཁས་དབུ་རུ་བཟུང་སྟེ་ལོ་མང་རིང་དམག་འཁྲུག་ལངས། འོད་སྲུང་གི་གདུང་རྒྱུད་རྣམས་ཕམ་སྟེ་མངའ་རིས་ཕྱོགས་སུ་བྲོས་ཤིང་།དེའི་བློན་འབངས་མང་ཆེ་བ་ལྷོ་མོན་གྱི་ཕྱོགས་སུ་བྲོས་ནས་ཡུལ་དེར་གྲོང་སྡེ་ཆགས། ཡིན་ཡང་དམག་འཁྲུག་ད་དུང་རྒྱུན་མ་ཆད་པར་བྱུང་བས། བོད་ལུགས་ས་མོ་གླང་ལོ་སྟེ་སྤྱི་ལོ869ལོར་མདོ་ཁམས་ཡུལ་ནས་འབངས་གྱེན་ལོག་བྱུང་། དེའི་རྗེས་རིམ་བཞིན་དབུས་གཙང་གི་ཡུལ་གྲུ་དུ་མར་གཅིག་རྗེས་གཉིས་མཐུད་དུ་འབངས་གྱེན་ལོག་བྱུང་སྟེ་བཙན་པོའི་བང་སོ་མང་ཆེ་བ་བཤིག དཔོན་རིགས་མང་པོ་བཀྲོངས་པར་བརྟེན་བཙན་པོའི་གདུང་རྒྱུད་དང་བློན་པོ་རྣམས་དངངས་སྐྲག་རབ་ཏུ་སྐྱེས་ནས་མངའ་རིས་སོགས་ཡུལ་གྲུ་གང་སར་བྲོས་ཏེ་ཡུལ་སྡེ་མང་པོ་གཅིག་འོག་གཅིག་ལ་མ་འདུས་པར་སིལ་བུར་འཐོར། སྐབས་དེར་གཙོ་བོ་སྲིད་ཀྱི་དབང་ཤུགས་ཕྱོགས་ཁག་བཞི་ཙམ་དུ་གྱུར་ཡོད་དེ། འོད་སྲུང་གི་གདུང་རྒྱུད་ཀྱིས་བཙུགས་པའི་མངའ་རིས་རྒྱལ་རྒྱུད་དང་། ཡ་ཙེའི་རྒྱལ་རྒྱུད། ཡར་ལུང་རྒྱལ་རྒྱུད། ཡུམ་བརྟན་གྱི་གདུང་རྒྱུད་ཀྱིས་བཙུགས་པའི་ལྷ་སའི་རྒྱལ་རྒྱུད་བཅས་ཡིན། འདིར་ཆེད་དུ་མངའ་རིས་རྒྱལ་རྒྱུད་ཀྱི་སྐོར་མདོ་ཙམ་ཞུས་ན། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་ནི་བོད་ཤིང་བྱ་སྟེ་སྤྱི་ལོ865ལོར་སྐུ་འཁྲུངས། དགུང་ལོ་ཉེར་གཅིག་ལ་ཡབ་དགོངས་པ་རྫོགས་ནས་ཆབ་སྲིད་ཀྱི་ཁྲིར་བཞུགས་ཤིང་བཙུན་མོ་ཆེ་ཆུང་གཉིས་བཞེས། བཙུན་མོ་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་ཡིན་ལ། ཆུན་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ཡིན། སྲས་འདི་གཉིས་ཀྱི་སྲིད་དབང་ཕལ་ཆེ་བ་ཡུམ་བརྟན་གྱིས་འཕྲོག་པས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་དུ་བྱོན་པ་དང་བཙུན་མོ་གཉིས་བཞེས། ཁོང་སྤྱོད་པ་ལེགས་ཤིང་བློ་རིག་བཀྲ་བས་མངའ་རིས་སྐོར་གསུམ་གྱི་འབངས་རྣམས་མགུ་སྟེ་རྗེ་རུ་བཀུར་བས་སྤུ་རངས་སུ་སྐུ་མཁར་ཉི་ཟུང་བརྩིགས། བཙན་པོ་འདིའི་བཙུན་མོ་ཅོག་རོ་བཟའ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་དཔལ་གྱི་མགོན་གྱིས་མང་ཡུལ་བཟུང་བ་དང་། བར་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང་ལ། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་བ་ལ་ལ་སྟོད་ཀྱི་མགོན་གསུམ་དུ་འབོད། ཆུང་བ་ལྡེ་གཙུག་མགོན་ལ་སྲས་སྲོང་ངེ་དང་འཁོར་རེ་གཉིས་བྱུང་།སྲོང་ངེ་སྐུ་ཚེའི་སྟོད་དུ་བཙུན་མོ་ཁབ་ཏུ་བཞེས་པར་སྲས་ནཱ་ག་རཱ་ཛ་དང་དྷེ་བ་རཱ་ཛ་གཉིས་འཁྲུངས། རྗེས་སུ་ཁོང་རབ་ཏུ་བྱུང་བས་རབ་བྱུང་གི་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གསོལ། ཁོང་གིས་མཐོ་ལྡིང་གཙུག་ལག་ཁང་བཞེངས་པ་དང་ལོ་ཆེན་རིན་བཟང་སོགས་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་པར་མངགས་པ་རེད།དེ་ལྟར་བོད་སིལ་བུར་འཐོར་ནས་དུས་རབས་བཅུ་པའི་སྨད་དང་བཅུ་གཅིག་པའི་སྟོད་ལ་སླེབས་དུས།སྲིད་ཀྱི་གནས་བབ་ནི་ལུང་བ་རེ་ལ་རྗེ་རེ་ཟེར་བ་ལྟར་ས་གནས་བཅད་བཟུང་གིས་རང་རང་གི་གནས་གཞི་རེ་བདག་ཏུ་བཟུང་སྟེ་འཚོ་བ་རོལ་བཞིན་ཡོད་ལ། རྗེ་དཔོན་དེ་དག་གིས་མངའ་འབངས་འཕྲོག་རྩོད་ཀྱིས་ལན་རེར་འཁྲུག་པ་རྒྱག་དུས་ཡོད་ན་ཡང་སྤྱིའི་ཆ་ནས་བོད་ཀྱི་སྤྱི་ཚོགས་འཚོ་བ་ཅུང་ཞི་བདེའི་རྣམ་པར་གནས་ཡོད།

