《མཁས་པའི་དགའ་སྟོན》དང《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་བཀོད་པའི་བཙན་པོའི་རྒྱལ་རབས་སྐོར་གྱི་ལོ་རྒྱུས་བསྡུར་དཔྱད།

ཕག་མོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] 《མཁས་པའི་དགའ་སྟོན》དང《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》གཉིས་སུ་བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་རྩ་ཆེ་བ་གང་མང་བཀོད་ཡོད་ཀྱང་། རྩོམ་པ་པོ་གཉིས་ཀྱི་འཚོ་གནས་ཁོར་ཡུག་དང་སྤྱི་ཚོགས་རྒྱབ་ལྗོངས་ལོ་རྒྱུས་ལ་དཔྱོད་སྟངས་མི་མཚུངས་པའི་དབང་གིས། བཙན་པོའི་རྒྱལ་རབས་སྐོར་གྱི་ལོ་རྒྱུས་ཞིབ་འབྲི་གནང་བར་མཚུངས་མིན་ཅི་རིགས་མཆིས། དེ་ལ་མི་མཐུན་པའི་ཆ་རྣམས་དམིགས་བཀར་གྱིས་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ དེ་མིན་ཕྱིས་ཀྱི་ཆོས་འབྱུང་ལོ་རྒྱུས་ཡིག་ཚང་དག་གཞིར་བཟུང་ནས་རགས་ཙམ་དཔྱད་ཚེ། ལོ་རྒྱུས་ཀྱི་དོན་དངོས་ཁག་ཅིག་ཀྱང་ཞར་ལ་ངེས་པར་འགྱུར་རོ། །

[གནད་ཚིག] མཁས་པའི་དགའ་སྟོན། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། རྒྱལ་རབས་ལོ་རྒྱུས། དཔྱད་བསྡུར།

གླེང་གཞི།

དུས་སྐབས་སོ་སོའི་ལོ་རྒྱུས་ལ་རྒྱུས་མངའ་དང་ཤེས་རྟོགས་དགོས་ཚེ། ངེས་པར་སྐབས་དེའི་ལོ་རྒྱུས་ཡིག་ཚང་དག་གཞིར་བཟུང་དགོས། བོད་ཀྱི་གནའ་རབས་ལོ་རྒྱུས་དང་ལྷག་པར་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དག་གསལ་བོར་རྟོགས་དགོས་ན། རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་ལ་གཞི་བཅོལ་དགོས་པ་སྨོས་མ་དགོས་མོད། འོན་ཀྱང་ཡིག་རྙིང་འདི་དག་ཁོ་ནས་སྐབས་དེའི་རིག་གནས་དང་ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་སྒྲིག་གཞི་སོགས་རེ་རེ་བཞིན་ཁ་གསལ་བཟོ་མི་ནུས་པས། ཕྱིས་ཀྱི་ཆོས་འབྱུང་དང་དེབ་ཐེར། རྒྱལ་རབས་སོགས་ལོ་རྒྱུས་ཡིག་ཚང་མང་པོར་ཁུངས་བཅོལ་ཏེ་ལོ་རྒྱུས་སྔོག་འདོན་བྱེད་དགོས།དུས་རབས་བཅུ་གཅིག་ཚུན་ལ་བརྩམས་པའི་ལོ་རྒྱུས་ཡིག་ཚང་དག་གི་རྩོམ་པ་པོ་ཕལ་ཆེ་བ་ནི་ཆོས་ལུགས་པ་ཡིན་པས། ཁོང་རྣམས་ཀྱིས་ཆོས་འབྱུང་ལོ་རྒྱུས་གཙོར་བྱས་ནས་བྲིས་ཡོད། དེར་བརྟེན། ཡིག་ཚང་དེ་དག་ཕན་ཚུན་དཔྱད་བསྡུར་བྱེད་པ་དང་། ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ་སོགས་ལ་ཁུངས་བཅོལ་རྒྱུ་གནད་གཙོ་བོར་གྱུར་ཡོད། དཔྱད་རྩོམ་འདིར《མཁས་པའི་དགའ་སྟོན》དང《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》གཉིས་སུ་བཙན་པོའི་རྒྱལ་རབས་སྐོར་བཀོད་པའི་ཚུལ་ཕན་ཚུན་བསྡུར་བ་ལ། དོན་ཚན་གསུམ་གྱི་སྒོ་ནས་འཆད་པར་བྱ་སྟེ།

དང་པོ། ཡིག་ཚང་གཉིས་སྤྱི་ལྡོག་ནས་གླེང་བ།

