བོད་སྐད་ཞེ་ཚིག་ཞིབ་འཇུག་གི་གནས་བབ་དང་ དེའི་སྐོར་གྱི་བསམ་གཞིག
དབང་གྲགས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30
[གནད་བཏུས] ཞེ་ཚིག་ཞིབ་འཇུག་ཐད། རང་མི་རིགས་ལས་མི་རིགས་གཞན་པས་ཀྱང་ཞིབ་འཇུག་བྱས་ཡོད་པ་མང་སྟེ། ཞེ་ཚིག་གི་གྲུབ་ཚུལ་དང་། ཁྱད་ཆོས། བྱེད་ནུས། འཇུག་ཡུལ་སོགས་ཀྱི་ཐད་ལ་ཞིབ་འཇུག་གང་མང་བགྱིས་ཡོད། དེ་ན་བདག་གིས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་ད་བར་གྱི་བོད་སྐད་ཞེ་ཚིག་ཞིབ་འཇུག་གི་གནས་བབ་དང་མ་འོངས་པའི་ཞེ་ཚིག་གི་འཕེལ་ཕྱོགས་དང་འབྲེལ་བའི་བསམ་གཞིག་གི་སྐོར་ལ་དཔྱད་ཁུལ་བྱས་ཡོད།
[གནད་ཚིག] བོད་སྐད། ཞེ་ཚིག གནས་བབ། བསམ་གཞིག
གླེང་གཞི།
བོད་མི་རིགས་ཀྱི་སྐད་ཆའི་སྦྱོར་བ་རུ་ཞེ་ཚིག་གི་སྤྱོད་སྒོ་ཕུན་སུམ་ཚོགས་པས། དེ་ནི་བོད་ཀྱི་སྐད་ཆའི་མཛེས་རྩལ་ཞིག་ཡིན་ལ། བོད་མིའི་ནང་སེམས་ཀྱི་མཛའ་བརྩེ་དང་བཀུར་བཟོའི་གཤིས་སྤྱོད་ཕྱིར་མངོན་པའི་མཚོན་བྱེད་ཡིན། ལྷག་པར་དུ་སྐད་ཆ་དང་རིག་གནས་བར་གྱི་འབྲེལ་བར་གཞིགས་དུས་ཞེ་ཚིག་ནི་བོད་མི་རིགས་ཀྱི་སེམས་ཁམས་ཁྱད་པར་བ་ལས་གྲུབ་པའི་རིག་གནས་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན། སྐད་ཆའི་སྦྱོར་བ་རྩོམ་དུས་སུ་ཞེ་ཚིག་སྤྱད་པ་འདིས་གཞན་དང་འབྲེལ་འདྲིས་ཀྱི་བར་ཐག་ཉེ་བར་བཏང་སྟེ། མི་རིགས་ཀྱི་གཞུང་རྒྱུད་དང་ལྷག་བསམ་སྟེ། ཞེ་ཚིག་བརྒྱུད་དེ་མཚོན་ཡོད་ལ། ཞི་འཇམ་དང་སྐད་ཆའི་མཛེས་པ་ཐུན་མོང་མ་ཡིན་པ་དེས་གཞན་ལ་འཛེམ་བག་དང་དོགས་ཟོན་མེད་པར་ཧ་ཅང་བློ་བདེ་བག་ཕེབས་ངང་ཕན་ཚུན་འབྲེལ་བ་བྱས་ཆོག་པའི་སྐད་ཆའི་ནུས་པ་ཁྱད་པར་བ་ཞིག་ཡིན། ད་དུང་ཞེ་ཚིག་སྤྱོད་པའི་དུས་ལ་གཞིགས་དུས་བོད་བཙན་པོའི་སྐབས་སུ་ཞེ་ཚིག་སྤྱོད་ཀྱིན་ཡོད་པ་བཙན་པོའི་སྐབས་ཀྱི་མགུར་གླུ་དང་ཏུན་ཧོང་ཡིག་ཆ་སོགས་སུ་དངོས་སུ་མཐོང་ཐུབ་ལ། ཞེ་ཚིག་གི་ལོ་རྒྱུས་ཡུན་རིང་ཞིང་བོད་མི་རིགས་ཀྱི་སྐད་ཆའི་ཉིང་བཅུད་དུ་གྲུབ་པས། འདི་ནི་མི་རིགས་ཤེས་རིག་གི་བསྡུས་གཟུགས་ལྟ་བུ་ཡིན། དེ་བས་ཞེ་ཚིག་ནི་བོད་མི་རིགས་ཀྱི་སྐད་ཆའི་མ་ལག་ཁྲོད་འབྲལ་མེད་དུ་གནས་ཤིང་། སྐད་ཆའི་མཛེས་པ་ཁྱད་པར་བ་ཞིག་ཏུ་གྱུར་ནས་ཡོད།