གཉིས། དམ་པའི་ཆོས་ཀྱི་གནས་བབ།

དམ་པའི་ཆོས་ཀྱི་ཕྱོགས་ནས“གླང་དར་མས་བསྟན་པ་བསྣུབས་པ་ནས་ལོ་ངོ་བདུན་ཅུ་ཙམ་གྱི་རིང་ལ་བོད་ཡུལ་མུན་པའི་གླིང་དུ་གྱུར”①ཅེས་པ་ལྟར། ལོ་ངོ་དེ་དག་གི་རིང་ལ་བོད་དུ་དམ་པའི་ཆོས་ཀྱི་རྒྱུན་ཆད་པ་སྟེ་འདུལ་འཛིན་གྱི་སྐྱེས་བུ་མེད་པའི་རྣམ་པར་གནས་པ་ལ། རྗེས་སུ་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་པ་སྟེ་འདུལ་བའི་སྡོམ་རྒྱུན་སྤེལ་བ་དང་། ལོ་ཙཱ་པ་རིན་ཆེན་བཟང་པོས་མངའ་རིས་སྟོད་ནས་འདུལ་བའི་སྡོམ་རྒྱུན་སྤེལ་བས་དབུས་གཙང་གི་ལྗོངས་སུ་དགེ་འདུན་གྱི་སྡེ་འཕེལ་བར་གྱུར་མོད་ཀྱང་།འགའ་ཞིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད་པ་དང་། འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད་པ་སོགས་ཀྱིས་བསྟན་པ་ཕྱོགས་རེ་བར་སོང་། ཕལ་ཆེ་བ་གྲུབ་མཐའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པ་ཉམས་ལེན་དུ་འཁྱེར་ཤེས་པ་ལྟ་ཞོག ཐ་ན་ཕྱོགས་མཐོང་གི་གོ་བ་ཙམ་ཆགས་པ་ཡང་དཀོན་པའི་གནས་སུ་གྱར་ཡོད་ལ། ལྷག་པར་སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་བློ་ལ་ཡོད་པ་རྣམས་ཡི་གེར་བྲིས་པར། བར་སྐབས་ཀྱི་ཚིག་བརྗེད་ནས་མ་ཐོན་པ་རྣམས་ལ་བློ་བཟོའི་བསླད་བཅུག བརྡ་ཆད་གང་བྱུང་སྦྱར། གཞན་ཡང་རྒྱ་གར་ནས་ཨ་ཙ་རྱ་དམར་པོ་ཞེས་བྱ་བ་དང་། པཎྜིི་ཏ་ཤམ་ཐབས་སྔོན་པོ་ཅན་བྱ་བ་ལ་སོགས་པ་འགའ་ཞིག་བྱུང་ནས་བུད་མེད་སྤྱོད་པ་ལ་སྦྱོར་བ་དང་།དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་དང་། སྔགས་ལ་བསྙད་བཏགས་པའི་རྩིང་སྤྱོད་མང་པོ་ཞིག་དར་བར་གྱུར། དེ་དག་གི་དབང་གིས་ལྟ་སྤྱོད་རྣམ་དག་འཛིན་པ་ཤིན་ཏུ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར་པ་ལ། མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་ལོག་སུན་འབྱིན་གྱི་བཀས་བཅད་མཛད་ཀྱང་ཕན་པ་མ་བྱུང་། དུས་དེར་བོད་ཀྱི་བསྟན་པའི་གནས་ཚུལ་དེ་ལྟར་གྱུར་པ་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་ཀྱིས་མ་བཟོད་པས། རྒྱ་གར་ནས་པཎྜིི་ཏ་ཆེན་པོ་བསྟན་པ་ལ་ཚད་མར་གྱུར་པ་ཞིག་གདན་དྲངས་ནས་དག་ཐེར་མཛད་པ་ལས་ཕན་ཐབས་གཞན་མེད་པར་དགོངས་ནས། ལོ་ཙཱ་པ་རིན་ཆེན་བཟང་པོ་དང་རྒྱ་བརྩོན་འགྲུས་སེང་གེ་ལ་གསེར་མང་པོ་བསྐུར་ནས་ཇོ་བོ་རྗེ་གདན་འདྲེན་པར་བཏང་ཡང་སྤྱན་མ་འདྲོངས། ད་དུང་གསེར་མང་པོ་བཙལ་ནས་སྤྱན་འདྲེན་པར་མངགས་དགོངས་ནས་གསེར་འཚོལ་དུ་ཕེབས་པ་གར་ལོག་གི་རྒྱལ་པོས་བཟུང་ནས་མ་བཏང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབོན་པོ་བྱང་ཆུབ་འོད་ཀྱིས་གསེར་མང་པོ་བཙལ་ནས་ཁུ་བོ་བླུ་བར་ཕྱིན་ཡང་མ་བཏང་། དེ་ནས་ལྷ་བླ་མ་བཙོན་དུ་གཤེགས་པ་ན་ཁོང་གི་ཞལ་ཏ་བཞིན་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་པ་ཚུལ་ཁྲིམས་རྒྱལ་བར་གསེར་མང་པོ་དང་བཅས་པཎྜིི་ཏ་སྤྱན་འདྲེན་པར་རྒྱ་གར་དུ་མངགས། ནག་ཚོ་ལོ་ཙཱ་པ་དང་རྒྱ་བརྩོན་འགྲུས་སེང་གེ་གཉིས་འཛོམས་ནས་ཇོ་བོ་རྗེ་བོད་དུ་གདན་དྲངས་ཏེ་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མཛད་ནས་བོད་ཀྱི་བསྟན་པ་ལ་དག་ཐེར་མཛད་པ་སོགས་ནི་དམ་པའི་ཆོས་ཕྱོགས་ཀྱི་གནས་བབ་མདོར་བསྡུས་ཙམ་མོ། །

གཉིས་པ། འབྲོམ་སྟོན་པའི་མཛད་རྣམ་མདོར་བསྡུས།

གཅིག སློབ་གཉེར་མཛད་ཚུལ།

འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་སྟོད་ལུང་ཕུའི་རྩ་སྒྱེ་མོའི་སའི་ཆར་ཡབ་སྐུ་གཤེན་ཡག་གཞེར་འཕན་དང་ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་ཤིང་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ1004ལོར་སྐུ་འཁྲུངས་ཤིང་མཚན་ལ་ཆོས་འཕེལ་དུ་གསོལ། ཁོང་སྐུ་ན་ཆུང་དུས་ནས་ཡུམ་ཚེ་ལས་འདས་པས་ཡབ་ཀྱིས་མ་ཡར་ཅིག་ཆུང་མར་བླངས་པ་དང་ཐུགས་མ་མཐུན་སྟབས་དགུང་ལོ་བཅུ་གསུམ་གྱི་སྟེང་ཞང་པོའི་ས་རུ་སོང་སྟེ། དགེ་བཤེས་གཡུང་ཆོས་མགོན་གྱི་མདུན་དུ་ཀློག་ཡིག་བསླབས་ཤིང་དེར་ལོ་བཞིར་བཞུགས། དགུང་ལོ་བཅུ་བདུན་སྟེང་ཇོ་བོ་སེ་བཙུན་གཞོན་ནུ་ཁམས་ནས་རྒྱ་གར་དུ་བྱོན་པ་དང་མཇལ་བས་དད་པ་སྐྱེས་ཏེ་ཁོང་ལ་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་གདམས་པ་ཞུས། དེ་ནས་རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གི་མདུན་དུ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་རྒྱལ་བའི་འབྱུང་གནས་སུ་གསོལ། དགུང་ལོ་བཅུ་དགུ་པ་སྤྱི་ལོ1022ལོ་སྟེ་ཆུ་ཁྱི་ལོར་ཚོང་པ་དང་འགྲོགས་ཏེ་ཁམས་སུ་ཕེབས་ནས་ཇོ་བོ་སེ་བཙུན་དང་མཇལ། དེ་ནས་བཟུང་ཇོ་བོ་སེ་བཙུན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཞིང་། སངས་རྒྱས་ཐམས་ཅད་མཆོད་པ་ལས་བླ་མ་མཆོད་པ་ཕན་ཡོན་ཆེའོ་དགོངས་ཏེ། རང་གི་བླ་མ་སེ་བཙུན་གྱི“ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང་། ཕྱི་རོལ་ཏུ་རྟ་ཕྱུགས་མང་པོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད། ནུབ་མོ་རྟ་བཟང་ལ་ཞོན་འཁོར་གསུམ་ཚེམ་འདྲ་བ་བྱས་ཏེ་མེལ་ཚེ་མཛད། གཞན་ཡང་འབྲོམ་རིན་པོ་ཆེ་འདི་ནི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་རྒྱལ་བ་སྲས་བཅས་ཀུན་གྱིས་བསྔགས་པར་འོས་པ་ཞིག་བྱུང་སྟེ། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེར་བཤེས་གཉེན་བསྟེན་པའི་ཚུལ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བསྔགས་འོས་སུ་མཛད་པ་ལྟར་འབྲོམ་རིན་པོ་ཆེ་འདི་ཡང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་ལུས་ཀྱི་རྐང་བཏང་མ་བཏང་གི་ཁྱད་ལས་མེད་པ་ཞིག་བྱུང་།”① དེ་ཚེ་བླ་མ་སེ་བཙུན་གྱི་སྤྱན་སྔར་མདོ་སྔགས་ཀྱི་གཞུང་མཐའ་ཡས་པ་ལ་སྦྱངས་བརྩོན་གནང་ཞིང་། ཁྱད་པར་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དབུ་མའི་སྐོར་དང་། བྱམས་ཆོས་སྡེ་ལྔ།ཐོགས་མེད་སྐུ་མཆེད་ཀྱི་གཞུང་སོགས་ལ་རྩལ་དུ་རྫོགས་པར་སྦྱངས་ཏེ་ཆོས་གྲྭར་དགེ་འདུན་བྱིངས་དང་བགྲོ་གླེང་མཛད་པ་ན་སུས་ཀྱང་ལན་འདོན་སྤོབས་པར་མ་ནུས་པར་མཁས་པའི་ཕུལ་དུ་ཕྱིན་པར་གྲགས་ཤིང་། དེའི་ལོར་དགེ་འདུན་རྣམས་ཀྱིས་མཁས་པ་ཆེན་པོ་འདི་ལྟ་བུ་རྟ་བོང་གི་རྫི་བོ་དང་ཡོས་འཐག་པ་སོགས་ངལ་ལས་ལ་བཀོལ་དུ་ཕངས་པས། ད་ཕྱིན་ཆད་ངལ་ལས་བགྱི་མི་དགོས་པར་ཆོས་གྲྭར་ཕེབས་ཆོག་པ་དགོས་ཞེས་བླ་མ་སེ་བཙུན་ལ་ཞུས་པས་དེ་བཞིན་དུ་གནང་། སྐབས་དེ་དུས་སུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཀྱང་ཆོས་གྲྭ་དེར་བཞུགས་པས་ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཐོག་མར་ཁམས་སུ་གྲགས་པ་ཡིན་ནོ། །