དཔའ་བོ་གཙུག་ལག་ཕྲེང་བ(1504-1566)ནི་སྤྱི་ལོ་དུས་རབས་བཅུ་དྲུག་པའི་ནང་བྱོན་པ་དང་། རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ(1617-1682)ནི་དུས་རབས་བཅུ་བདུན་པའི་ནང་བྱོན་པའི་ལོ་རྒྱུས་སྨྲ་བ་ཞིག་ལགས། ཁོང་གཉིས་དུས་རབས་གཉིས་ཀྱི་སྔ་ཕྱིར་བྱོན་པའི་བོད་ཀྱི་གལ་ཆེའི་མི་སྣ་གཉིས་ཡིན་པ་རྟོགས་ཐུབ།ཡིག་ཚང་གཉིས་སུ་རྩོམ་པ་པོ་སོ་སོའི་བསམ་བློ་སྤྱི་དང་སྒོས་སུ་ལོ་རྒྱུས་རིག་པའི་ལྟ་བ་དང་ལོ་རྒྱུས་དཔྱད་བརྗོད་ཀྱི་ཐབས་ལམ། ལོ་རྒྱུས་རིག་གཞུང་སོགས་ལ་རང་རང་གི་ཁྱད་ཆོས་ལྡན། དེ་བཞིན། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནི་རྗེས་སུ་བྱུང་བ་ཡིན་སྟབས། དེར《མཁས་པའི་དགའ་སྟོན》གྱི་ལོ་རྒྱུས་ལྟ་བར་དཔྱད་བརྗོད་མང་དུ་གནང་ཡོད་ཅིང་། དེ་ནི་ཏག་ཏག་ང་ཚོས་དཔྱད་ཞིབ་བྱེད་དགོས་པའི་གནད་ཅིག་ཏུ་ཆགས་ཡོད།《ཆོས་འབྱུང་མཁས་པའི་དགའ་སྟོན》གྱི་མིང་ཆ་ཚང་ལ《དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན》ཞེས་བྱ་ཞིང་། སྐབས་རེར《ལྷོ་བྲག་ཆོས་འབྱུང》ཞེས་ཀྱང་འབོད། དཔའ་བོ་གཙུག་ལག་ཕྲེང་བས་རབ་བྱུང་དགུ་པའི་ཤིང་སྦྲུལ་ཏེ་སྤྱི་ལོ1545ལོར་འབྲི་མགོ་བརྩམས་ཤིང་། སྤྱི་ལོ1564ལོར་རྫོགས་པར་གྲུབ་པ་ཞིག་རེད། ཡིག་ཚང་འདིས་ཕྱིས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། ལུང་ཁུངས་བཙུན་ལ་རྒྱུ་ཆ་བེད་སྤྱོད་དང་དབྱེ་ཞིབ་བྱས་པ་གནད་ལ་འཁེལ་ཞིང་ནང་དོན་རྒྱ་ཆེ། ལྷག་པར་བཙན་པོའི་རྒྱལ་རབས་སྐོར་བཀོད་པའི་སྡེ་ཚན་དེར་མཚོན་ན། རྩོམ་པ་པོས་ཡུན་རིང་འཚོལ་སྡུད་བྱས་བའི་བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་རྒྱུ་ཆ་མང་པོ་ལུང་དུ་དྲངས་ཡོད་པ་དང་། ལོ་རྒྱུས་ཡིག་ཚང་གཞན་ལས་ཁུངས་བཙུན་ཞིང་གནད་འདུས་པའི་ཁྱད་ཆོས་འཛོམས་པས། བྱུང་མ་ཐག་པ་ནས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དོ། ། ལོ་རྒྱུས་བསྟན་བཅོས་འདིའི་སྟོད་ཆ་བཙན་པོའི་རྒྱལ་རབས་ཀྱི་སྲིད་ལུགས་ལོ་རྒྱུས་དང་། སྨད་ཆ་ཆོས་ལུགས་ལོ་རྒྱུས་སུ་བྱས་པས་ཀྱང་། ལོ་རྒྱུས་རྩོམ་འབྲིའི་ལྟ་དགོངས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་ལོ་རྒྱུས་འབྲི་ཐབས་སྤྱད་པའི་རྣམ་པ་མཚོན་འདུག་སྙམ་མོ། །

ཡིག་ཚང་འདི་ནི་བོད་ཀྱི་ལོ་རྒྱུས་རིག་གཞུང་འཕེལ་རྒྱས་སྟེང་གི་བསྟན་བཅོས་གྲགས་ཅན་ཞིག་ཡིན་ལ། རྩོམ་པ་པོའི་བསམ་བློའི་དགོངས་དོན་མཚོན་བྱེད་ཀྱི་ལོ་རྒྱུས་རིག་པའི་ལྟ་བ་དང་ལོ་རྒྱུས་དཔྱད་བརྗོད་ཀྱི་ཐབས་ལམ་ཡང་མི་ཉུང་བ་མཆིས། བསྟན་བཅོས་འདིའི་པར་གཞི་ལ་ད་ལྟ་རྙེད་དུ་ཡོད་པའི་ལྷོ་བྲག་གི་པར་གཞི་དང་སྡེ་དགེའི་པར་གཞི་གཉིས་དང། དམངས་ཁྲོད་དུ་ལག་སོན་བྱུང་བའི་པར་གཞི་འགའ་ཡང་ཡོད་པར་བཤད། མི་རིགས་དཔེ་སྐྲུན་ཁང་གིི་སྤྱི་ལོ2006ལོའི་ལྕགས་པར་མ་དེ་ནི། དེ་སྔ་སྤྱི་ལོ1985ལོར་ལྕགས་པར་དུ་བཏབ་པ་ཉིད་གཞིར་བཟུང་ནས་བསྒྲིགས་པ་ཡིན་ཞིང་། ལྕགས་པར་མ་སྔོན་མ་དེའང་ལྷོ་བྲག་པར་གཞི་གཞིར་བཞག་གིས་པར་སྐྲུན་བྱས་པ་ཞིག་རེད།《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཀྱི་མིང་ཆ་ཚང་ལ《གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཞེས་བྱ་ཞིང་། སྤྱི་ལོ1643ལོར་བརྩམས་ནས་གྲུབ་པ་ཡིན་ལ། རྒྱལ་དབང