བཙན་པོའི་རྒྱལ་རབས་ཀྱི་ཡིག་ཚང་དུ་བྱུང་བའི་ཡི་གེ་པའི་སྐོར་ལ་དཔྱད་པ།
རྡོ་རྗེ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30
[གནད་བཏུས] ཡི་གེ་པ་ནི་སྤུར་རྒྱལ་བཙན་པོའི་དཔོན་གནས་ལམ་ལུགས་ཁྲོད་གལ་འགངས་ཆེ་བའི་དཔོན་གནས་ཤིག་ཡིན་ཏེ། དུས་རབས་བར་མའི་དུས་མཇུག་གི་ཨེ་ཤ་ཡའི་བཙན་དབང་ཆབ་སྲིད་ཀྱི་དུས་རབས་ཁྲོད། རང་ཉིད་ཀྱི་སྟོབས་ཤུགས་དངོས་ལ་བརྟེན་ནས་ཨེ་ཤ་ཡའི་ཆབ་སྲིད་ཀྱི་གནས་བབ་འཕེལ་ཕྱོགས་ལ་ཁ་ལོ་བསྒྱུར་ཐུབ་པ་ནི། ཡི་གེ་པ་སོགས་སྒྲིག་གཞི་ཚགས་དམ་པའི་དཔོན་གནས་ལམ་ལུགས་དག་ལ་རྨང་བཅོལ་བའོ། །
[གནད་ཚིག] བཙན་པོའི་རྒྱལ་རབས། ཡིག་ཚང་། ཡི་གེ་པ། དཔོན་གནས་ལམ་ལུགས།
དང་པོ། བོད་ཀྱི་ཡིག་རྙིང་དུ་བྱུང་བའི་ཡི་གེ་པ།
བོད་ཀྱི་ཡིག་རྙིང་ཁག་ལ་དཔྱད་བསྡུར་བྱས་ཚེ། ཡིག་ཚང་དེ་དག་ནང་ཡི་གེ་པ་དང་ཡི་གེ ཡིག་མཁན་བཅས་རྣམ་པ་ཆེན་པོ་གསུམ་ཁ་གསལ་བར་ཐོན་ཡོད་ཅིང་། དེ་རྣམས་ནང་དོན་མི་འདྲ་བའི་ཡིག་ཚང་ཁྲོད་བསྣོལ་མར་འཁོད་པས། ལན་རེར་ཅུང་འཁྲུལ་སླ་བར་ཡང་ངེས། ཡི་གེ་པ་ཞེས་པ་ནི་ཡིག་ཚང་ལམ་ལུགས་ཁྲོད་བློན་པོ་རྣམས་ཀྱི་ཐོབ་འདྲ་མིན་ལ་ཡི་གེ་མི་འདྲ་བ་སྩོལ་བའི་ལམ་ལུགས་དེར་གོ་ཞིང་། གསེར་དངུལ་ཕྲ་མེན་ཟངས་ལྕགས་བཅས་རིམ་པ་དྲུག་མཆིས། 《མཁས་པའི་དགའ་སྟོན》ལས“ཡིག་ཚང་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན་ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་སུ་ཕྱེ་བས་བཅུ་གཉིས་སོ། །”①ཞེས་གསལ་ཁ་དོད་ཡོད། 《ཐང་ཡིག་གསར་མ》ཡི་ཁྲོད་དུ་ཡང“བོད་ཀྱི་དཔོན་རིགས་ཀྱི་ཡིག་ཚང་ལ་བཟང་ཤོས་གཡུ་ཡིན། གསེར་དེ་ལས་དམན། ཁྲ་མེན་དེ་ལས་དམན། དངུལ་དེ་ལས་དམན། ཆེས་ཐ་མ་ཟངས་ཡིན། དེ་དག་ཆེ་ཆུང་མི་འདྲ་བ་དཔུང་བའི་མདུན་དུ་བཏགས་ནས་མཐོ་དམན་འབྱེད།”①ཅེས་འཁོད་ཡོད་ཅིང་། འདི་ལ་རྒྱའི་ཡིག་ཚང་ནང་དུ་ཀའོ་ཧྲེན(告身)ལམ་ལུགས་སུ་འབོད། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཨང་རྟགསP.T.1287ནང་།“ཞང་མཆིམས་རྒྱལ་ཟྀགས་ལ་སྩོགས་པས་རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ། རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ། ལེགས་པ་ཞིན་པའི་བྱ་དགའ། གཡུ་འྀ་ཡེ་གེ་ཆུ་ངུ་ནམ་ནམ་ཞར་ཞར་བྱིན་ནོ”②ཞེས་བཀོད་ཡོད། དེ་དང་འདྲ་བར་ཞོལ་རྡོ་རིང་དང་ཀོང་པོ་དེ་མོའི་བཀའ་གཙིགས་ཀྱི་ཡི་གེ་སོགས་སུ་ཡང་བློན་པོ་དང་རྒྱལ་ཕྲན་རྒྱལ་པོ་ལ་ཡི་གེ་བསྩལ་པའི་ཚུལ་བཀོད་འདུགཡང་ཡིག་ཚང་ལམ་ལུགས་ཞིབ་འཇུག་སྐོར་ལ་རྩོད་གཞི་མི་འདྲ་བ་འགའ་རེ་སྣང་ལ། དེ་ནི་གཙོ་བོ་ལམ་ལུགས་འདིའི་འབྱུང་ཁུངས་སྐོར་ཡིན། རིག་གཞུང་ལས་རིགས་ཐོག་ལམ་ལུགས་འདི་ཉིད་ཐང་རྒྱལ་རབས་ཀྱི་ལམ་ལུགས་ལ་ཟུར་བལྟ་བྱས་ནས་བྱུང་བ་དང་བོད་རང་ས་ནས་བྱུང་བར་འདོད་པ་གཉིས་ཡོད། གལ་སྲིད་ང་ཚོས་གནམ་རི་སྲོང་བཙན་སྐབས་བྱས་པ་ཅན་ལ་ཡི་གེ་སྩོལ་བའི་ལུགས་སྲོལ་ཡོད་པར་ཁས་ལེན་ན། ལམ་ལུགས་འདི་འཕྱི་ན་ཡང་གནམ་རི་སྲོང་བཙན་སྐབས་ནས་བྱུང་ཡོད་པར་བྱེད་དགོས་ཤིང་། ཡིག་ཚང་ལམ་ལུགས་བོད་རང་ས་ནས་བྱུང་བའི་ལམ་ལུགས་ཤིག་ཡིན་པར་ངོས་འཛིན་བྱས་ཆོགགང་ལྟར་ད་ལྟ་མིག་མཐོང་དུ་ཡོད་པའི་ཡིག་ཆ་ཁོ་ན་གཞིར་བཟུང་སྟེ་དཔགས་ན། འདིའི་སྐོར་གསལ་ཁ་དོད་རྒྱུ་ནི་ཅུང་ཁག་པོར་འདུག་ཅིང་། འདིར་གླེང་བྱ་གཙོ་བོ་ཡང་དེ་མིན་པས་ཞིབ་ཏུ་སྤྲོས་པར་མི་བྱའོ། །
ཡིག་མཁན་ཞེས་པར་པད་གཞུང་ཟླ་བ་ཆུང་བདག་གིས་བརྩམས་པའི《བཙན་པོའི་རྒྱལ་རབས་སྐབས་ཀྱི་དཔོན་རིགས་ཞིབ་འཇུག》ཏུ།“ཡིག་མཁན་བྱ་བ་ཡང་བཙན་པོ་དང་། མཆོད་གནས། ཆོས་བློན། བཅོམ་ལྡན་འདས་ཀྱི་རིང་ལུགས་པ། ཆོས་གྲྭའི་སློབ་དཔོན་སོགས་ཀྱི་བཀའ་བཀོད་ལྟར་ལོ་པཎ་རིམ་བྱོན་རྣམས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའི་ཆོས་གཞུང་རྣམས་ཤོག་བུ་ལ་སོགས་ཀྱི་ཐོག་ཏུ་བཤུ་འབྲི་བྱེད་མཁན་ལ་ཟེར་བ་ཡིན།”③ཞེས་ཡི་གེ་འབྲི་བཤུ་མཁན་ལ་གོ་བ་བླངས་འདུག ཡིག་རྙིང་ཁག་ཏུ་ཡིག་མཁན་ཞེས་པ་ཐེངས་གང་མང་དུ་བྱུང་ཡོད་ཅིང་། 《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》ལས“བསྙེན་བཀུར་ནི་ཕྲ་མེན་གྱི་ཡི་གེ་ཆེན་མོ་ཡིག་མཁན་ལ་དར་གྱི་ཡོལ་བ། ཟ་འོག་གི་བླ་རེ། གབ་རྩེའི་གདན། སྤྱན་གཟིགས་ཚོད་དགུ། ཟང་ཟིང་གི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་གནང་ངོ་། ། དགེ་བ་ཉམས་བག་ཏུ་སྤྱོད་དུ་ཆུག། མཚན་མཆོད་གནས་ཞེས་བྱ་བར་བཏགས་སོ། ། ཡི་གེའི་དཔེ་གཅིག་ལྷ་སའི་བྲག་ལོགས་ལ་བཏབ་པ་ནི་སྦལ་ནག་ན་ལ་རྒྱངས་པ་འདྲ་བ་གཅིག་བྱུང་ངོ་། ། འབྲི་ཀློག་དག་པར་བྱ་བའི་ཕྱིར་དུ་སྒྲའི་བསྟན་བཅོས་དང་། དག་ཡིག་རྒྱས་པ་ཡང་མཛད་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་བས་མཉེས་སོ། ། བོད་ཀྱི་ལོ་ཙཱ་པ་ལ་སྔ་བ་དེ་ཐོན་མི་སམ་བྷོ་ཊ་ཡིན་ནོ”④ཞེས་སྐབས་འདིར་ཐོན་མི་ལ་ཡིག་མཁན་དང་ལོ་ཙཱ་པ་གཉིས་ཀྱི་མཚན་ཐོབ་ཡོད་པ་གསལ་ཞིང་། ཡིག་ཚང་ཡང་ཕྲ་མེན་གྱི་ཡི་གེ་ཆེན་པོ་བསྩལ་ཡོད་པ་ཤེས་ནུས། ཡང་ཆོས་འབྱུང་དེ་རང་ལས“རྒྱལ་པོ་དེའི་སྐུ་རིང་ལ་ཡི་གེའི་མཁན་པོ་འབྲི་ཡོན་ཏན་ཞེས་བྱ་བ་བྱུང་སྟེ། རྗེ་ལ་ཡི་གེ་སྟངས་སུ་ཕུལ་བས། ཉ་རྟིང་དཀར་ཆུ་ནས་བཏོན་པ་འདྲ་བ་ཞིག་བྱུང་སྟེ། གུང་བློན་རྣམས་ཀྱི་གཡར་དམ་དུ་བཟང་བས་རྗེས་རྩིས་དང་བསྙེན་བཀུར་བ་ནི། དབུ་སྟོན། གཞུང་སྟོན། ཐ་སྟོན། ཟ་སྲུང་། ཟླ་སྟོན། སྐྲ་འཁྲུད་ཆུ་སྟོན། ཟ་འདེགས། བྱ་དགའི་སྟོན་མོ་དཔག་ཏུ་མེད་དོ། །”①ཞེས་དང་།“རྒྱལ་པོ་དེའི་སྐུ་རིང་ལ། གྲ་ཤོད་གཉིས་བྱ་བ་ཡི་གེའི་མཁན་པོ་གཉིས་བྱུང་སྟེ། རྗེ་ལ་ཡི་གེའི་སྟངས་ཕུལ་བས། སེང་གེ་གནམ་མཆོངས་འདྲ་བ་དང་། མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ་གཅིག་བྱུང་སྟེ། རྗེ་ས་བདག་རྒྱལ་པོའི་ཐུགས་དམ་འབྲི་བར་བཟང་བས། ཞའི་གཙིགས་ཀྱི་རྡོ་རིང་གི་འགྲམ་དུ་ཡི་གེའི་དཔེ་གཅིག་བཏབ་ནས་བཞག། གསེར་ཡིག་ནི་དགེ་[རྒྱས]བྱེ་མ་གླིང་གི་བཟང་པོ་སྤྱོད་པ་དང་། ཡེར་པའི་ཕུང་པོ་གསུམ་པའི་མདོ། མདོ་སྣ་བཞུགས་པའི་གསེར་འབུམ་དེ་རྣམས་འབྲི་བའི་དུས་སུ་རྗེས་རྩིས་གནང་བ་དང་། རྩི་སར་ཞིང་དོར་གཅིག། སྐྱོ་རོགས་སུ་རྩེད་འཇོ་སྣ་ཚོགས་པ་གནང་ངོ་། ། བོད་ཡུལ་དུ་གསུང་རབ་མང་དུ་བྲིས་ཤིག་ཅེས་བཀའ་སྩལ་ཏོ། །”②ཞེས་བཙན་པོ་ཁྲི་རལ་སྐབས་ཡིག་མཁན་གྲ་ཤོད་གཉིས་བྱ་བའི་ཡིག་མཁན་གཉིས་ལ་བྱ་དགའ་གཟིགས་བཟོས་གནང་ཚུལ་གསལ་ཞིང་། བཙན་པོས་ཡིག་མཁན་དེ་གཉིས་ལ་བོད་ཡུལ་དུ་གསུང་རབ་མང་པོ་བཤུ་འབྲི་བྱ་དགོས་ཚུལ་གྱི་བཀའ་མངགས་གནང་བའི་དོན་ཡང་འཁོད་ཡོད།③ ལྷག་པར་ཏུན་ཧོང་གི་ཆོས་དཔེ་གང་མང་ཞིག་གི་ཐོག་ཡིག་མཁན་ཆེ་གེ་མོ་དག་གི་མིང་བྱུང་འདུག་པ་ལ། རྒན་ཁམས་མཚོ་སྐྱིད་ལགས་ཀྱིས་སྡོམ་རྩིས་བྱས་ཏེ་ཡིག་མཁན691ཙམ་ཆོས་དཔེ་འབྲི་ཞུས་ཀྱི་ལས་ཀར་དངོས་སུ་ཞུགས་ཡོད་པའི་ལྟ་བ་བཏོན་འདུག ཏུན་ཧོང་གི་ཆོས་དཔེ་དེ་དག་ལས་བྱུང་བའི་ཡིག་མཁན་དག་ནི་སྐབས་དེའི་ཆོས་དཔེ་བསྒྱུར་མཛད་ཀྱི་ལས་ལ་ཞུགས་པའི་མི་སྣ་ཡིན་པ་སྨོས་མེད་ཡིན་ཞིང་།
མ་ལག་ཀྱང་ཆ་ཚང་ཞིག་གྲུབ་ཡོད་པའང་མངོན་གསལ་རེད། གསུང་རབ་འབྲི་བཞེངས་ལ་གསུང་རབ་འབྲི་བཤུ་མཁན་གྱི་ཡིག་མཁན་དང་། སྔ་ཞུས། བར་ཞུས། སུམ་ཞུས་བཅས་ཚང་དགོས། དེ་དག་གི་འགན་དབང་དང་གླ་ཆ། དེ་མིན་ཆད་ཁྲིམས་ཀྱང་གཏན་འབེབས་ནན་དུ་བྱས་ཡོད། འདིའི་སྐབས་ཀྱི་ཡིག་མཁན་དག་ནི་ཏུན་ཧོང་དང་བསམ་ཡས་སུ་ཆོས་དཔེ་བཤུ་འབྲི་བྱེད་པའི་མི་སྣར་གོ་བ་ཁོ་ཐག་རེད། ཡིན་ནའང་ཁོ་བོའི་བསམ་པར། ཡིག་རྙིང་ནང་དུ་བྱུང་བའི་ཡིག་མཁན་ཡོད་ཚད་ཆོས་དཔེ་བཤུ་འབྲི་བྱེད་མཁན་ལ་ངོས་འཛིན་པ་ནི་དོགས་སློང་བྱེད་དགོས་པ་ཞིག་ཡིན་པར་སྙམ། ལྷག་པར་ཏུན་ཧོང་གི་ཆོས་དཔེ་མིན་པའི་ཡིག་རྙིང་ལས་བྱུང་བའི་ཡིག་མཁན་དག་ལ་དཔྱད་ན། གོང་འཁོད《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》ལས་ཡིག་མཁན་དག་གིས་རྗེ་ལ་ཡི་གེ་སྟངས་སུ་ཕུལ་ནས། སྦལ་ནག་ན་ལ་རྒྱངས་པ་འདྲ་བ་