དང་པོ། ཞེ་ཚིག་ཞིབ་འཇུག་གི་དཔྱད་འབྲས་ཀྱི་སྐོར།
གཞན་ད་དུང་ཞེ་ཚིག་སྐོར་གྱི་ཚིག་མཛོད་ཀྱང་ཡོད་དེ། བསོད་ནམས་རྡོ་རྗེ་སོགས་ཀྱིས་བསྒྲིགས་པའི《ཞེ་སའི་ཚིག་མཛོད་རབ་གསལ་མེ་ལོང》 ཞེས་པ་དང་། རྡོ་རྒན་གསང་བདག་རྡོ་རྗེས་བརྩམས་པའི་རྒྱ་བོད་ཤན་སྦྱར་གྱི་ཞེ་སའི་ཚིག་མཛོད《ཞེ་སའི་ལག་དེབ་བློ་གསལ་དགའ་སྟོན》 ཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ཞེ་ཚིག་བྱིས་པའི་ངག་རྒྱན》 ཞེས་པ།བྱང་ཁང་བྱང་ཆུབ་ཆོས་འཕེལ་གྱིས་བསྒྲིགས་པའི《ཞེ་སའི་ཉིང་བཅུད་ངོ་མཚར་འཕྲུལ་གྱི་ལྡེ་མིག》 ཅེས་པ། གཞན་འཇར་པན་གྱི་པེ་ཚུན་ཕུའུ(北村浦)ཡི་བོད་སྐད་ཞེ་ཚིག་གི་སྐོར་གྱི་དཔྱད་རྩོམ་དེ་ཝང་ཡུན་ཞང(王云祥)གིས་རྒྱ་ཡིག་ཏུ་བསྒྱུར་ཡོད། ལྕགས་ཐར་རྒྱལ་གྱི《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ》ཞེས་པ་དང་དཔའ་རིས་སངས་རྒྱས་ཀྱི《བརྡ་སྤྲོད་སྦྱོར་བ་རྣམ་བཞིའི་རབ་གསལ》 ཞེས་པ། ཆུས་ཨའེ་ཐང(瞿霭堂)གི《བོད་ཀྱི་སྐད་ཡིག》 ཅེས་པ་སོགས་སུ་ཡང་ཞེ་ཚིག་གི་སྐོར་རགས་ཙམ་གླེང་ཡོད། ད་དུང་རྒྱུན་མཁོའི་ཞེ་ཚིག་དང་ཕལ་ཚིག་ཞིབ་བསྡུར་གཅེས་བསྡུས་ཀྱང་མི་ཉུང་བ་བསྡུས་ཡོད་པ་བོད་ལྗོངས་དྲ་བ་སོགས་སུ་མཐོང་རྒྱུ་ཡོད། གཞན་ཡང་། ནག་ཆུ་བྱིས་སྐྱོང་ཁང་དང་པོས་བྱིས་པའི་བོད་སྐད་ཡིག་ཞེ་ཚིག་ངག་འདོན་འགྲན་བསྡུར་སྤེལ་བ་དང་བོད་ལྗོངས་བརྙན་འཕྲིན་ཁང་གིས་ཞེ་ཚིག་གི་སློབ་ཁྲིད་ལེ་ཚན་བསྒྲིགས་པ་སོགས་ཀྱིས་ཞེ་ཚིག་གི་བཀོལ་སྤྱོད་དང་རྒྱུན་འཛིན་ལ་དོ་སྣང་བླ་ལྷག་བྱེད་བཞིན་པ་མཚོན་ཐུབ།འདིར་བཀོད་པའི་ཞེ་ཚིག་ཞིབ་འཇུག་གི་དཔྱད་རྩོམ་དག་གི་སྤྱིའི་སྒྲིག་གཞིའི་ཆ་ནས་བལྟས་ཚེ་ཁྱད་ཆོས་ཐུན་མོང་བ་མང་པོ་ཞིག་ཡོད་དེ། དཔེར་ན་ཞེ་ཚིག་གི་འབྱུང་ཁུངས་དང་གྲུབ་ཚུལ། འཇུག་ཡུལ། ཁྱད་ཆོས། བྱེད་ནུས་སོགས་ལྟ་བུ་དང་། དཔྱད་འབྲས་ཁག་ཅིག་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཆའང་ཡོད།