་ལྔ་པའི་ལོ་རྒྱུས་བསྟན་བཅོས་ཆེས་གཙོ་བོ་དེ་ཡིན་པར་གྲགས།“བསྟན་བཅོས་འདི་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་འཕེལ་རིམ་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ལ།འདིར་བརྗོད་གཞིར་གྱུར་པའི་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ངོས་ནས་གླེང་ནའང་། འདི་དང་འགྲན་ཕོད་པ་དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལྟ་བུ་ཡིག་ཚང་ཉུང་ཤས་ལས་མེད།”①ཅེས་གདེང་འཇོག་གནང་འདུག 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཀྱི་སྒྲིག་གཞིའི་ཐད་ནས་རྒྱལ་རབས་ལོ་རྒྱུས་གཙོར་བྱས་ནས་མཛད་ཡོད་པ་དང་། རྩོམ་ལུས་ཧྲིལ་བོའི་ཐད་ནས་ཆོས་འབྱུང་ལོ་རྒྱུས་ཀྱི་རྣམ་པ་མངོན་དུ་གསལ་ལ། གྲུབ་མཐའ་འདྲ་མིན་དང་སྐབས་དེའི་དབུས་གཙང་གི་ཁྱིམ་རྒྱུད་དྲག་གྲས་སྐོར་གྱི་ལོ་རྒྱུས་ཀྱང་རབ་ཅིག་ཐོན་འདུག་པས། དེབ་ཐེར་གྱི་ཁྱད་ཆོས་ཡོངས་སུ་ཚང་བ་ཞིག་གོ །

གཉིས་པ། བཙན་པོའི་རྒྱལ་རབས་སྐོར་གྱི་བཞེད་པ་མི་མཐུན་པ།

དེ་ལ་འདིར་གོང་སྨོས་ཡིག་ཚང་གཉིས་པོར་བཙན་པོའི་རྒྱལ་རབས་ལོ་རྒྱུས་སྐོར་གྱི་བཞེད་པ་མི་མཐུན་པར་གང་དག་ཡོད་ཅེ་ན། གཤམ་དུ་གལ་ཆེའི་ནང་དོན་ཁག་འགོད་པར་བྱ་སྟེ། གནམ་གྱི་ཁྲི་བདུན་སྐོར་གྱི་ལོ་རྒྱུས་འགོད་སྐབས། 《མཁས་པའི་དགའ་སྟོན》ལས“ཉིན་བཞིན་སར་བྱོན་མཚན་བཞིན་མཁའ་ལ་གཤེགས། ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས། གྲོངས་ཀྱི་བང་སོ་གནམ་ལ་བཏབ་ཅེས་གྲག”②ཅེས་ཁྲི་བདུན་བང་སོ་གནམ་ལ་བཏབ་པར་བཤད་པ་དེ《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་མི་གསལ་ཞིང་། སྤུ་རྒྱལ་གདུང་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྐོར་འགོད་སྐབས་མཚན་ལོག་པར་བཏགས་ཏེ་གྲི་གུམ་བཙན་པོར་གསོལ་ཚུལ་འདི《མཁས་པའི་དགའ་སྟོན》③དུ་གསལ་ནའང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》④སུ་བཀོད་མེད།དེ་ནས་ཁྲི་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་ཡས་མས་ཀྱི་ལོ་རྒྱུས་འགོད་སྐབས། 《མཁས་པའི་དགའ་སྟོན》དུ་བཙན་པོ་སྲོང་བཙན་སྒམ་པོ“མེ་མོ་གླང་ལོ་རྒྱུ་སྐར་རྒྱལ་གྱི་ཚེ། བོད་ཡུལ་ཕོ་བྲང་མི་འགྱུར་དུ”⑤འཁྲུངས་པར་བཤད་ནའང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“ས་མོ་གླང་གི་ལོ་ལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས”⑥ཞེས་གསལ་ཞིང་། 《མཁས་པའི་དགའ་སྟོན》དུ་བཙན་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བཙུན་མོ་ཀོང་ཇོས“ལྕགས་ཕོ་རྟ་ལ་སྤྲུལ་བའི་རྒྱལ་བུ་བལྟམས”⑦ཞེས་བཀོད་པ་ལ། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“ཡུམ་ཀོང་ཇོ་གཉིས་ཀྱི་སྲས་སུ་ཆུ་རྟའི་ལོ་ཕོ་བྲང་བྲག་དམར་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་བལྟམས”①ཞེས་བྱུང་། ཡང《མཁས་པའི་དགའ་སྟོན》དུ“དཀོན་མཆོག་གསུམ་གྱི་ཕོ་བྲང་དེ་ཡོས་བུའི་ལོ་ལ་རྨང་བྲུས་ནས་ཡོས་བུའི་ལོ་ལ་འབྱོངས་པ་ལགས་སོ”②ཞེས་བསམ་ཡས་གཙུག་ལག་ཁང་ཡོས་བུའི་ལོ་ལ་བཞེངས་ཚུལ་གསལ་མོད། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“ཆུ་ཕོ་སྟག་གི་ལོ་ལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིངས། མེ་ཕོ་རྟའི་ལོ་ལ་རྫོགས་པར་གྲུབ།”③ཅེས་ཆུ་ཕོ་སྟག་གི་ལོ་ལ་བཞེངས་ལུགས་གསལ།ཁྲི་སྲོང་ལྡེ་བཙན་ནས་བཟུང་བའི་ལོ་རྒྱུས་སྐོར་ལ།《མཁས་པའི་དགའ་སྟོན》དུ་བཙན་པོ་མུ་ནེ་བཙན་པོས“རྒྱལ་སྲིད་ལོ་གཅིག་དང་ཟླ་དགུ་སྲིད་མཛད་ཡུམ་གྱིས་བཀྲོངས།”④ཞེས་བྱུང་བར། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“རྒྱལ་སྲིད་མཛད་ནས་ལོ་གཅིག་ཟླ་བདུན་ལ་ཡུམ་གྱིས་དུག་བཏང་ནས་གྲོངས”⑤ཞེས་བཀོད་ཅིང་།《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“འབྲིང་བོ་མུ་རུག་བཙན་པོས་ཞང་བསད་པས་བློན་པོ་འགོས་ཀྱིས་ཞལ་ལྕེ་འདར་གསུམ་དང་དགའ་གསུམ་བཅད་དེ་སྤྱུགས”⑥ཞེས་པ་དེར། 《མཁས་པའི་དགའ་སྟོན》དུ“མུ་ཏིག་བཙན་པོ་ཡིས། ཞང་བློན་དབུ་རིངས་བསད་པས་བྱང་དུ་སྤྱུགས། མགོས་ཀྱིས་ཞལ་ལྕེ་དགའ་གསུམ་བྱ་བ་བཅད།”⑦ཅེས་བྱུང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“བཙན་པོ་མུ་ཏིག་བཙན་པོ་ལ་སྲས་གཙང་མ་དང་ལྷ་རྗེ། ལྷུན་གྲུབ།དར་མ། རལ་བ་ཅན”⑧དང་ལྔ་བྱུང་བར་བཤད་པ་ཡང་།《མཁས་པའི་དགའ་སྟོན》དུ“བཙན་པོ་ཁྲི་ལྡེ་སྲོང་བཙན་ལ་སྲས་ལྔ་སྟེ་ལྷ་སྲས་གཙང་མ་དང་ཁྲི་གཙུག་ལྡེ་བཙན་རལ་བ་ཅན། ཁྲི་དར་མ་ཨུ་དུམ་བཙན། ལྷ་རྗེ།ལྷུན་གྲུབ།”⑨བཅས་ལྔ་ཡོད་ཚུལ་མཐུན་མོད་གོ་རིམ་མི་མཐུན་པར་བཀོད་འདུག་པ་བཞིན་ནོ། ། ཡང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 སུ་བཙན་པོ་ཁྲི་རལ་བ་ཅན“ཆུ་མོ་བྱའི་ལོ་ལ་སྦས་སྟག་སྣ་སོགས་སྡིག་བློན་རྣམས་ཀྱིས་ཞལ་ལྟག་པར་གཅུས་ཏེ་བཀྲོངས་ནས་བང་སོ་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་སོ། །”⑩ཞེས་གསལ་ནའང་། 《མཁས་པའི་དགའ་སྟོན》དུ་བཙན་པོ“ལྕགས་མོ་བྱའི་ལོ་ལ་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་གཟིམས་པ་དབའས་སྟག་སྣ་ཅན་དང་ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་ཏེ་སྡིག་བློན་གསུམ་གྱིས་དབུ་ལྟག་ཏུ་བསྐོར་ནས་བཀྲོངས་སོ། །”ཞེས་ཅུང་མི་མཐུན་པར་བཀོད་འདུག།ཡིག་ཚང་གཉིས་སུ་སྔ་རབས་ལོ་རྒྱུས་སྐོར་ལ་མི་མཐུན་པའི་ཆ་ཅུང་ཟད་མཆིས་ནའང་། འདིར་བཙན་པོའི་རྒྱལ་རབས་བརྗོད་གཞིར་བཟུང་ཞིང་། དེ་ལས་ཀྱང་གཙོ་གནད་ཁག་ཅིག་དམིགས་སུ་བཀར་ནས་གླེང་བ་ཡིན་ནོ། །

གསུམ་པ། ཡིག་རྙིང་དང་འབྲེལ་བའི་བསྡུར་དཔྱད།