དང་། ཉ་རྟིང་དཀར་ཆུ་ནས་བཏོན་པ་འདྲ་བ། སེང་གེ་གནམ་མཆོངས་འདྲ་བ། མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ་བྱུང་ཞེས་གསལ་བ་ལྟར་སྐབས་དེའི་ཡིག་མཁན་དག་ནི་ཆོས་དཔེ་འབྲི་བཤུ་བྱེད་མཁན་ཁོ་ན་ཙམ་མིན་པ་མངོན་པར་གསལ་བ་བཞིན། སྐབས་དེའི་ཡིག་མཁན་ནི་བཙན་པོའི་རྒྱལ་རབས་དུས་སུ་བྱུང་བའི་ཡིག་གཟུགས་ཁྱད་དུ་འཕགས་ཤིང་། བྲིས་ལ་ཁྱད་ཆོས་ལྡན་པའི་མི་སྣར་བཙན་པོའི་སྐུ་གཞུང་གིས་བྱ་དགའ་དང་གཟིགས་བཟོས་གནང་བར་གོ་དགོས་ཚུལ་ཡང་ཐོན་འདུག ཕྱིས་ཀྱི་ཏུན་ཧོང་གི་གསུང་རབ་བྲིས་མ་གང་མང་གི་ཁྲོད་ཡིག་མཁན་གྱི་མིང་བཀོད་ཡོད། ཁོ་བོས་བསམས་ན་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནང་པའི་ཆོས་དཔེ་མང་པོ་བསྒྱུར་བཤུས་ཀྱི་མགོ་བརྩམས་རྗེས། བསམ་ཡས་དང་ཏུན་ཧོང་དུ་ཡི་གེ་འབྲི་བཤུ་བྱེད་པའི་མི་སྣའི་དགོས་མཁོ་ཇེ་མང་དུ་སོང་བ་དང་བསྟུན། ཐད་ཀར་ཡི་གེ་འབྲི་བཤུ་ཁོ་ནའི་ལས་བྱེད་པའི་ཡིག་མཁན་སྐོར་ཞིག་བྱུང་བ་དེ་ལ་གོ་བར་འདོད་དོ། །
སྐབས་དེའི་ཡིག་མཁན་དག་ནི་སྔོན་གྱི་ཐོན་མི་དང་འབྲི་ཡོན་ཏན་ལ་སོགས་པའི་ཡིག་མཁན་དག་དང་མི་འདྲ་བར་ཁོ་ཚོའི་ཡིག་མཁན་གྱི་ལས་ལ་བཙན་ཤེད་རང་བཞིན་ལྡན་ཞིང་། ཡིག་མཁན་གྱིས་བྲིས་པའི་ཡིག་གཟུགས་ཀྱི་ཡག་ལོས་དང་ཆད་ལྷག་ཤོར་མིན་སོགས་ལ་གཞིགས་ནས། ཕོགས་ཐོབ་ལ་མཐོ་དམན་ཡོད་པ་དང་དེ་མཐུན་གྱི་བྱ་དགའ་ཆད་གཅོད་ཀྱང་གཏན་འབེབས་བྱས་ཡོད་སྟབས། ང་ཚོས་ཡིག་རྙིང་ནང་གི་ཡིག་མཁན་སྐོར་ལ་དཔྱད་སྐབས་ཐད་ཀར་ཡིག་མཁན་ནི་ཡི་གེ་འབྲི་བཤུ་བྱེད་མཁན་ལ་གོ་ཞེས་བཤད་ན་གོ་བ་ཆ་ཚང་བ་ཞིག་མ་རེད་སྙམ་མོ། །
བཙན་པོའི་རྒྱལ་རབས་ཀྱི་སྟོབས་འབྱོར་དང་མངའ་ཐང་ལས་ཀྱང་སྐབས་དེའི་བོད་རང་ལ་ཡང་སྒྲིག་གཞི་ཆ་ཚང་ཞིང་། སྒྲོམ་གཞིའི་སྤུས་ལེགས་པའི་དཔོན་རིགས་ལམ་ལུགས་ཤིག་ཡོད་པ་ཤེས་ཐུབ། ལོ་རྒྱུས་རྒྱུ་ཆ་གསར་རྙེད་དང་ཞིབ་འཇུག་ཐབས་ལམ་གསར་དུ་བཏོད་པ་བརྒྱུད། བཙན་པོའི་རྒྱལ་རབས་ཀྱི་དཔོན་རིགས་ཞིབ་འཇུག་ལ་དཔྱད་འབྲས་གྱ་ནོམ་པ་བྱུང་འདུག ད་ལྟའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་དཔོན་གནས་གཙོ་ཆེའི་རིགས་ལ་དཔྱད་པའི་འབྲས་བུ་རབ་དང་རིམ་པ་བྱུང་ཡོད་མོད། འོན་ཀྱང་དཔོན་གནས་ཆུང་གྲས་ཀྱི་སྐོར་ནི་དཔོན་གནས་ཆེ་གྲས་རིགས་ལ་ཞིབ་འཇུག་བྱེད་སྐབས་རིམ་གྱིས་ཞོར་ལ་གླེང་བ་ཙམ་ལས་ཞིབ་འཇུག་མཐའ་དཔྱོད་ཀྱི་བགྱི་བ་ཆེན་པོ་གནང་མི་འདུག དེ་ནི་རྒྱུ་ཆས་ཚད་བཀག་ཐེབས་པས་ཡིན་ཡང་སྲིད་དོ། ། ཡིན་ནའང་། ཡི་གེ་པ་ཞེས་པའི་དཔོན་གནས་འདི་ཡིག་ཚང་ལས་བསྟུད་མར་བྱུང་བས། དཔོན་གནས་གཙོ་ཤོས་ཤིག་ཏུ་འདུག་ཅིང་།
དེའི་སྐོར་གསལ་ཁ་འཕྲོད་པར་བྱེད་རྒྱུ་ནི་ལོ་རྒྱུས་ཞིབ་འཇུག་པས་གཡོལ་མི་རུང་བའི་འོས་འགན་ལགས། ཁོ་བོས་གོང་དུ་ཡི་གེ་དང་ཡིག་མཁན་ཞེས་པའི་བརྡ་ཆད་དེར་གོ་བ་ཇི་ལྟར་ལེན་དགོས་པའི་སྐོར་རོབ་ཙམ་གླེང་ཟིན་པས། འདིར་ཡི་གེ་པ་ཞེས་པའི་བརྡ་དོན་ལ་གོ་བ་ཇི་ལྟར་ལེན་དགོས་པའི་ཚུལ་ཏུན་ཧོང་བརྒྱུད་ནས་རྙེད་པའི་སྔ་རབས་ཡིག་ཚང་དང་། སྔོན་བྱུང་མཁས་པའི་ཆོས་འབྱུང་དེབ་ཐེར། ད་ལྟའི་ལོ་རྒྱུས་ཉམས་ཞིབ་པའི་ཞིབ་འཇུག་དཔྱད་འབྲས་སོགས་ལ་གཞི་བཅོལ་ནས་དཔྱད་ཁུལ་ཙམ་བྱས་ན། ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའིP.T.1089དངP.T.997དུ“ཁྲི་དཔོན་གྱི་ཡི་གེ་པ”དང“གསང་གི་ཡི་གེ་པ”“ཤྀ་བཤེས་ཀྱི་ཡི་གེ་པ”ཞེས་བྱུང་བ་དང་། ཞིན་ཅང་ནས་ཐོན་པའི་ཁྲམ་ཡིག་ཨང་རྟགས359-1 Mདང་ཁྲམ་ཡིག་ཨང་རྟགས126 MIརུ“ཁྲལ་རྩིས་ཀྱི་ཡི་གེ་པ”དང“མངན་གི་ཡི་གེ་པ”ཞེས་པ་དག་ཐོན་པར་གཞིགས་ན། དཔོན་རིགས་དེ་ནི་དཔོན་གནས་ཀྱི་ཁྱབ་ཁོངས་ཆེ་ཞིང་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ཀྱི་བྱ་བའི་འཁོར་སྐྱོད་ཁྲོད་མེད་དུ་མི་རུང་བའི་དཔོན་རིགས་ཤིག་ཏུ་དཔག་ཆོག་པར་འདུག ཡིན་ནའང་། པད་གཞུང་ཟླ་བ་ཆུང་བདག་གིས་ཡི་གེ་པ་ཞེས་པའི་དཔོན་གནས་དེར་འགྲེལ་བརྗོད་བྱེད་སྐབས་མངན་གྱི་ཡི་གེ་པ་དང་ཁྲལ་རྩིས་ཀྱི་ཡི་གེ་པར་འབྲེལ་ནས་དཔྱད་བརྗོད་གནང་འདུག་སྟེ།“ཁྲལ་རྩིས་ཀྱི་ཡི་གེ་པ་ནི་ཁྲལ་པ་རྣམས་ཀྱིས་བསྡུ་བའི་ཁྲལ་རིགས་ཟིན་ཐོར་འགོད་མཁན་ཞིག་ཡིན་པ་གོར་མ་ཆག དཔོན་གནས་དེ་ནི་ཁྲལ་དཔོན་ཆེན་པོ་ལས་དམའ་བ་གང་ཞིག་ལ། ཁྲལ་པ་ལས་མཐོ་བའི་ཡི་གེའི་ལས་བྱེད་པའི་ཁྲལ་དཔོན་རིམ་པ་དམའ་བ་ཞིག་ཏུ་འཁུམས། མངན་གྱི་ཡི་གེ་པ་བྱ་བ་ནི་ཁྲལ་དཔོན་གྱིས་མངན་གྱི་ཁབ་སོར་འབུལ་བའི་ནས་ལུག་གསེར་དངུལ་སོགས་ཀྱི་དཔྱ་ཁྲལ་གང་བྱུང་བ་རྣམས་ཟིན་ཐོར་འགོད་མཁན་ཞིག་ལ་ཟེར་བ་ཡིན།”①ཞེས་དཔྱད་པ་བགྱིས་པ་ལ། ཁོ་བོས་དེ་ལྟར་མི་འདོད་དེ། ཁོང་གིས་དཔོན་གནས་འདི་རིམ་པ་ཅུང་དམའ་བའི་དཔོན་གནས་ཤིག་གི་ཞོར་གཏོགས་དཔོན་ཕྲན་ཞིག་ཏུ་འགྲེལ་བར་མ་ཟད།ཡི་གེ་པ་ཞེས་པའི་དཔོན་གནས་ཀྱི་ཁྱབ་ཁོངས་ཆུང་དུ་བཏང་འདུག དེ་ལྟར་འགྲེལ་ཚེ་སྟོང་དཔོན་གྱི་ཡི་གེ་པ་སོགས་རིམ་པ་མཐོ་གྲས་ཀྱི་ཡི་གེ་པའི་དཔོན་གནས་ལ་འགྲེལ་བརྗོད་བྱ་དཀའ་ཞིང་། ཡི་གེ་པ་ཞེས་པའི་དཔོན་གནས་འདིའི་ལས་བགོས་དང་རིམ་པ་མཐོ་དམའ་སོགས་ཀྱང་རྟོགས་དཀའ་བར་འགྱུར། དེས་ན། ཁོ་བོའི་ལྟ་ཚུལ་ལ་ཡི་གེ་པ་ནི་བཙན་པོའི་རྒྱལ་རབས་ཀྱི་དཔོན་རིགས་ལམ་ལུགས་ཀྱི་སྒྲིག་གཞི་ལས་མཐོ་བ་བཙན་པོ་ནས་དམའ་བ་ཡུལ་དཔོན་བར་གྱི་དཔོན་གནས་སོ་སོའི་མདུན་ན་གནས་པའམ། ཉིན་རྒྱུན་གྱི་སྲིད་དོན་སོགས་བྱ་བ་གཙོ་ཆེའི་རིགས་ཡི་གེར་འགོད་མཁན་གྱི་ཞབས་འབྲིང་ལྟ་བུ་ཞིག་ཏུ་འདོད་ཅིང་། སྤྱིའི་ཆ་ནས་བརྗོད་ན། འདི་ཉིད་དཔོན་རིགས་ལ་ཞི་དྲག་གཉིས་སུ་དབྱེ་བའི་ཞི་བའི་རིགས་སུ་གཏོགས་ཤིང་། གཙོ་བོ་སྨྱུ་གུ་ལག་ཏུ་བསྣམས་ནས་དོན་དག་ཆེ་ཕྲ་ཟིན་ཐོར་འགོད་པ་ཞིག་ཡིན་པར་སྙམ་ལ། རིམ་པ་སོ་སོའི་ཡི་གེ་པའི་ལས་བགོས་དང་དཔོན་གནས་ཀྱི་རིམ་པ་སོགས་ཀྱང་འབྲེལ་ཡོད་ཡིག་ཚང་དག་ལས་རོབ་ཙམ་རྟོགས་ཐུབ་བོ། །