གཉིས་པ། དཔྱད་འབྲས་དག་གི་ཁྱད་ཆོས་ཐུན་མོང་བའི་སྐོར།
1. ཞེ་ཚིག་གི་བྱུང་བའི་སྐོར།
ཞེ་ཚིག་གི་འབྱུང་ཁུངས་སྐོར་ནས་ལྷ་སྟུག་གི《རྒྱ་བོད་ཞེ་ཚིག་གི་བསྡུར་བ་དང་ལོ་ཙཱ》 ཟླ་བ་ཚེ་རིང་གི《ཡ་རབས་གུས་སྲོལ་གྱི་བརྡ་ཆད་མཚོན་སྙིང་ཞེ་སའི་རྣམ་བཤད་མཐོང་བ་དོན་ལྡན》 དཔའ་རིས་སངས་རྒྱས་ཀྱི《ཞེ་ཚིག་རྣ་བའི་བཅུད་ལེན》 སྤེན་པའི《དབུས་གཙང་ཡུལ་སྐད་ཁྲོད་ཀྱི་ཞེ་ས་དང་ཞེ་ཚིག་ལ་དཔྱད་པ》 ཚེ་བརྟན་སྒྲོལ་དཀར་གྱི《ལྷ་སའི་ཁ་སྐད་ཁྲོད་ཀྱི་ཞེ་ས་ལ་དཔྱད་པ》 ཐར་བ་སྐྱབས་ཀྱི《བོད་སྐད་ཀྱི་ཞེ་ཚིག་གི་སྦྱོར་བ་ལ་དཔྱད་པ》 ཞེས་པ་སོགས་སུ་ཞེ་ཚིག་གི་བྱུང་བའི་སྐོར་བྲིས་ཡོད། དེ་ཡང《བཀའ་ཐང་སྡེ་ལྔ》 ལས“དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། ། སྔ་རྟགས་ཕྱགས་དང་ཞེ་ས་དེ་ནས་བྱུང་། །”①ཞེས་ཞེ་ཚིག་གི་བྱུང་བའི་སྐོར་རྒྱལ་ཕྲན་བཅུ་གཉིས་ཀྱི་སྐབས་སུ་བྱུང་བའང་བསྒྲུབས་ཡོད།
2. ཞེ་ཚིག་གི་གྲུབ་ཚུལ་སྐོར།
བསོད་ནམས་རྒྱལ་མཚན་གྱི《བོད་སྐད་ཞེ་ཚིག་གི་གྲུབ་ཚུལ་གྱི་རིགས་དབྱེ་སྐོར་གླེང་བ》 པད་མ་མཚོ་དང་ཝང་ཆིན་གཉིས་ཀྱི《བོད་ཀྱི་ཡུལ་སྐད་ཞེ་ཚིག་གི་བསྡུར་བ་བརྗོད་པ》 ཧུའུ་ཧྲུའུ་ཅིན་གྱི《བོད་སྐད་ཀྱི་ཞེ་ཚིག》 ཚའོ་ཞའོ་ཡན་གྱི《བོད་སྐད་ཞེ་ཚིག》 ལྷ་སྟུག་གི《རྒྱ་བོད་ཞེ་ཚིག་གི་བསྡུར་བ་དང་ལོ་ཙཱ》 བཀྲ་ཤིས་འཚོའི《ཆ་འཕྲིན་སྒྲིག་གཞི་ལ་གཞི་བཅོལ་བའི་བོད་སྐད་ཀྱི་ཞེ་ཚིག་ཞིབ་འཇུག》 དོན་གྲུབ་ཚེ་རིང་གི《བོད་ཀྱི་ཞེ་ས་རོབ་ཙམ་བརྗོད་པ》 དཔའ་རིས་སངས་རྒྱས་ཀྱི《ཞེ་ཚིག་རྣ་བའི་བཅུད་ལེན》 སྤེན་པའི《དབུས་གཙང་ཡུལ་སྐད་ཁྲོད་ཀྱི་ཞེ་ས་དང་ཞེ་ཚིག་ལ་དཔྱད་པ》 ཚེ་བརྟན་སྒྲོལ་དཀར་གྱི《ལྷ་སའི་ཁ་སྐད་ཁྲོད་ཀྱི་ཞེ་ས་ལ་དཔྱད་པ》 ཐར་བ་སྐྱབས་ཀྱི 《བོད་སྐད་ཀྱི་ཞེ་ཚིག་གི་སྦྱོར་བ་ལ་དཔྱད་པ》 དཔལ་ལྡན་རྣམ་རྒྱལ་གྱི《ཏུན་ཧོང་གཏེར་ཡིག་གི་ཡིག་ཆ་དང་རྡོ་རིང་ཁ་ཤས་ལས་ཞེ་ཚིག་གི་སྐོར》 ཞེས་པ་སོགས་སུ་ཞེ་ཚིག་གི་གྲུབ་ཚུལ་སྐོར་ལ་ཁྱད་ཆོས་ཐུན་མོང་བ་ཞིག་ཡོད་པ་ནི།