དེ་ནས་འབྲོམ་སྟོན་པའི་ཐུགས་ལ་ཆོས་རྣལ་མ་ཞིག་བྱེད་ན་འདི་ཙམ་གྱིས་ཆོག་གམ་མི་ཆོག རྒྱ་གར་གྱི་མཁས་པར་འདྲི་བ་ལ་བར་དུ་ལོ་ཙཱ་མི་དགོས་པ་ཞིག་བྱ་དགོངས་ཏེ་པཎྜིི་ཏ་སྒྲའི་ཚེར་མ་ཞེས་བྱ་བ་སྨྲྀ་ཏི་ཛྙཱ་ན་ཀིརྟིའི་ཕྱོགས་དེར་བྱོན་པ་ལ་སསྐྲྀཾཏའི་སྐད་དང་རྒྱ་ཡིག་ཀྱང་བསླབས་པ་ལེགས་པར་མཁྱེན། དེ་ལྟར་འབྲོམ་སྟོན་པས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པས་མཁས་པའི་ཕུལ་དུ་ཕྱིན་ཏེ་དགེ་བསྙེན་ཆོས་འཕེལ་དུའང་གྲགས། དགུང་ལོ་སོ་བརྒྱད་པ་སྟེ་སྤྱི་ལོ1042ལོར་ཇོ་བོ་མངའ་རིས་སུ་ཕེབས་པ་འགྲུལ་པ་ལས་གསན་པས་བླ་མ་སེ་བཙུན་ལ་མངའ་རིས་སུ་འགྲོ་བར་ཞུས། བླ་མ་དགྱེས་བཞིན་དཔེ་ཆ་རྟ་ཁལ་གཅིག་གནངས་ནས་མངའ་རིས་སུ་བྱོན། སོག་ཆུ་ཁར་ཕེབས་པ་ནས་སྐྱེམས་བསྐྲུར་བྱོན་པ་ལ་འཕྲང་ཁ་བེར་ཆུང(འདི་རྗེས་ནས་རྭ་སྒྲེང་དགོན་པ་འདེབས་དུས་ཀྱི་སྦྱིན་བདག་གཙོ་བོ་ཡིན་པར་བཤད)གིས“ཁྱོད་ཆོས་གྲྭ་ནས་འོངས་པའི་དགེ་བསྙེན་ཞིག་འདུག་སྟེ། ང་ཡང་ཞང་འཕྲང་ཁ་བེར་ཆུང་བྱ་བ་མི་ཆེན་ཞིག་ཡིན། ཁྱོད་ཀྱིས་དེ་ན་ཡར་ལ་ཕྱག་ཝ་འཁྱུག་པ་འདྲ་བ་ཅིག་གྱིས་ཟེར་བས། སྟོན་པས་ཀྱང་དེ་བཞིན་དུ་སྐད། དེར་བེར་ཆུང་གིས་ཆོས་གཏམ་མང་པོ་བྱས་པའི་ཚེ་འབྲོམ་གྱིས་ཁོང་གི་ཚིག་སྣ་རེ་ནས་བརྡུངས་པས། ཁོ་ཐེ་ཚོམ་སྐྱེས་ནས་ཁམས་མ་གི་ན་འབྲོམ་སྟོན་པ་ཟེར་བའི་དགེ་བསྙེན་ཆོས་མཁན་ཞིག་ཡོད་ཟེར། དེ་ཁྱེད་ཡིན་ནམ་བྱས་པས། ཡིན་པའང་སྲིད་གསུངས་པས། ཁོང་ཧ་ལས་ཏེ། ཁོང་རང་གི་འོག་གི་གྲུམ་ཙེ་ཕྱུང་སྟེ་དགེ་བཤེས་སྟོན་པ་ལ་བཏིངས། རྟ་བཟང་པོ་གཅིག་གི་ཐུར་མདའ་དར་ཡུག་ལ་བྱས་ནས་ཕུལ། ད་ཅི་ནས་ཕྱག་བླངས་པའི་བཟོད་གསོལ་བྱས། དེ་ནས་བགྲོ་གླེང་བྱས་པའི་བཟོད་གསོལ་བྱས།”①འཕྲང་ཁ་བེར་ཆུང་གིས་རྭ་སྒྲེང་གི་ས་འདིར་དགོན་ས་མཛད་དེ་མཆོད་གནས་མཛད་པར་ཞུས་པས་འབྲོམ་སྟོན་པས་སྡོད་མི་ཁོམ་གསུངས་པ་རེད། འོ་ན་ཡས་མར་ཕེབས་ནས་ངའི་མཆོད་གནས་བྱ་དགོས་ཟེར་བ་ལ་རྩིགས་ཁ་གསུམ་འཛིན་དགོས་པ་སྟེར་ན་བྱ་གསུངས་པ་ལྟར་ཁས་བླངས། རྩིག་གསུམ་པོ་ནི་ཕོད་མདོའི་མཁར་དེ་བཤིག་ནས་གཙུག་ལག་ཁང་ཞིག་བཞེངས་པ་དང་། ཤ་ཟན་དང་རྩམ་ཟན་གྱི་འཁྲུག་པ་བསྡུམས་པ། ཁོང་གི་ཕྱི་ནས་ཡས་ལ་རྔོག་ལེགས་པའི་ཤེས་རབ་བྱ་བ་འོང་བ་དེ་ལ་ཆོས་འབྲེལ་འཛུགས་པ། དེ་མ་བྱུང་ན་གཡོན་རུ་ན་ཁུ་སྟོན་བློ་རྣོན་པོ་བྱ་བ་ཡོད་པ་དེ་སྤྱན་དྲངས་ནས་ཆོས་འབྲེལ་འཛུགས་པ་སོགས་ཡིན། དེ་ལྟར་འཕྲང་ཁ་བེར་ཆུང་འབྲོམ་སྟོན་པ་ལ་ཤིན་ཏུ་དད་པར་གྱུར་ཅིང་རྗེས་སུ་ཁོང་གིས་རྭ་སྒྲེང་དགོན་པ་འདེབས་དུས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར་བར་གྲགས།

གཉིས། འགྲོ་དོན་མཛད་ཚུལ།

དེ་ནས་དགུང་ལོ་ཞེ་གཅིག་པ་སྟེ་སྤྱི་ལོ1044ལོར་མངའ་རིས་སུ་ཇོ་བོ་རྗེ་དང་མཇལ་ཏེ་ཕྱག་མཛད་ཅིང་ཕྱག་རྟེན་དུ་གསེར་ཕུལ། དེར་ཇོ་བོ་རྗེའི་ཕྱག་འབྲོམ་སྟོན་པའི་དབུ་ཐོག་ཏུ་བཞག་ནས། སཾསྐྲྀ་ཏའི་སྐད་དུ་ཤིས་བརྗོད་མཛད་ཅིང་བྱིན་གྱིས་བརླབས་ལ་ཡུད་ཙམ་ན་དབང་ཡང་བསྐུར། དེ་ནས་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་དྲི་བ་གསུམ་མཛད་པ་སྟེ།“རྒྱ་གར་ན་པཎྜིི་ཏ་ཇི་ལྟ་བུ་ཡོད་བྱ་བ་དང་།ངའི་སྔ་མའི་ཆོས་དེ་ལམ་དུ་སོང་ངམ་མ་སོང་བྱ་བ་དང་།བླ་མ་ཉིད་ཀྱི་སྤྱན་སྔར་བསྡད་ན་ཇི་ལྟར་མཆི་བྱ་བ་དང་གསུམ་ཞུས་པས།”②ཇོ་བོ་རྗེའི་ཞལ་ནས་རྒྱ་གར་ན་པཎྜིི་ཏ་མང་པོ་ཡོད་ལ་ཁྱོད་ཀྱི་སྔ་མའི་ཆོས་དེ་ལམ་དུ་མ་སོང་ཡང་བླ་མའི་ཞབས་ཏོག་ལམ་དུ་སོང་བས་འདིར་སྡོད་དང་།དེ་ནི་ངའི་ལྷ་མོ་སྒྲོལ་མས་ཁྱོད་ལུང་བསྟན་པ་ཡིན་ལ། ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་པར་གསུངས། དེ་ནས་བཟུང་འབྲོམ་སྟོན་པས་ཇོ་བོ་རྗེ་ཞིང་གཤེགས་བར་དུ་ཞབས་ཏོག་ལེགས་པར་བསྒྲུབས་ཤིང་། བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ཡོན་ཏན་བུམ་པ་གང་བྱོར་ཞུས། དགུང་ལོ་ང་བཞི་བཞེས་པ་སྤྱི་ལོ1057ལོ་སྟེ་མེ་མོ་བྱ་ལོར་འཕྲང་ཁ་བེར་ཆུང་གིས་སྦྱིན་བདག་གཙོ་བོ་མཛད་དེ། བཀའ་གདམས་བརྒྱད་རྩ་བརྒྱད་ཀྱི་ཕྱི་མོ།འབྲོམ་སྟོན་པ་རང་གི་གཡར་དམ། ཇོ་བོ་རྗེའི་གདན་ས་བྱང་རྭ་སྒྲེང་དགོན་པ་བཏབ་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། དགུང་ལོ་རེ་གཅིག་པ་སྤྱི་ལོ1064ལོ་སྟེ་ཤིང་ཕོ་འབྲུག་གི་ལོར་རྭ་སྒྲེང་དགོན་དུ་སྐུ་གཤེགས།ཁོང་གིས་བུ་སློབ་མང་དུ་བསྐྱངས་ཡོད་ཀྱང་ཡོངས་གྲགས་ཀྱི་སློབ་མ་གཙོ་བོ་ནི། དགེ་བཤེས་ཁམས་པ་ལུང་པ་ཆེན་པོ་དང་། རྣལ་འབྱོར་རྣམ་པ་བཞི། དགེ་བཤེས་པོ་ཏོ་བ། དགེ་བཤེས་སྤྱན་སྔ་བ། དགེ་བཤེས་ཕུ་ཆུང་བ་བཅས་དང་། ཐུན་མོང་མ་ཡིན་པའི་སློབ་མ་ནི་ལྡང་ལྕམ་སྟོན་པ།སྒྱུ་ར་གཞོན་ནུ་འོད་ཟེར། ལྷབ་མི་ཤེས་རབ་གཡུང་དྲུང་།ཀ་བ་རྒྱ་གར། རུག་པའི་ཞིང་ཆེན་པ། བན་ཀ་ཇོ་བཙུན། ཀམ་ཡུ་ང་བ། ཡུ་ང་ཀ་ཅོག་པ། ཡོལ་རྫོང་རྣལ་འབྱོར་པ། སྟོན་པ་ཡོན་ཏན་འབར། སྒོམ་པ་རིན་ཆེན་བླ་མ། ཨ་མེས་སྨན་རྒན། དགའ་སྒོམ་ཨག་ཚོམ། སྟོན་པ་དབང་ཕྱུག་འབར། ཕ་རྒན་ལྡོང་སྟོན། ཇོ་བོ་ལེགས་སོགས་མང་དུ་བྱོན་ཡོད་ཅིང་། གསུང་རྩོམ་ལ་མི་ཆོས་གནད་ཀྱི་ཕྲེང་བ་དང་།ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ། བརྒྱད་སྟོང་པའི་འགྲེལ་ཆེན། འགྲེལ་ཆུང་། ཉི་ཁྲི་སྣང་བ་ལ་སོགས་པའི་མདོ་ཕྱོགས་ཀྱི་སྐོར་དང་། ཡེ་ཤེས་གྲུབ་པ་ལ་སོགས་པའི་སྔགས་ཕྱོགས་ཀྱི་སྐོར་ལ་འགྱུར་བཅོས་མཛད་པ་དང་། ས་དཔྱད། ལོ་རྒྱུས། རྣམ་ཐར། བཅའ་ཡིག འཕྲིན་ཡིག་སོགས་བསྟན་བཅོས་མང་དུ་བཞུགས།

གསུམ་པ། བོད་ཀྱི་སློབ་གསོ་རིག་གནས་ཐད་བཞག་པའི་མཛད་རྗེས།

སྤྱིར་འབྲོམ་སྟོན་པ་འདི་ཉིད་བོད་ཀྱི་སློབ་གསོ་རིག་གནས་ཐད་ལ་མཛད་རྗེས་ཤིན་ཏུ་ཆེ་ཡང་གཙོ་ཆེ་བ་ཕྱོགས་བཞིའི་སྒོ་ནས་བཤད་ཆོག་པར་འདོད་དེ།

གཅིག བོད་ཀྱི་མི་ཆེན་རྣམས་ལ་འཕྲིན་ཡིག་སྤྲིངས་ནས་ཇོ་བོ་རྗེ་ལྷ་སར་གདན་འདྲེན་ཞུས་པ།

ཇོ་བོ་རྗེ་མངའ་རིས་ནས་སླར་རྒྱ་གར་དུ་ལོག་དུས་འབྲོམ་སྟོན་པའི་ཐུགས་ལ་སྔར་བོད་ཀྱི་བསྟན་པ་ལ་ཆོས་ལོག་གི་ཤན་ཞུགས་ཚད་ཚབས་ཆེ་བས་ཇོ་བོ་རྗེ་འདི་ལྟར་བཞུད་སོང་ན། བོད་དུ་བསྟན་པ་རྣམ་དག་འཛིན་པ་དཀོན་པས་བོད་ཀྱི་བསྟན་པ་སླར་ཡང་ཆོས་ལོག་གིས་ཟིན་པར་དགོངས་ཏེ། བསྟན་པ་དང་འགྲོ་དོན་ཐུགས་ལ་བརྣགས་ནས་ཐབས་མཁས་ཀྱིས་ཇོ་བོ་རྗེ་ལ་ལྷ་ས་དང་བསམ་ཡས་སོགས་སུ་གཙུག་ལག་ཁང་རྩ་ཆེན་མང་པོ་ཡོད་པ་དང་།
རབ་ཏུ་བྱུང་བ་མང་པོ་ཡོད་ཚུལ་སོགས་ཀྱི་གསུང་གླེང་མཛད་ཅིང་། ཞང་དབང་ཕྱུག་མགོན་སོགས་བོད་ཀྱི་མི་ཆེན་རྣམས་ལ་ཇོ་བོ་རྗེ་ལྷ་སར་བསུ་དགོས་ཚུལ་གྱི་འཕྲིན་སྤྲིངས་པས། ཞང་ཆེན་པོ་དང་དགེ་བཤེས་ཀ་བ་ལ་སོགས་པས་ཀྱང་དོ་དམ་ཆེར་བགྱིས་ཤིང་། མཐར་ཇོ་བོ་རྗེ་བདེ་བླག་ངང་ལྷ་སར་གདན་དྲངས་ཏེ་བསྟན་པ་ལ་དག་ཐེར་མཛད་པ་དང་འགྲོ་ལ་ཆོས་འཁོར་བསྐོར་བ། བུ་སློབ་བསྐྱངས་པ་སོགས་འགྲོ་དོན་རྒྱ་ཆེར་སྤེལ་བ་རེད། གལ་ཏེ་སྐབས་དེར་འབྲོམ་སྟོན་པས་ཇོ་བོ་ལྷ་སར་གདན་དྲངས་མེད་པ་ཡིན་ན། བཀའ་གདམས་ཀྱི་བསྟན་པ་དེ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་མེད་བཤད་དཀའ་ལ། དེ་བཞིན་བོད་དུ་གསང་སྔགས་ཁྲོམ་བསྒྲགས་བྱེད་པ་དེ་ཡང་དག་ཐེར་བྱས་ཡོད་མེད་བཤད་དཀའ་བ་རེད། ལྷག་པར་དུ་ཕྱིས་ཀྱི་དགེ་ལུགས་པའི་གྲུབ་མཐའ་སོགས་གྲུབ་མཐའ་མང་པོ་གསར་གཏོད་དང་དར་རྒྱས་འབྱུང་བ་ཧ་ཅང་བཤད་ཁག་པར་འདུག དེ་བས་ཁོང་གིས་ཇོ་བོ་རྗེ་ལྷ་སར་གདན་དྲངས་པ་དེ་ཁོང་གི་མཛད་རྗེས་དང་པོར་བགྲང་ཆོག་པར་འདོད།

གཉིས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དག་པར་སྤེལ་བ།

ཇོ་བོ་རྗེ་ལྷ་སར་ཕེབས་ནས་ཆང་གི་ཉེས་དམིགས་ལ་སོགས་ཆོས་མང་དུ་གསུངས་ཏེ་ངས་ཕལ་ཆེན་སྡེ་བ་འཛུགས་གསུངས་པ་ལ། འབྲོམ་སྟོན་པས་བོད་ཀྱི་ཐུན་མིན་གྱི་ཆོས་ལ་ཐུགས་བསམ་བཏང་ནས་དེ་མི་མཛད་པར་ཞུས། དེའི་རྒྱུ་མཚན་ནི་སྔོན་དུས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་བོ་དྷི་ས་ཏྭ་བོད་དུ་སྤྱན་དྲངས་ནས་རྒྱལ་བའི་བསྟན་པ་འཛུགས་པར་གསོལ་བ་བཏབ་པ་ན། མཁན་ཆེན་བོ་དྷི་ས་ཏྭས་སྦ་ཡེ་ཤེས་དབང་པོ་སོགས་མི་བདུན་རབ་ཏུ་བྱུང་ཞིང་སོ་ཐར་གྱི་བསླབ་ཁྲིམས་ལ་བཀོད་པས། དེ་དག་རབ་ཏུ་བྱུང་མ་ཐག་མངོན་ཤེས་དང་རྫུ་འཕྲུལ་ཐོབ་ཅིང་སྡེ་སྣོད་གསུམ་ལ་མཁས་པར་གྱུར་སྐད།དེ་ནས་རིམ་གྱིས་དགེ་འདུན་གྱི་སྡེ་རྒྱ་ཆེར་འཕེལ། མཁན་བརྒྱུད་འདི་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བའི་བརྒྱུད་པ་ཡིན་པས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ད་ཕྱིན་ཆད་བོད་དུ་མཁན་ཆེན་བོ་དྷི་ས་ཏྭའི་ལུགས་ལྟར་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་སྡེ་པ་གཞན་མི་བྱ་བ་དང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལས་ལྟ་བ་
གཞན་མི་འཛིན་པར་བཀས་བཅད་མཛད་པ་དེ་དང་མཐུན་པར་མཛད་བཞེད་ལ། བོད་ཀྱི་གདུལ་བྱ་ཡོངས་ཀྱི་ཁམས་དང་བསམ་པ་ལ་གཟིགས་ཏེ། ཕལ་ཆེན་སྡེ་བའི་ལུགས་ཀྱི་བཅས་པ་འགའ་ཞིག་བོད་ཀྱི་གདུལ་བྱས་སྲུང་དཀའ་བ་སོགས་ཀྱི་གནས་ཚུལ་ལ་གཟིགས་ནས་ཇོ་བོ་རྗེ་ལ་དེ་ལྟར་ཞུས་ཏེ་ཕལ་ཆེན་པའི་སྡེ་བཀག དེའི་ཕྱིར་ཇོ་བོ་རྗེའི་སྲོལ་འཛིན་མཁན་མ་བྱུང་སྟེ། སྟོན་པ་རྣམ་གསུམ་དང་ཁམས་པ་སྐུ་མཆེད་ནི་སྨད་འདུལ་གྱི་སྲོལ་འཛིན་མཁན་དང་། ལོ་ཆེན་རིན་ཆེན་བཟང་པོ་དང་ནག་ཚོ་ལོ་ཙཱ་པ་སོགས་ནི་སྟོད་འདུལ་གྱི་སྲོལ་འཛིན་མཁན་ཡིན། ཁོང་གི་དབུས་ཀྱི་བུ་སློབ་རྣམས་ནི་མཁན་བརྒྱུད་གཅིག་ནས་གྱེས་པའི་འདུལ་བ་སྡེ་བཞིའི་སྲོལ་འཛིན་མཁན་ཡིན། དེས་ན་ཕྱི་དར་གྱི་འདུལ་བའི་སྡོམ་རྒྱུན་སྤེལ་བའི་ཐད་ནས་ཀྱང་འབྲོམ་སྟོན་པས་མཛད་རྗེས་ཆེན་པོ་བཞག་ཡོད། འབྲོམ་སྟོན་པ་མཆོག་གི་དེ་ལྟ་བུའི་བཞེད་དགོངས་དེ་ད་ལྟའི་སློབ་གསོ་རིག་པའི་ངོས་ནས་བལྟས་ན་རིན་ཐང་ཤིན་ཏུ་ཆེ་བར་འདོད་དེ། མིའི་རིགས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་གོ་རིམ་ཁྲོད། སློབ་གསོའི་ཆོས་ཉིད་
ལ་གཙིགས་མཐོང་བྱེད་པ་དེ་སློབ་གསོ་ཡང་དག་སྤེལ་བའི་གཞི་འཛིན་ས་ཡིན་པར་བཤད་ལ། ས་གནས་ཀ་པར་ཤིན་ཏུ་རྒྱུགས་ཆེ་བའི་སློབ་གསོའི་ཐབས་ལམ་དེ་ས་གནས་ཁ་པར་རྒྱུགས་ཆེ་བའི་ངེས་པ་མེད་པས། འདས་པའི་ལོ་རྒྱུས་ཁྲོད་དེ་ལྟ་བུའི་སློབ་གསོའི་ཆོས་ཉིད་ལ་ངོས་ཟིན་དང་རྒྱུས་ལོན་མེད་པར་ནོར་འཁྲུལ་བཟོས་ཡོད་པ་གང་མང་ཡིན་ལ། ཐ་ན་ད་ལྟའི་དུས་རབས་སུ་ཡང་དེ་འདྲའི་ནོར་འཁྲུལ་བཟོ་བཞིན་པ་ཡོད། ཡིན་ནའང་འབྲོམ་སྟོན་པས་ཁོང་གི་བླ་མ་ཇོ་བོ་རྗེས་བོད་དུ་ཕལ་ཆེན་སྡེ་བ་འཛུགས་རྒྱུར་བསྐུལ་ཡང་སྐབས་དེའི་སྤྱི་ཚོགས་གནས་བབ་དང་། གདུལ་བྱའི་བློ་ལ་མི་འཚམ་པར་དམིགས་པ་དེ་སློབ་གསོའི་ཆོས་ཉིད་ལ་ངོས་ཟིན་དང་བརྩི་སྲུང་བྱས་པ་ཡིན་པས། དེ་ནི་བོད་ཀྱི་སློབ་གསོའི་ངོས་ཀྱི་བྱས་རྗེས་བླ་མེད་ཅིག་ཏུ་འདོད། ཡང་ཅིག་བཤད་ན་ཁོང་གི་བྱེད་སྟངས་དེ་ནུབ་ཕྱོགས་ཀྱི་སློབ་གསོ་པ་དང་མཚན་ཉིད་རིག་པ་བ་ཡ་ལི་ཧྲི་ཏའོ་ཏེ་ཡི“ང་རང་བླ་མར་མོས་ལ་དྲང་བདེན་ལ་དེ་བས་ཀྱང་མོས”ཟེར་བའི་ལེགས་བཤད་རྨ་མེད་དེ་དང་ཤེད་མཚུངས་སུ་གོ་བ་བླངས་ཆོག་པར་འདོད།