གཉིས་པ། བཙན་པོའི་རྒྱལ་རབས་དུས་ཀྱི་ཡི་གེ་པའི་ལས་ཐོབ་དང་རིགས་དབྱེ།
དཔོན་ཚན་འདིའི་མིང་གི་བརྡ་དག་འབྲི་ཚུལ་ཐད་ཏུན་ཧོང་ཡིག་རྙིང་ཕལ་མོ་ཆེར“ཡི་གེ་པ”ཞེས་བྲིས་ཡོད་པར་སྣང་ལ། དེ་ནི་དཔོན་གནས་གང་ཞིག་གིས་ལས་གང་ཞིག་བྱེད་པའི་ངོ་བོ་ལ་སྦྱར་ནས་བཏགས་པར་འདོད་ཅིང་། ད་སྔ་འདི་གཅིག་པུ་ལས་འབྲི་སྲོལ་གཞན་ཡོད་པ་མ་མཐོང། དཔོན་གནས་འདི་ད་ཕན་ཡིག་ཚང་ཁག་དྲུག་ཏུ་ཐོན་འདུག་སྟེ། དེ་དག་ནི་ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཤོག་དྲིལ་ཡིག་རྙིངP.T.1089དངP.T.997 P.T.1077བཅས་དང་། ཞིན་ཅང་ནས་ཐོན་པའི་ཁྲམ་ཡིག་ཨང་རྟགས359-1 Mདང126 MI ཞོལ་རྡོ་རིང་གི་བཀའ་གཙིགས་ཡི་གེ་བཅས་སོ། ། ཡིག་རྙིང་ཁག་འདི་རྣམས་ཕན་ཚུན་དཔྱད་བསྡུར་བྱས་པ་ལས། ཡི་གེ་པ་ནི་དཔོན་གནས་སོ་སོའི་མདུན་ན་གནས་པའི་ཉིན་རྒྱུན་གྱི་སྲིད་དོན་སོགས་བྱ་བ་གཙོ་ཆེའི་རིགས་ཡི་གེར་འགོད་མཁན་གྱི་ཞབས་འབྲིང་ལྟ་བུ་ཞིག་ཏུ་འདོད་ཅིང་། P.T.997དུ“ཀྭ་ཅུ་ཧ་སེའྀ་མངན་ཆེན་གུ་རིབ་ལེགས་བརྟན་དང་། ཤི་བཤེས་ཀྱྀ་ཡྀ་གེ་པ་ཝང་སྟག་ཚབ་དང་། ། ཡུ་ལིམ་གཙུག་གཡོག་ལ། ། ཡུ་ལིམ་གཙུག་ལག་ཁང་གྀ་རྐྱེན་གྱྀ་འབངས་དང་། དཀོར་རྐང་འགྲོས་དང་སྩང་ནས་འབྲས་དང་ཁབ་རྫས་ལ་སྭོགས་པ་གཏད་པའྀ་ཐང་ཡྀག་དུ་བྲིས་པ་ནྀ། །”ཞེས་བཀོད་འདུག་པ་ལས་ཀྱང་། ཡི་གེ་པའི་ལས་གནས་གསལ་སྟོན་གནང་འདུག།
གོང་འཁོད་ཡིག་རྙིངP.T.997ནི་མཇུག་སྣེའི་སྣེ་མོ་ལ་སྐྱོན་ཏོག་ཙམ་ཕོག་ཡོད་པ་མ་གཏོགས་ཤོག་དྲིལ་ཆ་ཚང་བ་ཞིག་ཡིན་ཏེ། ཀྭ་ཅུ་ཁུལ་གྱི་ཡུ་ལིམ་གཙུག་ལག་ཁང་གི་དུད་ཚང་དང་། བྲན་གཡོག་ཁང་། སྒོ་ཕྱུགས། སྤྱི་པའི་དངོས་རྫས་བཅས་ཀྱི་གཞུང་ཁྲ་བཀོད་པ་ཞིག་དང་།
ཀྭ་ཅུའི་སྐད་གྲགས་ཆེ་བའི་ཡུ་ལིམ་གཙུག་ལག་ཁང་གི་རྒྱུ་ནོར་ཐོ་འགོད་རེའུ་མིག་ཅིག་རེད། སྐབས་འདིའི་ཤྀ་བཤེས་ཀྱྀ་ཡི་གེ་པ་ཞེས་པར་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་ཤྀ་བཤོས་ཀྱྀ་ཡི་གེ་པ་ནི་མི་ཞིག་ཚེ་ལས་འདས་ན་དེའི་བདག་པོས་ཤི་བོར་དགེ་རྩ་བསྒྲུབ་ཆེད་ཆོས་སྡེ་སོགས་ལ་ཕུལ་བའི་རྒྱུ་རྫས་རྣམས་ཡི་གེར་འགོད་པ་པོ་ལ་ཟེར་བ་འདྲ་ཞེས་འགྲེལ་ཡོད་པ་དེ་མ་གཏོགས། འགྲེལ་གསལ་བོ་ཞིག་བྱས་ཡོད་པ་གཞན་མ་མཐོང་ཞིང་།ལྷག་པར་ཡིག་རིགས་གཞན་དུ་བསྒྱུར་བའི་འགྱུར་ཡིག་མང་པོ་ཞིག་གི་ནང་ཤྀ་བཤོས་ཀྱི་ཞེས་པའི་ཡིག་འབྲུ་གསུམ་ཐད་ཀར་སྒྲ་བསྒྱུར་ཙམ་གྱིས་འཐུས་པར་བྱས་འདུག་པས། ཤྀ་བཤོས་ཞེས་པ་གང་ལ་གོ་བ་ལེན་རྒྱུ་ནི་ད་དུང་ཚོད་དཔག་ཙམ་དུ་ཟད།ཁོ་བོས་བསམས་ན། P.T.997ནང་དུ་ཐོན་པའི་ཤྀ་བཤོས་ཀྱྀ་ཡྀ་གེ་པ་ནི་མངན་ཆེན་གུ་རིབ་ལེགས་བརྟན་གྱིས་ཡྀ་ལིམ་གཙུག་ལག་ཁང་གི་རྒྱུ་ནོར་རྩིས་སྤྲོད་བྱེད་སྐབས་རྩིས་ཐོ་ཡིག་ཐོག་ཏུ་འགོད་མཁན་གྱི་མི་སྣ་དེ་ཡིན་འདོད་དེ། P.T.997ཡི་ནང་བྱུང་བའི་ཚིག་འདིར་གོ་བ་བླངས་ན། མངན་ཆེན་གུ་རིབ་ལེགས་བརྟན་གྱིས་ཡུ་ལིམ་གཙུག་ལག་ཁང་གི་རྒྱུ་ནོར་རྩིས་སྤྲོད་བྱེད་པར་མགོ་འཛིན་བྱས་ཏེ་ཡུ་ལིམ་གཙུག་ལག་ཁང་གི་རྐྱེན་གྱི་འབངས་དང་། དཀོར་རྐང་འགྲོས་དང་སྩང་ནས་འབྲས་དང་ཁབ་རྫས་ལ་སོགས་པ་གཏད་པའི་ཐང་ཡིག་ཤི་བཤེས་ཀྱི་ཡི་གེ་པ་ཝང་སྟག་ཚབ་ཀྱིས་ཡིག་ཐོག་ཏུ་བཀོད་ཅེས་བྱས་ན་ཅུང་དག་པར་སྙམ་མོ། །P.T.1089ལས“མཁར་བཙན་ཁྲོམ་གྱི་དཔོན་སྣ་གྲལ་ཐབས་ལ་མཆིད་མྱི་མཇལ་པའ། སྔར་བཅད་པའི་ལུགས་དང་རྗེ་བླས་གྱི་གཉེར་དག་དུ། སྦྱར་ནས། ཞང་བློན་ཆེན་པོ་ལ་ཞུ་སྟེ་མཆྀད་ཀྱིས་བཅད་པ། གྲལ་ཐབས་ལས། ... ...དགྲ་བློན་ཆུང་ངུ། ཁྲལ་དཔོན་ཆེན་པོ། གསང་གྀ་ཡི་གེ་པ་ཆེད་པོ། རྩིས་ཆེད་པོ། ཞལ་ཅེ་ཆེད་པོ། བོད་སུམ་གྱྀ་སྟོང་དཔོན། མཐོང་ཀྱབ་དང་འ་ཞའི་སྟོང་དཔོན། རྩེ་རྗེ་ཟངས་པའ། གསང་གི་ཕོ་ཉ། གསང་གི་ཡི་གེ་པ་འབྲིང་པོ། གསང་གི་ཡི་གེ་པ་ཆུངུ། ... ...སྟག་ྀཟར་ཅུང་པ། གཞྀས་པོན་འོག་དཔོན། གསང་གི་ཡི་གེ་ཕྲ་མོ། ... ...རྒྱ་སྤྱིའྀ་ཁྲལ་དཔོན་ཆེད་པོ། ཁྲྀ་དཔོན་གྱི་ཡི་གེ་པ། ... ...ཁྲྀ་དཔོན་གྱི་ཡི་གེ་པ”①ཞེས་བྱུང་བ་དང་། ཡང་ཞོལ་རྡོ་རིང་གི་བྱང་ངོས་ལས“བློན་སྟག་སྒྲ་ཀླུ་ཁོང་གི་ཕ་ཟླ་གོང་གི་བུ་ཚ་རྒྱུད་འཕེལད་གྱི་རྣམས་ཞང་བློན་ཡི་གེ་པའྀ་ཐང་དང་། དམག་སུམ་རྒྱར་གནང་ངོ”②ཞེས་དང་།ཞིན་ཅང་ནས་ཐོན་པའི་ཁྲམ་ཡིག་ཨང་རྟགས359-1 Mདང་ཁྲམ་ཡིག་ཨང་རྟགས126 MIལས་ཁྲལ་རྩིས་ཀྱི་ཡི་གེ་པ་རླང་། མངན་གི(ཡི)གེ་པ་ཞིང་དོར་གཅིག”ཅེས་བྱུང་ཡོད་པ་དག་ལ་གཞིགས་ན། ང་ཚོས་ད་ལྟ་ཐག་གཅོད་བྱེད་ཐུབ་པའི་ཡི་གེ་པའི་རིགས་ལ་ཁྲི་དཔོན་གྱི་ཡི་གེ་པ་དང་གསང་གི་ཡི་གེ་པ་ཆེན་པོ། གསང་གི་ཡི་གེ་པ་འབྲིང་།
གསང་གི་ཡི་གེ་པ་ཆུང་། གསང་གི་ཡི་གེ་པ་ཕྲ་མོ། ཁྲལ་རྩིས་ཀྱི་ཡི་གེ་པ། མངན་གྱི་ཡི་གེ་པ་བཅས་ཡོད་པར་འདུག་ཅིང་། དེ་ལས་ཁྲི་དཔོན་གྱི་ཡི་གེ་པ་ནི་ཁྲི་དཔོན་གྱི་གམ་དུ་ཡོད་པའི་གཞུང་ཡིག་ཐག་གཅོད་དང་མི་འབོར་ཁྱིམ་ཐོའི་དོ་དམ་སོགས་ཀྱི་ལས་དོན་ལ་འགན་ཁུར་བའི་དཔོན་པོ་ཡིན་ལ། ཁྲལ་རྩིས་ཀྱི་ཡི་གེ་པ་ནི་ཁྲལ་པ་རྣམས་ཀྱིས་བསྡུ་བའི་ཁྲལ་རིགས་ཟིན་ཐོར་འགོད་མཁན་ཞིག་ཡིན་པ་གོར་མ་ཆག། དཔོན་གནས་དེ་ནི་ཁྲལ་དཔོན་ཆེན་པོ་ལས་དམའ་བ་གང་ཞིག་ལ། ཁྲལ་པ་ལས་མཐོ་བའི་ཡི་གེའི་ལས་བྱེད་པའི་ཁྲལ་དཔོན་རིམ་པ་དམའ་བ་ཞིག་ཏུ་འཁུམས། མངན་གྱི་ཡི་གེ་པ་བྱ་བ་ནི་ཁྲལ་དཔོན་གྱིས་མངན་གྱི་ཁབ་སོར་འབུལ་བའི་ནས་ལུག་གསེར་དངུལ་སོགས་ཀྱི་དཔྱ་ཁྲལ་གང་བྱུང་བ་རྣམས་ཟིན་ཐོར་འགོད་མཁན་ཞིག་ལ་ཟེར་བ་ཡིན། གསང་གི་ཡི་གེ་པ་ཞེས་པ་གང་ལ་གོ་དགོས་པ་རྒྱུ་ཆའི་རྐྱེན་གྱིས་མི་གསལ་ན་ཡང།ཕལ་ཆེར་གཞུང་ཡིག་གི་གསང་བའི་ཚད་རིམ་ལ་དམིགས་ནས་དཔོན་གནས་བཀོད་སྒྲིག་བྱས་པ་ཞིག་ཡིན་པར་སྙམ། ཞང་བློན་གྱི་ཡི་གེ་པར་གོ་བ་ལེན་སྟངས་གཉིས་ཡོད་དེ། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱི་ལྟ་བར་ཞང་བློན་ཡི་གེ་པའི་ཐང་ནི་ཞང་བློན་ཡི་གེ་པའི་དབང་ཐང་ཞེས་པ་སྟེ། སྐྱེ་བོ་རྣམས་ཀྱི་འཇོན་ཐང་དང་བྱས་རྗེས་ཀྱི་ཆེ་ཆུང་ངམ་གྲལ་རིམ་གྱི་མཐོ་དམན་ལྟར་གང་ལ་གང་འོས་དེ་ལ་དེ་འཚམ་གྱི་ཡིག་ཚང་མངའ་བའི་ཐོབ་ཐང་ངོ་། ། ཞེས་སྐབས་འདིར་ཡིག་ཚང་གོ་བ་བླངས་འདུག ལུའུ་ལི་ཡིས་ཞང་བློན་ཡི་གེ་པ་ནི་བཙན་པོའི་དབུས་གཞུང་གི་སྲིད་དབང་ལས་ཁུངས་ནང་གི་ཡི་གེ་པ་ཡིན་པར་འདོད་པར་ཅུང་བདེན་སྣང་ཡོད་པར་འདོད་ཅིང་། སྐབས་འདིར་ཞང་བློན་གྱི་ཡི་གེ་པའི་དཔོན་གནས་ལ་གོ་བ་བླངས་ན་ཡང་དག་པར་འདོད་དོ། །
མཇུག་བསྡུ་བ།
མདོར་ན། ཡི་གེ་པ་ཞེས་པ་ནི་དཔོན་གནས་དག་གི་གམ་དུ་ཡོད་ཅིང་། དཔོན་གནས་གང་དེས་ལས་གང་ཞིག་བྱེད་པའི་ཚེ་དོན་རྣམས་གཞུང་ཡིག་ཐོག་ཏུ་འགོད་མཁན་ལ་གོ་བ་ཡིན་ནོ་སྙམ། རིགས་ལ་ཡང་ཆེ་བ་ཞང་བློན་ནས་ཆུང་བ་ཁྲལ་དཔོན་གྱི་བར་དུ་ཡི་གེ་པའི་དཔོན་གནས་ཡོད་པར་སྣང་ངོ་། །
* རྡོ་རྗེ་བཀྲ་ཤིས། མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང2019ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།
① དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:132.
① འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ། རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས། (བཞི་པ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:142.
② གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:203.
③ པད་གཞུང་ཟླ་བ་ཆུང་བདག བཙན་པོའི་རྒྱལ་རབས་སྐབས་ཀྱི་དཔོན་རིགས་ཞིབ་འཇུག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015:307.
④ ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:160-161.
① ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:384-385.
② ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:386-387.
③ པད་གཞུང་ཟླ་བ་ཆུང་བདག བཙན་པོའི་རྒྱལ་རབས་སྐབས་ཀྱི་དཔོན་རིགས་ཞིབ་འཇུག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015:276.
① པད་གཞུང་ཟླ་བ་ཆུང་བདག བཙན་པོའི་རྒྱལ་རབས་སྐབས་ཀྱི་དཔོན་རིགས་ཞིབ་འཇུག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015:315.
① དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1992:265.
② གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:116.