3. ཞེ་ཚིག་གི་འཇུག་ཡུལ་སྐོར།
ཧུའུ་ཧྲུའུ་ཅིན་གྱི《བོད་སྐད་ཀྱི་ཞེ་ཚིག》 བཀྲ་ཤིས་འཚོའི《ཆ་འཕྲིན་སྒྲིག་གཞི་ལ་གཞི་བཅོལ་བའི་བོད་སྐད་ཀྱི་ཞེ་ཚིག་ཞིབ་འཇུག》 དོན་གྲུབ་ཚེ་རིང་གི《བོད་ཀྱི་ཞེ་ས་རོབ་ཙམ་བརྗོད་པ》 དཔའ་རིས་སངས་རྒྱས་ཀྱི《ཞེ་ཚིག་རྣ་བའི་བཅུད་ལེན》 སྤེན་པའི《དབུས་གཙང་ཡུལ་སྐད་ཁྲོད་ཀྱི་ཞེ་ས་དང་ཞེ་ཚིག་ལ་དཔྱད་པ》 ཚེ་བརྟན་སྒྲོལ་དཀར་གྱི《ལྷ་སའི་ཁ་སྐད་ཁྲོད་ཀྱི་ཞེ་ས་ལ་དཔྱད་པ》 ཐར་བ་སྐྱབས་ཀྱི《བོད་སྐད་ཀྱི་ཞེ་ཚིག་གི་སྦྱོར་བ་ལ་དཔྱད་པ》 ཞེས་པ་སོགས་སུ་ཞེ་ཚིག་ཡུལ་གང་ལ་ཇི་ལྟར་སྦྱོར་བ་གསལ་བོར་བྲིས་ཡོད་པའི་ཁྱད་ཆོས་ཐུན་མོང་བ་སྟེ། དཔེར་ན། (1)སངས་རྒྱས་དང་ལྷ། བླ་མ་རྣམས་ལ་ཞེ་ཚིག་སྦྱོར་ཚུལ། 《སྣང་ས་འོད་འབུམ་གྱི་རྣམ་ཐར》 དུ“སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བུ་མོ་ཆོས་མེད་མ་ལ་ཐུགས་རྗེས་གཟིགས། །”①ལྟ་བུ་དང་། 《མི་ལ་རས་པའི་རྣམ་ཐར》 དུ“རས་ཆུང་པས་ཞུས་པ། བླ་མ་ལགས། དང་པོ་ཡབ་དང་བྲལ་བས་འོ་བརྒྱལ་མང་པོ་ཐུགས་ཉམས་སུ་བཞེས་གསུངས་པ་ཇི་བཞིན་འདྲ་བཞེས་ལགས་ཞུས་པས”②ལྟ་བུ། (2)རང་ལས་ཆེ་བ་དང་མཐོ་བ་རྣམས་ལ་ཞེ་ཚིག་སྦྱོར་ཚུལ། 《སྣང་ས་འོད་འབུམ་གྱི་རྣམ་ཐར》 དུ།“ཚུར་ལ་གསོན་དང་དཔོན་པོ་སྒྲ་ཆེན་ལགས། ། བུ་མོ་སྣང་སའི་ཕྱོགས་ལ་རྣ་བ་གསོན། །”③ལྟ་བུ། (3)རང་དང་མཉམ་པ་རྣམས་ལ་ཞེ་ཚིག་སྦྱོར་ཚུལ། 《སྣང་ས་འོད་འབུམ་གྱི་རྣམ་ཐར》དུ“ཚུར་ལ་གསོན་དང་ན་མཉམ་བུ་མོ་རྣམས། ། འདས་ལོག་སྣང་ས་ང་ལ་རྣ་བ་ཉོན”④ལྟ་བུ། (4)རང་ལས་ཆུང་བ་དང་དམན་པ་རྣམས་ལ་ཞེ་ཚིག་སྦྱོར་ཚུལ། 《སྣང་ས་འོད་འབུམ་གྱི་རྣམ་ཐར》 དུ“ཕ་བཟང་གི་བུ་མོ་རིགས་བཟང་མ། ། མ་བཟང་གི་བུ་མོ་བཞིན་བཟང་མ། ། ཁྲོམ་ལྷ་མི་ཚོགས་པའི་རྒྱན་གཅིག་མ། ། བུ་མོ་སྣང་ས་འོད་འབུམ་ཚུར་ལ་གསོན། །”①ལྟ་བུ། (5)དགྲ་ལ་ཞེ་ཚིག་སྦྱོར་ཚུལ། 《མི་ལ་རས་པའི་རྣམ་ཐར》 དུ“སྔར་ཡབ་མི་ལ་རྒྱལ་མཚན་བཞུགས་པའི་ཚེ། མི་དྲག་ཞན་ཀུན་ངེད་ཀྱི་ཞལ་འཛུམ་དཀར་ནག་ལྟ་བ་ཡིན་ཏེ། ཕྱིས་ནོར་ཡོད་རྒྱལ་པོའི་ཚུལ་དུ་སོང་ནས། ཨ་ཁུ་ཨ་ནེའི་ཞལ་འཛུམ་དཀར་ནག་བལྟ་དགོས་པ་བྱུང་།”②ལྟ་བུའོ། །
4. ཞེ་ཚིག་གི་ཁྱད་ཆོས་སྐོར།
བཀྲ་ཤིས་འཚོའི《ཆ་འཕྲིན་སྒྲིག་གཞི་ལ་གཞི་བཅོལ་བའི་བོད་སྐད་ཀྱི་ཞེ་ཚིག་ཞིབ་འཇུག》 དོན་གྲུབ་ཚེ་རིང་གི《བོད་ཀྱི་ཞེ་ས་རོབ་ཙམ་བརྗོད་པ》 སྤེན་པའིི《དབུས་གཙང་ཡུལ་སྐད་ཁྲོད་ཀྱི་ཞེ་ས་དང་ཞེ་ཚིག་ལ་དཔྱད་པ》 ཚེ་བརྟན་སྒྲོལ་དཀར་གྱི《ལྷ་སའི་ཁ་སྐད་ཁྲོད་ཀྱི་ཞེ་ས་ལ་དཔྱད་པ》 ཞེས་པ་སོགས་སུ་ཞེ་ཚིག་གི་ཁྱད་ཆོས་ཐུན་མོང་བའི་སྐོར་ལ་དཔེར་ན། (1)མི་རིགས་ཀྱི་རང་བཞིན། མི་རིགས་རང་རང་གི་སེམས་ཁམས་དང་ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་ནས་སྦྱོར་ཡུལ་གྱི་ཁྱད་པར་དང་གྲངས་ཀྱི་མང་ཉུང་སོགས་ཁྱད་པར་སྣ་ཚོགས་ལྡན་པས། སོ་སོར་གཞན་དང་མི་མཚུངས་པའི་ཁྱད་ཆོས་ལྡན།(2)ཞེ་ཚིག་གི་སྣ་མང་རང་བཞིན། དཔེར་ན། མིང་རྐྱང་གི་ཞེ་ཚིག་དང་བྱ་ཚིག་སྦྱར་བ་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་ཞེ་ཚིག་གི་ཚིག་མཛོད་ཅིག་གྲུབ་པ་ལྟ་བུ།
5. ཞེ་ཚིག་གི་བྱེད་ནུས་སྐོར།
དོན་གྲུབ་ཚེ་རིང་གི《བོད་ཀྱི་ཞེ་ས་རོབ་ཙམ་བརྗོད་པ》 བཀྲ་ཤིས་འཚོའི《ཆ་འཕྲིན་སྒྲིག་གཞི་ལ་གཞི་བཅོལ་བའི་བོད་སྐད་ཀྱི་ཞེ་ཚིག་ཞིབ་འཇུག》 སྤེན་པའི《དབུས་གཙང་ཡུལ་སྐད་ཁྲོད་ཀྱི་ཞེ་ས་དང་ཞེ་ཚིག་ལ་དཔྱད་པ》 ཚེ་བརྟན་སྒྲོལ་དཀར་གྱི《ལྷ་སའི་ཁ་སྐད་ཁྲོད་ཀྱི་ཞེ་ས་ལ་དཔྱད་པ》 