གསུམ། འབྲོམ་སྟོན་པས་བོད་ཀྱི་རྩོམ་རིག་ཐད་བཞག་པའི་མཛད་རྗེས།

དེ་ལྟར་འབྲོམ་སྟོན་པ་མཆོག་ནི་བོད་ཀྱི་བསྟན་པ་དང་འགྲོ་བ་ལ་བཀའ་དྲིན་རབ་ཏུ་ཆེ་བ་ཞིག་ཡིན་པ་མ་ཟད། ད་དུང་བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ཡིག་ཐོག་རྩོམ་རིག་གི་སྐྱ་རེངས་བསུ་བའི་ཤིང་རྟ་ཆེན་པོ་ཞིག་ཀྱང་ལགས་ཏེ། ཁོང་གིས་བསྟན་པ་ཕྱི་དར་དུས་ཀྱི་བོད་ཀྱི་ཡིག་ཐོག་འཕྲིན་ཡིག་སྔ་གྲས་དང་། ཡིག་ཐོག་བསླབ་བྱའི་རྩོམ་ཡིག་ཐོག་མ། བླ་མ་ལ་བསྟོད་པའི་ཡིག་ཐོག་བསྟོད་རྩོམ་ཐོག་མ། རྣམ་ཐར་རྩོམ་ཡིག་ཐོག་མ་བཅས་མཛད་པས། ཁོང་ནི་རྩོམ་རིག་གི་དེད་དཔོན་ཆེན་པོ་ཞིག་ཀྱང་ལགས། སྐབས་འདི་ནས་བཟུང་བོད་ཀྱི་རྩོམ་ལུས་སྣ་ཚོགས་པའི་རྩོམ་རིག་སྤྱི་ལ་འགྱུར་བ་ཆེན་པོ་ཞིག་བྱུང་མགོ་ཚུགས་པར་འདོད། གཤམ་དུ་འབྲོམ་སྟོན་པས་མཛད་པའི་བསྟན་པ་ཕྱི་དར་དུས་ཀྱི་ཡིག་རྩོམ་སྔ་བ་དག་གི་སྐོར་ཅུང་ཙམ་གླེང་བར་བྱའོ། །

1.འཕྲིན་ཡིག དེ་ཡང་ཇོ་བོ་རྗེ་མངའ་རིས་ནས་རྒྱ་གར་ལ་ཕེབས་པར་བརྩམས་དུས་འབྲོམ་སྟོན་པས་ཞང་དབང་ཕྱུག་མགོན་སོགས་བོད་ཀྱི་མི་ཆེན་རྣམས་ལ་ཇོ་བོ་ལྷ་སར་སྤྱན་འདྲེན་དགོས་ཚུལ་གྱི་འཕྲིན་ཡིག་ཅིག་སྤྲིངས། འཕྲིན་ཡིག་དེ་ནི་བཅད་ལྷུག་སྤེལ་མ་གསུམ་ལས་བཅད་མར་གཏོགས་པ་དང་། དེའི་རིགས་ནི་དབུས་ཀྱི་མི་ཆེན་རྣམས་ཀྱིས་གཞུང་ལ་བསྐུར་བའི་གྲས་ཡིན་ལ།ད་སྐབས་དེའི་དཔེ་རྒྱུན་ཧ་ཅང་དཀོན་ཞེས་རེབ་གོང་རྡོ་རྗེ་མཁར་གྱིས་བསྒྲིགས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》དེབ་གསུམ་པར་བཀོད་ཡོད། དེ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་འཕྲིན་ཡིག་ཐོག་མའི་གྲས་སུ་འདོད་དེ།“སིལ་བུར་འཐོར་བའི་རྗེས་བོད་དུ་འཕྲིན་ཡིག་གི་སྙན་རྩོམ་ཐོག་མར་བྱུང་བ་ཡང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གི་སྐུ་དྲིན་ཡིན།”①