ཡིག་ཚང་གཉིས་ཀྱི་མི་མཐུན་པའི་སྐོར་ནི། བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་འཆད་པ་ལ་གནད་འགག་ཏུ་གྱུར་ཡོད་པས། ཏུན་ཧོང་ཡིག་རྙིང་དང་ཡིག་ཆ་ཁུངས་བཙུན་གཞན་དང་བསྡུར་ནས་དཔྱད་ཚེ་ལོ་རྒྱུས་ཀྱི་གནད་གཞི་ཁག་ཅིག་ཁ་གསལ་དུ་འགྲོ་ངེས། གཤམ་དུ་དེའི་སྐོར་ལ་དབྱེ་ཞིབ་ཅིག་བྱ།དེ་ཡང་གནམ་གྱི་ཁྲི་བདུན་གྱི་བཤད་སྲོལ་ནི་བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ལས་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་ལ། དེའི་སྐོར་གོང་སྨོས་ཡིག་ཚང་གཉིས་པོར་བྱུང་ཚུལ་ལས་འཕྲོས་ཏེ་དཔྱད་བསྡུར་བྱས་ན་འདི་ལྟ་སྟེ། 《མཁས་པའི་དགའ་སྟོན》ལས“ཉིན་བཞིན་སར་བྱོན་མཚན་བཞིན་མཁའ་ལ་གཤེགས། ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས། གྲོངས་ཀྱི་བང་སོ་གནམ་ལ་བཏབ་ཅེས་གྲག”①ཅེས་བྱུང་བ་ནི་ཏུན་ཧོང་ཡིག་རྙིངP.T.1287《འོ་ལྡེ་སྤུ་རྒྱལ་པའི་གདུང་རབས་རིམ་བྱོན》ལས“འདྀ་ཡན་ཆད་འདྲའ་སྟེ། སྲས་ཆྀབས་ཁ་ཐུབ་ན། ཡབ་དགུང་དུ་གཤེགས་སོ། །”②ཞེས་བྱུང་བ་དང་ཞིབ་བརྗོད་བྱེད་སྟངས་ཀྱི་ཚིག་གི་རྒྱས་བསྡུས་ཙམ་མ་གཏོགས་དོན་གྱི་འབབ་ས་གཅིག་ཡིན་ལ། ལོ་རྒྱུས་རིག་པའི་གཞུང་ལུགས་ཀྱི་ངོས་ནས་བརྗོད་ན། རྒྱུ་ཆ་གདམ་གསེས་དང་དཔྱད་ཞིབ། བེད་སྤྱོད་གནང་བའི་ཆུ་ཚད་ཀྱིས་རྩོམ་པ་པོའི་ལོ་རྒྱུས་ཞིབ་བརྗོད་ཁུངས་བཙུན་མིན་ཤེས་ནུས་པ་ཡིན་པས། འདིར་བྱུང་བ་ཡང་དེ་ལྟར་རོ། ། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་འདིའི་སྐོར་འགོད་སྐབས་རྨུ་ཐག་ལ་བརྟེན་ནས་མཁའ་ལ་ཡལ་བས་བང་སོ་མེད་ཅེས་པ་ཙམ་ལས་བང་སོ་གནམ་ལ་བཏབ་ཚུལ་དང་མཚན་བཞིན་མཁའ་ལ་བྱོན་པ་སོགས་ཟུར་ཙམ་ཡང་མ་སྨོས་པས་སོ། །

གྲི་གུམ་བཙན་པོའི་མཚན་གསོལ་ཚུལ《མཁས་པའི་དགའ་སྟོན》③དུ་ཅུང་ཟད་གསལ་བོར་བཀོད་པ་བཞིན། ཏུན་ཧོང་ཡིག་རྙིངP.T.1287ལས་ཀྱང“དྲྀ་གུམ་བཙན་པའི་མཚན་ཇྀར་གདགས་ཤེས། མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན། མ་མ་འྀ་མཆིད་ནས་སྐྱི་བྲག་མར་བ་ནྀ་རྙིལ་ཏམ་མ་རྙིལ། དང་མ་འབྲི་སྤངས་ནྀ་མྱེས་ཚིག་གམ་མ་ཚིག། མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམས་ཤེས་མཆི། བྲག་མ་རྙིལ། མཚོ་ཡང་མ་སྐམ། སྤང་ཡང་མྱེས་མ་ཚིག་ཅེས་བགྱིསྣ། མ་མ་གྲོ་ཞ་མ། རྒས་ནས་རྣ་ལོག་པར་ཐོས་སྟེ། བྲག་ཀྱང་རྙིལ། སྤང་ཡང་མྱེས་ཚིག མཚོ་ཡང་སྐམས་ཤེས་ཐོས་ནས། འོན་ཏང་ཆུ་དགུན་སྲི་དགུན་གྱིས། དྲྀ་གུམ་བཙན་པོར་མཚན་ཐོགས་ཤིག་ཅེས་མཆི།”④ཞེས་པ་ཞིག་བྱུང་། ཞིབ་ཏུ་བསྡུར་ཚེ། དཔའ་བོ་གཙུག་ཕྲེང་གི་བརྗོད་སྲོལ་འདི་བྱེ་བྲག་གི་བརྗོད་སྲོལ་ཙམ་མ་གཏོགས་བཙན་པོའི་རྒྱལ་རབས་སྐབས་ཀྱི་བཤད་ལུགས་དང་ཧ་ལམ་མཚུངས་ཤིང་། དེའང་ཅུང་ཟད་སྔ་དུས་ཀྱི་གྲི་གུམ་བཙན་པོའི་སྐོར་གྱི་ལོ་རྒྱུས་ཞིབ་བརྗོད་བྱེད་སྟངས་ཤིག་ཡིན་པ་རྟོགས་ཐུབ། ཡིན་ནའང་། ལྷོ་བྲག་དཔའ་བོས“དྲི”དེ“གྲི”རུ་བཅོས་པ་ནི་གནའ་བོའི་ཆོས་ལུགས་སྲོལ་ཀའི་འདུ་ཤེས་འགྱུར་བའི་ཚུལ་བསྟན་པ་ལས་སྒེར་ངོས་ནས་བཅོས་པ་ཞིག་ཏུ་མི་འདོད་དེ། སྔོན་གྱི་དུས་སུ་དྲི་ནི་གྲིབ་བམ་འདྲེ་སྲིན་གྱི་རིགས་ལ་གོ་བ་ལེན་བཞིན་ཡོད་ཅིང་།⑤ གནའ་བོའི་གཤིན་འདུར་གྱི་ཆོ་ག་མཚོན་པའི《རྣེལ་དྲྀ་འདུལ་བའི་ཐབས》⑥ལྟ་བུའང་ཡོད་པས་མཚོན། དྲི་གུམ་བཙན་པོ་ཞེས་པ་དྲིས་གུམ་ནས་ཚེ་སྟོང་བར་བྱེད་པའི་བཙན་པོ་ཞེས་པའི་དོན་ནོ། ། དེ་བས། རིམ་གྱིས་གནའ་བོའི་དྲི་འདུལ་གྱི་ཆོ་ག་ལྟ་བུ་དག་ཉམས་པར་གྱུར་པ་ལས་དྲི་ཡང་གྲི་རུ་བཅོས་ཏེ་མཚོན་ངོགས་ནས་གྲོང་ངེས་པའི་བཤད་ལུགས་ལ་བརྗེ་བ་ཞིག་ཡིན་སྲིད་དོ། ། འདི་དང་འདི་ལྟ་བུའི་ལོ་རྒྱུས་འགོད་སྲོལ་ནི་དཔའ་བོ་གཙུག་ཕྲེང་གི་བསྟན་བཅོས་སུ་འགའ་རེ་ཡོད་པ་ལས། ཁོང་གིས་ལོ་རྒྱུས་ཡིག་རིགས་རྙིང་བ་དང་རྡོ་རིང་ཡི་གེ་སོགས་ལ་ཁུངས་མཛད་བཞིན་པ་ཤེས་ཤིང་། ཡིག་རྙིང་རྒྱུ་ཆར་དང་དོད་ཆེན་པོ་བྱེད་བཞིན་པ་མཐོང་ཐུབ།ཁྲི་སྲོང་བཙན་གྱི་འཁྲུངས་ལོའི་སྐོར་ལ་མཚོན་ན།ཡིག་ཚང་གཉིས་སུ་གླང་ལོར་འཁྲུངས་པར་བཞེད་ནའང་།
མེ་མོ་གླང་དང་ས་མོ་གླང་ཞེས་བྱེ་བྲག་གི་ལོ་ཚིགས་མི་མཐུན་པ་གཉིས་བྱུང་བར་བརྟེན། གང་ཡིན་ཐད་ཀར་ཁྲུན་ཐག་གཅོད་དཀའ་བར་གྱུར། མང་མང་གིས་མེ་གླང་སྟེ་སྤྱི་ལོ617ལོར་སྲོང་བཙན་འཁྲུངས་པར་འདོད་བཞིན་ཡོད་པས་དཔའ་བོ་གཙུག་ཕྲེང་ཞབས་ཀྱི་དགོངས་པ་དང་དུ་བླངས་མོད། དོན་ལ་ཏུན་ཧོང་ཡིག་རྙིང་སོགས་སུ་སྲོང་བཙན་ལ“མྱེས་ཁྲི་སྲོང་བཙན”①ཞེས་གསལ་བ་གཞིར་བཟུང་ཞིང་། ཁོང་སྐུ་མ་འདས་གོང་སྲས་རྒྱལ་སར་བཀོད་ནས་མ་འགོར་བར་འདས། སླར་ཡང་རྒྱལ་སར་བཞུགས་ཚུལ་ལོ་རྒྱུས་ཡིག་ཚང་ཁུངས་བཙུན་ལ་གྲགས་པ་སོགས་སྔ་ཕྱིའི་དོན་རྣམས་བསྡུར་དུས། ས་གླང་སྟེ་ལྔ་པ་ཆེན་མོས་བཞེད་པའི་སྤྱི་ལོ569ལོར་བྱས་ན་དོན་ལ་འབབ་བོ་སྙམ། དེ་ཡང་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་དུས་དགུང་ལོ་འགའ་ལས་སོན་མེད་པའི་བཙན་པོ་ཁྲི་ལྡེ་གཙུག་བརྟན་ལ་མེས་ཨག་ཚོམ་ཞེས་པའི་མཚན་གསོལ་བའི་གཏམ་རྒྱུད་སྦྱར་བ་འདི། ཕྱིས་ཀྱི་ལོ་རྒྱུས་མཁན་པོ་ཕལ་ཆེར་རྨོངས་པར་བྱས་ཏེ་དེ་བཞིན་གོ་བ་བླངས་ནའང་།གོང་ཞུས་བཞིན་བྱིས་པ་དགུང་ལོ་བཅུ་ལའང་མ་སོན་པ་དེར་མེས་ཀྱི་མཚན་མི་མཛའ་ཞིང་། ཁྲི་སྲོང་བཙན་དགུང་ལོ་མཐོན་པོར་སོན་ནས་སྤུ་རྒྱལ་བཙན་པོའི་ཆོ་ལོ་སྲས་གུང་སྲོང་ལ་སྤྲད་ནའང་ལོ་འགའི་རྗེས་གྲོངས་ནས་མེས་ཁྲི་སྲོང་བཙན་གྱིས་བསྐྱར་དུ་རྒྱལ་སྲིད་བསྐྱངས་པའི་རྣམ་པ་ལས། བཙན་པོ་འདི་གཉིས་ཀྱི་མིང་སྔ་ཕྱི་འཁྲུལ་ཏེ་ཁྲི་སྲོང་བཙན་ལ་འབངས་ཀྱིས་གསོལ་བའི་མཚན་མེས་ཨག་ཚོམ་ཁྲི་སྲོང་བཙན་ཞེས་པ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ལ་ནོར་བ་ཞིག་ཏུ་ངེས་སོ། །《མཁས་པའི་དགའ་སྟོན》དུ“བཙན་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བཙུན་མོ་ཀོང་ཇོར་ལྕགས་ཕོ་རྟའི་ལོར་ཁྲི་སྲོང་ལྡེ་བཙན་བལྟམས”② ཚུལ་བཤད་པ་ལ། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“ཆུ་རྟའི་ལོར་ཕོ་བྲང་བྲག་དམར་དུ་སྐུ་བལྟམས”③པར་འདོད་ཅིང་། ཚུལ་འདིར། ཏུན་ཧོང་གཏེར་ཡིག་གི་ཁྲི་ལྡེ་གཙུག་བརྟན་སྐབས་ཀྱི་རྒྱལ་རབས་ལོ་ཚིགས་ལས“ཡོས་བུའྀ་ལོ་ལ། བཙན་པོ་དབྱརད་ཆབ་སྲིད་ལ་བེག་དུ་གཤེགསྟེ། སྲས་ལྷ་བོན་དྲོན་ན་བཞུགས། བཞུགས་པ་ལས་ནོངས། བཙན་པོ་ཡབ་དགུན་བོད་ཡུལ་དུ་སླར་གཤེགས། བཙན་མོ་ཀྀམ་ཤེང་ཁོང་ཅོ་ནོངས་པར་ལོ་ཆིག”④ཅེས་བཙུན་མོ་ཀོང་ཇོ་ཡོས་བུའི་ལོ་སྟེ་སྤྱི་ལོ739ལོར་གཤེགས་པ་གསལ་ཞིང་།ཁྲི་སྲོང་ལྡེ་བཙན་དུས་ཀྱི་ལོ་ཚིགས་ལས“རྟའི་ལོ་ལ། བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ། ཡུམ་མང་མོ་རྗེ་ནོངས་ཕར་ལོ་གཆྀག”⑤ཅེས་སྲས་འདི་སྤྱི་ལོ742ལོར་སྐུ་བལྟམས་ཚུལ་ཁུངས་བཙུན་པར་ཐོན་པས། ཁོང་རྟའི་ལོར་འཁྲུངས་ཚུལ་ཐག་གིས་ཆོད་དོ་སྙམ། ཡིན་ནའང་། གོང་སྨོས་ཡིག་ཚང་གཉིས་པོར་ལྕགས་ཕོ་རྟ་དང་ཆུ་ཕོ་རྟ་ཞེས་མི་མཐུན་པར་བྱུང་བས། སྤྱི་ལོ742ལོ་ནི་ཆུ་རྟའི་ལོ་ཡིན་པས་ང་ཚོས་ལྔ་པ་ཆེན་མོའི་ལྟ་བ་དང་དུ་ལེན་པ་ལས་འོས་མེད་དོ། ། དེ་ལྟ་ནའང་། ཡིག་ཚང་གཉིས་པོས་མ་བགྲོས་རང་མཐུན་ངང་བཙན་པོ་ཀོང་ཇོར་འཁྲུངས་པར་བཞེད་པ་ནི་སྔ་རབས་མཁས་པ་ཕལ་མོ་ཆེའི་འདོད་དགོངས་དང་མཐུན་པར་བྱས་པ་ཞིག་ཡིན་སྲིད་ལ། སྲས་ཁྲི་སྲོང་ལྡེ་བཙན་ཡུམ་རྣམ་སྣང་བཟའ་ལ་འཁྲུངས་པའི་ལོ་རྒྱུས་བཀོད་མེད་པ་དཔྱད་པར་བྱ་བའི་གནས་སོ། །

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལོ་ཚིགས་ཀྱང་ཡིག་ཚང་གཉིས་པོ་སོ་སོར་ཡོས་བུའི་ལོ་དང་ཆུ་ཕོ་སྟག་གི་ལོ་ཞེས་མི་མཐུན་པ་གཉིས་བྱུང་བར། ཡོས་བུའི་ལོ་ལ་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཞིག་བྱུང་སྟེ་ལྕགས་ཡོས(སྤྱི་ལོ751)དང་ས་ཡོས(སྤྱི་ལོ799)ཞེས་གཙོ་ཆེར་ལྟ་བ་གཉིས་བྱུང་བ་ལ། འདིའི་ལྕགས་ཡོས་ལོ་སྟེ་སྤྱི་ལོ751ལོ་ནི་བཙན་པོ་འཁྲུངས་ནས་དགུང་ལོ་དགུ་མ་གཏོགས་སོན་མེད་པའི་སྐབས་སུ་འཁེལ་ཡོད་ཅིང་། ཡིག་ཚང་མང་པོར་བཙན་པོ་དགུང་ལོ་བཅུ་གསུམ་སྟེང་རྒྱལ་ཁྲིར་མངའ་གསོལ་བ་མཐུན་པས། འདིར་བཤད་པའི་ལྕགས་ཡོས་འདི་ནོར་རམ་སྙམ། དེ་བཞིན། ས་ཡོས་ཏེ་སྤྱི་ལོ799ལོ་ནི་བཙན་པོའི་འདས་ལོ་ཡིན་པ་ཡོངས་གྲགས་ཀྱིས་བདེན་པར་བཟུང་སྟབས། གོང་དུ་བཀོད་པ་བཞིན་འདིའི་ལོ་ལ་བསམ་ཡས་བཞེངས་ཞེས་གསུངས་པ་ནི་འགལ་འཁྲུལ་གྱི་ཆར་འཛིན་དགོས་བྱུང་ངོ་། ། དེ་ཡང་མཁས་པ་ལྡེའུ་ཇོ་སྲས་ཀྱིས་མཛད་པའི《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན》དུ“སྟག་གི་ལོ་ལ་རྨང་གཏིང་ནས་རྟའི་བར་གྱི་ལོ་ལྔས་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས།”①ཞེས་གསལ་ལ། འདི་ཉིད་ལྔ་པ་ཆེན་མོའི་ལོ་ཚིགས་དང་ཡང་མཐུན། དེ་ལ་སྟག་གི་ལོ་ནི་ཆུ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ762ལོ་དང་རྟའི་ལོ་ནི་མེ་ཕོ་རྟའི་ལོ་སྟེ་སྤྱི་ལོ766ལོ་ཡིན་པས། ལྔ་པ་ཆེན་མོའི་ལོ་རྒྱུས་ཀྱི་ལྟ་བ་འདི་དངོས་དོན་དང་ཆེས་ཐག་ཉེ་བ་དེའོ་སྙམ།

བཙན་པོ་མུ་ནེ་བཙན་པོས་ཆབ་སྲིད་བསྐྱངས་ཡུན་གྱི་ལོ་ཚིགས་ཐད་ཀྱི་མི་མཐུན་པའི་ཆ་དེར་ཅུང་ཟད་དཔྱད་ན། ལྡེའུ་ཇོ་སྲས་ཀྱིས་མཛད་པའི《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན》ལ་སྦྲགས་ནས་བལྟས་ཚེ“མུ་ནེ་བཙན་པོ་སྟག་ལོ་ལ་བྲག་དམར་ནང་དུ་སྐུ་འཁྲུངས་བཅོ་ལྔ་ལོན་ནས་རྒྱལ་སྲིད་བཞེངས་ཏེ་ལོ་གཅིག་དང་ཟླ་བ་དགུར་རྒྱལ་སྲིད་བཟུང་།”②ཞེས་འབྱུང་བས། སྐབས་འདིར་དཔའ་བོ་གཙུག་ལག་ཕྲེང་བའི་ལྟ་བ་དང་དུ་བླངས་ན་རབ་བོ་སྙམ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་མུ་ནེ་བཙན་པོས་སྲིད་བསྐྱངས་ཡུན་ལ་འདོད་ཚུལ་མི་མཐུན་པ་གསུམ་ཡོད་དེ། 