ཞེས་པ་སོགས་སུ་ཞེ་ཚིག་བྱེད་ནུས་སྐོར་གྱིི་ཐུན་མོང་གི་ཁྱད་ཆོས་བརྗོད་པ་ནི་འདི་ལྟ་སྟེ།(1)མིང་ཚིག་གསར་བཟོའི་ནུས་པ་ལྡན་པ། དཔེར་ན་སྐུ་དང་འབྲེལ་བའི་སྐུ་པར། སྐུ་གཤེགས། སྐུ་གཟུགས། སྐུ་གདོང་།སྐུ་ལུས།(2)ཚིག་རྒྱན་གྱི་ནུས་པ་ལྡན་པ། དཔེར་ན། ཆིབས་ཞལ་སྒྱུར། ཐུགས་བསྐྱེད།(3)མིང་གཅིག་གིས་དོན་གཉིས་ཀྱི་ཚིག་ནུས་ལྡན་པ། དཔེར་ན། བཀའ་རྩོམ། གསུང་རྩོམ། ལྗགས་རྩོམ། ཕྱག་རྩོམ།(4)ཤིས་ཚིག་གི་ནུས་པ་ལྡན་པ། དཔེར་ན། ཨ་ཞང་དང་སྐུ་མགྲོན་རྣམས་ལ། དཔའ་རྔམ་དམར་ཡག་སྟག་གི་སྡེབ་ཤ་མ་ཡལ་བར་གཟི་མདངས་ཁྲ་ཆིལ་ལེ། སྐུ་བརྗིད་དུང་སེང་དཀར་མོའི་གཡུ་རལ་མ་ཉམས་པར་བརྗིད་བག་སྤྲོ་ཆིལ་ལེར། དབུ་འཕང་བྱ་རྒྱལ་ཁྱུང་གི་གཤོག་དྲུག་མ་ཉམས་པར་དབུ་འཕང་མཐོ་ཟིང་ངེ་། ལྟ་བུ།
6. རིམ་པ་ཅན་གྱི་ཞེ་ཚིག
ཧུའུ་ཧྲུའུ་ཅིན་གྱི《བོད་སྐད་ཞེ་ཚིག》 ཚའོ་ཞའོ་ཡན་གྱི《བོད་སྐད་ཀྱི་ཞེ་ཚིག》 དོན་གྲུབ་ཚེ་རིང་གི《བོད་ཀྱི་ཞེ་ས་རོབ་ཙམ་བརྗོད་པ》 ཟླ་བ་ཚེ་རིང་གི《ཡ་རབས་གུས་སྲོལ་གྱི་བརྡ་ཆད་མཚོན་སྙིང་ཞེ་སའི་རྣམ་བཤད་མཐོང་བ་དོན་ལྡན》 སྤེན་པའི《དབུས་གཙང་ཡུལ་སྐད་ཁྲོད་ཀྱི་ཞེ་ས་དང་ཞེ་ཚིག་ལ་དཔྱད་པ》 ཞེས་པ་སོགས་སུ་ཞེ་ཚིག་རིམ་ཅན་བྲིས་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ནི། དཔེར་ན།
གསུམ་པ། དཔྱད་འབྲས་ཁྱད་ཆོས་ཐུན་མོང་མ་ཡིན་པའི་སྐོར།
1. བཀྲ་ཤིས་འཚོའི《ཆ་འཕྲིན་སྒྲིག་གཞི་ལ་གཞི་བཅོལ་བའི་བོད་སྐད་ཀྱི་ཞེ་ཚིག་ཞིབ་འཇུག》ཅེས་པའི་དཔྱད་རྩོམ་དུ་དེང་རབས་ཆ་འཕྲིན་གྱིས་ཞེ་ཚིག་གི་སྒྲ་དོན་ལ་དབྱེ་ཞིབ་བགྱིས་ཏེ་ཞིབ་ཚགས་སྒོས་ཞེ་ཚིག་ལ་ངོ་བོའི་རིགས་དབྱེ་དགར་ཡོད། ཞེ་ཚིག་གི་མིང་ཕལ་ཆེ་བ་མིའི་ལུས་ཀྱི་བྱེ་བྲག་གང་ཞིག་དང་། ཡང་ན་བྱ་བ། རྣམ་པ། འབྲེལ་བ། སེམས་ཁམས་ཀྱི་འགུལ་སྐྱོད་སོགས་དང་འབྲེལ་བ་ཡིན་ཞིང་། གཟའ་སྐར་དང་ས་ཁམས། ཐོན་ཁུངས། སྲོག་ཆགས། སྐྱེ་དངོས་སོགས་དང་འབྲེལ་བའི་ཞེ་ཚིག་ཤིན་ཏུ་ཉུང་། དེ་སྡོམ་རྩིས་སུ་བཀོད་པའི་ཐུན་མིན་གྱི་ཁྱད་ཆོས་ནི།
2. ལི་ཁྲུན་མེ་ཡི《ཁམས་པའི་ཡུལ་སྐད་ཀྱི་ཞེ་ཚིག་ལ་དཔྱད་པ》 ཞེས་པ་རུ་ཡུལ་སྐད་ཆེན་པོ་གསུམ་གྱི་བཀོལ་སྤྱོད་ཐད་ནས་མི་འདྲ་བ་བྲིས་ཡོད་ལ། ཁྱད་པར་དུ་མིང་ནི་འགྱུར་བའི་རང་བཞིན་གྱི་སྐད་ཆའི་མ་ལག་ཅིག་ཡིན་གཤིས། ཞེ་ཚིག་གང་ལ་ཇི་ལྟར་འཇུག་ཡུལ་གྱི་ཐད་ནས་ཀྱང་ནོར་འཁྲུལ་ཅན་བྱུང་ཡོད་པ་སྟེ། དཔེར་ན། སྲོག་
ཆགས་རིགས་ལ་ཞེ་ཚིག་སྦྱར་ཡོད་པ་དང་། དེའི་སྐོར་ལ་ཆེད་དམིགས་ཀྱིས་ནོར་བ་འཁྲུལ་སེལ་དང་ཞེ་ཚིག་གི་འཇུག་ཡུལ་ཐད་ལ་གཟབ་དགོས་པའི་སྐོར་བསྟན་ཡོད་པ་ལྟ་བུ་ཡང་དཔྱད་རྩོམ་འདིའི་ཐུན་མིན་གྱི་ཁྱད་ཆོས་ཡིན།
3. ཟླ་བ་ཚེ་རིང་གི《ཡ་རབས་གུས་སྲོལ་གྱི་བརྡ་ཆད་མཚོན་སྙིང་ཞེ་སའི་རྣམ་བཤད་མཐོང་བ་དོན་ལྡན》 ཞེས་པ་རུ་ཞེ་ཚིག་ལ་མི་རིགས་ནང་ཁུལ་དུ་གྲལ་རིམ་གྱི་དབྱེ་བ་མེད་པར་ཐུན་མོང་གིས་སྤྱད་ཆོག་པས། གྲལ་རིམ་གྱི་སྐད་ཆར་བཞག་པར་མི་འཐུས་ཞེས་རང་གི་ལྟ་བ་བཏོན་པ་ནི་དཔྱད་རྩོམ་འདིའི་ཐུན་མིན་གྱི་ཁྱད་ཆོས་སུ་བརྩི་རིགས།
4. ཐར་བ་སྐྱབས་ཀྱི《བོད་སྐད་ཀྱི་ཞེ་ཚིག་གི་སྦྱོར་བ་ལ་དཔྱད་པ》 ཞེས་པ་རུ་ཞེ་ས་དང་ཞེ་ཚིག་གི་ཁྱད་པར་ལ་སྔར་ལས་ལྷག་པའི་དབྱེ་བ་ཕྱེ་ནས། ཞེ་ས་ཞེས་པ་ནི་གུས་པ་བྱེད་པའི་ལུས་ཀྱི་རྣམ་འགྱུར་རམ་བྱ་སྤྱོད་ཅིག་ལ་གོ་བ་བསྟན་པ་དང་། ཞེ་ཚིག་གི་གདགས་གཞི་གཙོ་བོ་མིའི་ལུས་ངག་ཡིད་གསུམ་དང་། དེ་དང་དེའི་བྱ་སྤྱོད་ཀྱང་སྟེ་ཞེས་ཞེ་ས་དང་ཞེ་ཚིག་གི་ཁྱད་པར་བསྟན་པ་ནི་རྩོམ་འདིའི་ཐུན་མིན་གྱི་ཁྱད་ཆོས་ཡིན།
བཞི་པ། ཞེ་ཚིག་དང་འབྲེལ་བའི་སྐོར་གྱི་བསམ་གཞིག
བོད་སྐད་ཀྱི་ཞེ་ཚིག་ཞིབ་འཇུག་གི་དཔྱད་འབྲས་དག་ལ་གཞིགས་ཚེ་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་ནའང་། ད་དུང་དཔྱད་དགོས་པའི་ཕྱོགས་མང་པོ་ཡོད་དེ། བཙན་པོའི་རྒྱལ་རབས་སྐབས་སུ་ཞེ་ཚིག་སྤྱོད་ཀྱིན་པ་ནི་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ལས་དངོས་སུ་མཐོང་ཐུབ། འདིའི་སྐོར་ནས་མུ་མཐུད་དུ་ཞིབ་འཇུག་བགྱིས་ཏེ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཞེ་ཚིག་གི་གནས་བབ་ཅི་འདྲ་ཞིག་ཡིན་པ་གསལ་སྟོན་དང་ད་ལྟ་ང་ཚོས་སྤྱོད་བཞིན་པའི་ཞེ་ཚིག་གཉིས་བར་ཧེ་བག་དང་འགྱུར་བ་ཇི་ལྟར་བྱུང་ཡོད་པ་ལོ་རྒྱུས་ཀྱི་མཐོང་སྣེ་ནས་ཞེ་ཚིག་གི་འགྱུར་བར་དཔྱད་པ་བྱས་ཆོག ད་དུང་ཞེ་ཚིག་འདི་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་སྐད་ཆའི་སྦྱོར་བར་སྤྱོད་པའི་སྐབས་སུ་ཁྱད་པར་ཆེན་པོ་ཞིག་ཡོད་དེ། ལྷ་ས་རུ་ཞེ་ཚིག་གི་སྤྱོད་སྒོ་ཕུན་སུམ་ཚོགས་ཤིང་། ཨ་མདོའི་ཞེ་ཚིག་གི་གནས་བབ་ལྷ་ས་དང་བསྡུར་ཚེ་སྤྱོད་སྒོ་ཉུང་ལ་རྒྱུགས་མི་ཆེ་བས། འདིར་རྒྱུ་རྐྱེན་ནམ་རྒྱུ་འབྲས་ཀྱི་གནས་ལུགས་ཤིག་འཚོལ་དུ་ཡོད་ལ། འདིའི་སྐོར་ནས་ད་ལྟའི་བར་དུ་དཔྱད་པ་ཉུང་བ་དང་། ལྷག་པར་ལྷ་སའི་ཞེ་ཚིག་གི་གནས་བབ་ལ་གཞིགས་ནས་ཞེ་ཚིག་ནི་གྲལ་རིམ་གྱིས་སྐད་ཆར་བཞག་པའི་བག་ཆགས་ཤིག་ཡིན་པ་མང་པོས་བསྒྲུབས་ཡོད་མོད། འོན་ཀྱང་འགའ་ཞིག་ལྟ་བ་འདིར་འཐད་དུ་མེད་པས། འདིའི་སྐོར་ནས་མུ་མཐུད་དུ་བྲིས་ཏེ་ཞེ་ཚིག་སྐོར་གྱི་དཔྱད་རྩོམ་ཕུན་སུམ་ཚོགས་པར་བཏང་ཆོག ཡང་ས་ཆ་ལ་ལར་ཞེ་ཚིག་གི་འཇུག་ཡུལ་ཐད་ལ་འགྱུར་བ་བྱུང་ཡོད་ལ། ཁམས་ཕྱོགས་སུ་ཕྱུགས་རིགས་ལ་ཞེ་ཚིག་སྤྱོད་ཀྱིན་པའི་གནས་ཚུལ་ཡོད་པ་དང་། དབུས་ཕྱོགས་སུ་ཕ་མས་བུ་ཕྲུག་ལ་ཞེ་ཚིག་སྦྱོར་བ་སོགས་ནི་བསམ་བློ་བགྱི་དགོས་པའི་གནད་ཅིག་ཡིན་ལ། ཞེ་ཚིག་གི་འཕེལ་རིམ་དག་ལ་གཞིགས་ཚེ་ཞེ་ཚིག་ནི་འོག་རིམ་ནས་གོང་རིམ་དང་། ཡང་ན་ཆུང་བས་ཆེ་བར་བཀུར་བསྟི་མཚོན་པའི་སྐད་ཆའི་རིག་གནས་ཤིག་ཡིན་པས། ཞེ་ཚིག་གི་མིང་བརྡས་མཚོན་པའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སེམས་ཁམས་ཀྱིས་གྲུབ་པའི་རིག་གནས་དེ་ཡང་སྲུང་སྐྱོབ་གང་ལེགས་བྱ་རྒྱུ་ནི་གལ་ཆེ་བར་སྙམ་མོ། །
* དབང་གྲགས་རྡོ་རྗེ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང2020ལོའི་བོད་ཀྱི་ཡུལ་སྐད་དང་སྤྱི་ཚོགས་སྐད་བརྡ་རིག་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1