2.བསླབ་བྱ། 《མི་ཆོས་གནད་ཀྱི་ཕྲེང་བ》ཞེས་བྱ་བའི་བསླབ་བྱ་ནི་ནག་ཚོ་ལོ་ཙཱ་པ་ཚུལ་ཁྲིམས་རྒྱལ་བ་བལ་ཡུལ་དུ་ཕེབས་དུས་འབྲོམ་གྱིས་འགྲོ་ཆོས་སུ་གདམས་པ་ཞིག་ཡིན་ལ། འདིའི་བརྗོད་བྱའི་དོན་གནད་ལ་འཕིགས་ཤིང་རྗོད་བྱེད་ཚིག་གི་ཉམས་འགྱུར་རྫོགས་པས། སྔོན་བྱོན་མཁས་པ་མང་པོས་ཚད་མར་བཟུང་སྟེ་རྩོམ་ལུས་འདི་འཕེལ་རྒྱས་སུ་བཏང་། འདི་ནི་བསྟན་པ་ཕྱི་དར་སྐབས་བྱུང་བའི་ཡིག་ཐོག་བསླབ་བྱའི་རྩོམ་ཐོག་མ་དང་། མི་ཆོས་ཀྱི་གནད་གཙོར་བྱས་པའི་ཕྱི་དར་མཁས་པའི་བརྩམས་ཆོས་ཐོག་མ་རུ་འདོད། བོད་སིལ་བུར་འཐོར་བའི་དུས་སུ་སྲིད་འབྱོར་རིག་གསུམ་རྒུད་ཅིང་སྤྱི་ཚོགས་བདེ་འཇགས་མིན་པས། སྐྱེ་བོ་ཀུན་གྱི་སེམས་ཁ་འཁྲུགས་ཏེ་རང་འཕུང་གཞན་གནོད་དང་རྒྱུ་འབྲས་གོ་ལྡོག་སོགས་དུག་གསུམ་གྱི་བྱ་བ་འབའ་ཞིག་ལ་རྨོངས་པ་ལས། དམ་པའི་ལྷ་ཆོས་ལྟ་ཅི་འཇིག་རྟེན་མི་ཆོས་ལ་ཡང་བླུན་པར་གྱུར་པ་མཐོང་ནས། སྲོལ་ངན་དེ་དག་གཞོལ་བ་དང་བསྒྱུར་བ་ལ་ཐོག་མར་རང་ཉིད་འཇིག་རྟེན་མི་ཆོས་ལ་འཇུག་མཁས་དགོས་ཚུལ་ཡང་བསྟན་འདུག་པས་ཁོང་ནི་སྐབས་དེའི་སློབ་གསོ་པ་ཐོག་མ་རུའང་འདོད་དོ། །

3.བསྟོད་རྩོམ། འབྲོམ་སྟོན་པ་ནི་རང་གི་བླ་མ་ལ་ཤིན་ཏུ་དད་པ་ཞིག་ཡིན་པ་མ་ཟད་ཆོས་ལུགས་རིག་གནས་ཀྱི་མཁྱེན་རྒྱ་ཤིན་ཏུ་ཡངས་པ་ཞིག་ཡིན་པས། ཁོང་གིས་ཇོ་བོ་རྗེའི་མཛད་པ་དང་ཆེ་བ་དེ་བསྟན་པ་སྤྱི་ལ་བཞག་པའི་མཛད་རྗེས་ཀྱི་ངོས་ནས་གཟིགས་ཏེ《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》ཞེས་པ་མཛད་ནས་བཤེས་གཉེན་ལ་བསྟོད་པའི་རྩོམ་སྲོལ་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་ན། ནག་ཚོ་ལོ་ཙཱ་པས་ཀྱང《ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ལ་བསྟོད་པའི་རབ་ཏུ་བྱེད་པ་ཚིགས་བཅད་བརྒྱད་ཅུ་བ》ཞེས་པ་མཛད་ལ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་མཚོན་ན་དུས་སྐབས་འདི་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཏུ་གྱུར་ཡོད་པ་རྩོད་བྲལ་ཡིན་ཏེ། དུས་སྐབས་འདི་ནས་བཟུང་དུས་རབས་བཅོ་ལྔ་པའི་བར་དུ་བསྟོད་རྩོམ་གྱི་བསྟན་པ་རྒྱ་ཆེར་དར་ཏེ་ལེགས་རྩོམ་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བ་དེ་ཡང་མཐར་གཏུགས་ན་འབྲོམ་སྟོན་པའི་བཀའ་དྲིན་དུ་ཤེས་དགོས་སོ། །

4.རྣམ་ཐར། འབྲོམ་སྟོན་པས་བོད་ལ་ཡིག་རྩོམ་མང་པོ་ཞིག་གི་སྲོལ་ཕྱེ་བར་མ་ཟད། རྣམ་ཐར་ལྟ་བུའི་རྩོམ་ལུས་ཀྱི་ཚེགས་ཀྱང་ལེགས་པར་བླངས་ཡོད་པ་འདི་བཀའ་དྲིན་བླ་ན་མ་མཆིས་པ་ཞིག་རེད། རང་རེའི་སྔོན་བྱོན་མཁས་པ་རྣམས་ནི་ཕྱི་ནང་གི་རིག་པའི་གནས་ཀུན་ལ་མཁས་པའི་ཕ་རོལ་ཏུ་སོན་པའི་པཎ་གྲུབ་དངོས་ཡིན་པས། རིག་གནས་འཛུགས་སྐྲུན་གྱི་ཕྱོགས་ལ་མཛད་རྗེས་ཧ་ཅང་ཆེ་བར་འདོད། འབྲོམ་སྟོན་པས་ཁོང་གི་བླ་མའི་རྣམ་ཐར་ཏེ《ཇོ་བོ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་སོགས་བཀའ་གདམས་རིན་པོ་ཆེའི་གླེགས་བམ་བཞུགས་སོ》ཞེས་པ་མཛད་དེ་གངས་རིའི་ལྗོངས་ཀྱི་རྣམ་ཐར་ཐོག་མའི་སྐྱ་རེངས་བསུས། རྣམ་ཐར་འདིའི་སྒྲིག་གཞི་དང་བརྗོད་དོན་ནི་འདི་ལྟ་སྟེ། ཇོ་བོ་རྗེའི་འཁྲུངས་ཡུལ་དང་། བླ་མ་བསྟེན་ཚུལ།གསན་བསམ་མཛད་ཚུལ། སྒྲུབ་པ་དངོས་གྲུབ་ཚུལ། ཆོས་བཙལ་ཏེ་ཞུས་ཚུལ། ཐུགས་དམ་གྱི་ལྷ་ཞལ་གཟིགས་ཚུལ་ནས་འཕགས་བོད་འགྲོ་བ་ཀུན་ལ་འཕྲིན་ལས་མཛད་ཚུལ་སོགས་སྔ་མའི་མིག་དཔེ་དང་ཕྱི་མའི་ལམ་སྟོན་དུ་ཤར་བར་གནང་ཡོད། རྣམ་ཐར་འདི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་རྣམ་ཐར་མཚན་ཉིད་པ་དང་། དེང་རབས་ཀྱི་གོ་དོན་སྟེང་གི་རྣམ་ཐར་དངོས་དེ་ཡིན་པར་འདོད། རྒྱུ་མཚན་ནི་དེང་སྐབས་བཤད་ཀྱིན་པའི་ཏུན་ཧོང་ཡིག་རྙིང་ནང་གི་བཙན་པོ་བདུན་གྱི་ལོ་རྒྱུས་ནི་ལོ་རྒྱུས་ཡིན་པ་ལས་རྣམ་ཐར་མིན་པ་དང་། སློབ་དཔོན་པདྨའི་རྣམ་ཐར་ཉིང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན་པར་གྲགས་པ་དེ་ཡང་དམ་པ་ཁོང་གིས་མཛད་པར་མངོན་ཏེ། དེའི་ཁྲོད་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མན་ཆོད་ཀྱི་ལོ་རྒྱུས་ཀྱང་ཡོད་པས་ཅུང་ཟད་རྟོགས་སླ་སྙམ་ཡང་། རྣམ་ཐར་དེའི་སྟོད་ཙམ་ནི་གཏེར་མ་དངོས་ཡིན་ཡང་སྲིད་མོད། འོན་ཀྱང་འབྲོམ་སྟོན་པས་མཛད་པའི་རྣམ་ཐར་འདི་ནི་བཀའ་དང་མཐུན་ཞིང་འཐུས་ཚང་བ་ཞིག་ཡིན་པ་ན། ཕྱིས་ཀྱི་བཀའ་གདམས་པ་དང་བཀའ་བརྒྱུད་པ་དགེ་ལུགས་པ་སོགས་གྲུབ་མཐའ་མང་པོས་ཚད་མར་བཟུང་སྟེ། མཁས་པ་དང་གྲུབ་པའི་རྣམ་ཐར་རི་བོའི་གཏོས་དང་མཉམ་པ་དེ་དག་བྱུང་བ་ཡིན། དེ་མ་ཟད་རྣམ་ཐར་ལམ་ཡིག་མ་འདི་ནི་བོད་ཡིག་གི་ལམ་ཡིག་ཐོག་མ་རུའང་འདོད་པས། བོད་ཀྱི་ལམ་ཡིག་གི་ཡིག་ཆ་དེ་དུས་རབས་བཅུ་གཅིག་པ་ནས་མགོ་བརྩམས་པ་དང་། དེའི་ཕྱིས་སུ་ཆག་ལོ་ཙཱ་པའི་རྣམ་ཐར་ལམ་ཡིག་མ་དང་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་གྱི་རྣམ་ཐར་ལམ་ཡིག་མ་སོགས་དར་བར་མངོན། མདོར་ན།འབྲོམ་སྟོན་པའི་བཀའ་རྩོམ་འདི་དག་ནི་བོད་ཀྱི་རྩོམ་རིག་བརྡ་རྙིང་བའི་ལུགས་ལས་གྲོལ་ཅིང་། མེ་ལོང་མའི་ལུགས་ཀྱི་རྒྱ་གར་པའི་རྩོམ་གཤིས་ཀྱིས་ཀྱང་མ་བཟུང་བའི་སྐབས་ཀྱི་བོད་རང་གི་སྐད་ཆས་བྲིས་པ་གོ་བདེ་བབ་ཆགས་ཅན་དེ་ཡིན་པས། བཀའ་རྩོམ་འདི་དག་བོད་རང་གི་རྩོམ་སྲོལ་དང་རྒྱན་སྦྱོར་སྟངས་ཀྱི་དྲི་མ་མ་དོར་བའི་རིན་པོ་ཆེའི་མུ་ཏིག་གི་དོ་ཤལ་ཞིག་ཏུ་འདོད། རྩོམ་རིག་ཉམས་ཞིབ་ཀྱི་བགྱི་བ་ལྷུར་ལེན་མཁན་ཞིག་ཡིན་ན་བཀའ་རྩོམ་འདི་དག་གི་ཁྱད་ཆོས་ཀྱི་ངོས་ནས་བོད་རྩོམ་སྤྱི་ལ་དཔྱད་ཆོག་སྙམ།

མཇུག་བསྡུའི་གཏམ།

མདོར་དྲིལ་ཏེ་བཤད་ན་འབྲོམ་སྟོན་པ་ཁོང་ཉིད་ནི་རང་གི་བླ་མ་ལ་ལུས་ངག་ཡིད་གསུམ་གྱི་དད་པ་རྩེ་གཅིག་དང་ལྡན་པའི་སློབ་བུ་ཚུལ་ལྡན་ཞིག་དང་། སློབ་གསོའི་ཆོས་ཉིད་ལ་ཤེས་རྟོགས་ཟབ་པའི་སློབ་གསོ་པ་རྨ་མེད་ཅིག དམ་ཚིག་དགེ་སློང་ལྟར་གཙང་བའི་སྐྱེས་བུ་དམ་པ་ཞིག ལོ་རྒྱུས་ཀྱི་འོས་འགན་ཁུར་དུ་ལེན་སྤོབས་པའི་དཔའ་བོ་རྣལ་མ་ཞིག་ཅེས་བརྗོད་ཆོག་པར་འདོད། རྒྱུ་མཚན་འདི་དག་གི་ཕྱིར་ན་ཁོང་ལ་ཆོས་བརྒྱུད་འཛིན་པ་དང་བསྟན་པ་དག་པར་སྤེལ་བའི་འཇོན་ནུས་ལྡན་པར་མཐོང་སྟེ་ཇོ་བོས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་རེད། ཁོང་གིས་བོད་ཀྱི་སློབ་གསོ་རིག་གནས་ཐད་བཞག་པའི་མཛད་རྗེས་བརྗོད་ཀྱིས་མི་ལང་ཡང་། རྩོམ་འདིར་བྲིས་པའི་ཇོ་བོ་ལྷ་སར་གདན་དྲངས་ནས་འགྲོ་ལ་ཆོས་འཁོར་བསྐོར་བ་དང་།གསང་སྔགས་ཁྲོམ་བསྒྲགས་བྱེད་པར་དམ་རྒྱ་ནན་ཏར་བགྱིས་པ་སོགས་བསྟན་པ་ལ་དག་ཐེར་བྱས་ཚུལ། བོད་ཀྱི་སྤྱི་ཚོགས་གནས་བབ་དང་གདུལ་བྱའི་མོས་པ་ལ་གཞིགས་ནས་ཕལ་ཆེན་སྡེ་བ་བཀག་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡང་དག་པར་སྤེལ་བ། བོད་ཀྱི་ཡིག་རྩོམ་ཐད་བཞག་པའི་མཛད་རྗེས་སོགས་མཛད་པ་ཉུང་བསྡུས་ཙམ་ཞུས་པ་ཡང་། བོད་ཀྱི་རིག་གནས་སྤྱིའི་འཕེལ་འགྱུར་ལ་ངེས་ཤེས་འདྲོངས་དགོས་ན་འབྲོམ་སྟོན་པ་ནི་མ་གླེང་ཐབས་མེད་ཅིག་རེད་འདོད་པས་ཡིན་ལ། འདིར་མ་ཟིན་པའི་གནད་དང་ནོར་འཁྲུལ་གྱི་ཆ་ཅི་ཡོད་དཔྱོད་ལྡན་རྣམས་ཀྱིས་དག་པར་འཆའ་རྒྱུའི་རེ་བ་ཞུའོ། །


དཔྱད་གཞིའི་ཡིག་ཆ།

[1] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སྟོད་ཆ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011.

[2] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005.

[3] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ནོར་བྲང་ཨོ་རྒྱན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྟོད་ཆ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2006.

[4] པཎ་ཆེན་བསོད་ནམས་གྲགས་པ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2001.

[5] སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992.

[6] ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003.

[7] འབྲི་གུང་དཀོན་མཆོག་རྒྱ་མཚོ། འབྲི་གུང་ཆོས་འབྱུང་། [M] མི་རིགས་དཔེ་སྐྲུན་ཁང་། 2004.

[8] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2012.


* བཀྲ་ཤིས་ལྷ་རྒྱལ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་ཕྱག་ལས་གནང་བཞིན་ཡོད།

① ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་བཟང་བོ། ཆོས་འབྱུང་མཁས་པའི་ཡིད་འཕྲོག་བཞུགས་སོ། ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015:42.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1