789ལོ་ནས797ལོའི་བར་ལོ་བདུན་དང་ཟླ་བ་དགུར་སྲིད་བསྐྱངས་པ་དང་། 780ལོ་ནས797ལོའི་བར་ལོ་བཅུ་བདུན་དུ་སྲིད་བསྐྱངས་པ། 796ལོ་ནས797ལོའི་བར་ལོ་གཅིག་དང་ཟླ་བ་བདུན་ནམ་དགུར་སྲིད་བསྐྱངས་པ་བཅས་བྱུང་བ་ལ། འདོད་ཚུལ་དང་པོ་དང་གཉིས་པ་ཡབ་མ་གཤེགས་གོང་ཆབ་སྲིད་མུ་ནེ་བཙན་པོར་སྤྲད་ཅེས་པ་ལས་འཕེལ་ཏེ་འོངས་པ་ཡིན་ལ། འདོད་ཚུལ་གསུམ་པ་ནི་ད་གཟོད་ཡབ་གཤེགས་རྗེས་སྲས་མུ་ནེ་བཙན་པོས་དངོས་སུ་སྲིད་བསྐྱངས་པའི་དོན་དེར་གོ་བ་བླངས་པ་ཞིག་རེད།①ཞལ་ལྕེ་དགའ་གསུམ་འདར་གསུམ་བཅད་པའི་ལོ་རྒྱུས་སྐོར་འགོད་སྐབས《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་མུ་རུག་བཙན་པོས་ཞང་བསད་ཚུལ་བཤད་ཅིང་།②《མཁས་པའི་དགའ་སྟོན》དུ་མུ་ཏིག་བཙན་པོས་ཞང་བློན་དབུ་རིངས་བསད་པས་བྱང་དུ་སྤྱུགས③ཞེས་བྱུང་བ་གང་བདེན་སྙམ་ན། 《དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་དང་པོའི་ཡི་གེ》ལས“ངའྀ་ཞ་སྔ་ནས་ཀྱང་དབུ་སྙུང་གནང་། །
གཅེན་མུ་རུག་བཙན་དྔ། ཇོ་མོ་མཆེད་དྔ་རྒྱལ་ཕྲན་རྣམས་དང་། ཆབ་སྲིད་ཀྱི་བློན་པོ་མན་ཅད། ཞང་ལོན་ཆེ་ཕྲ་ཀུན་ཀྱང་མནས་བསྒག་སྟེ། གཙྀགས་གཡུང་དྲུང་དུ་གནང་ངོ།”④ཞེས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བན་དེ་མྱང་ཏིང་ངེ་འཛིན་བཟང་བོ་ལ་བཀའ་གཙིགས་གནང་བའི་རྡོ་རིང་ཡི་གེར་གཅེན་པོ་མུ་རུག་བཙན་པོ་ཞེས་མཚན་དངོས་སུ་ཐོན་ཡོད་སྟབས། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་བཀོད་པ་བདེན་པར་འཛིན་དགོས་སོ། །དེ་བཞིན་སྲས་ཆུང་བ་སད་ན་ལེགས་མཇིང་ཡོན་ཡིན་མིན་སྐོར་ཡང་ཡིག་ཚང་གཉིས་མི་མཐུན་ལ། 《དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ》དང་ལྡེའུ་ཇོ་སྲས་ཀྱིས་མཛད་པའི《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན》གཉིས་གཞིར་བཟུང་ཚེ། སད་ན་ལེགས་མཇིང་ཡོན་ནམ་ཁྲི་ལྡེ་སྲོང་ཁོང་སྲས་ཆུང་བ་ཡིན་དགོས་ཤིང་། སྲས་གསུམ་རིམ་པར་ཆེ་བ་མུ་ནེ་བཙན་པོ་དང་འབྲིང་བ་མུ་རུག་བཙན་པོ།ཆུང་བ་ཁྲི་ལྡེ་སྲོང་བཙན་བཅས་སུ་གོ་བ་བླངས་ན་འགྲིག་གོ་སྙམ། ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེར་མུ་ཏིག་བཙན་པོ་ཞེས་མཚན་ཟུར་ཙམ་ཡང་ཐོན་མེད་པར་དཔགས་ན། མུ་ཏིག་བཙན་པོ་ཞེས་པའི་མཚན་འདི་ནི་དུས་རབས་བཅུ་གཅིག་ཚུན་གྱི་ཡིག་ཚང་དག་གི་ནང་སྲས་འབྲིང་བ་མུ་རུག་བཙན་པོ་དང་ནོར་ནས་བྲིས་པ་ཞིག་ཡིན་ལོས་ཆེའོ་འདོད་ཅིང་། དེ་ལྟར་ན་དཔའ་བོ་གཙུག་ལག་ཕྲེང་བའི་ལྟ་བ་བདེན་པར་མཆིའོ། །ཡིག་ཚང་གཉིས་པོར་ཁྲི་ལྡེ་སྲོང་བཙན་ལ་སྲས་ལྔ་ཡོད་པ་མཐུན་ནའང་གོ་རིམ་མི་མཐུན་པར་བཀོད་ཡོད་པས།ཏུན་ཧོང་ཡིག་རྙིང་གཞིར་བཟུང་ནས་དཔྱད་རྒྱུ་འདི་ཡོད་དེ།P.T.1286པ་སྟེ《འོ་ལྡེ་སྤུ་རྒྱལ་བའི་གདུང་རབས་རིམ་བྱོན》ལས།“ཁྲི་གཙུག་ལྡེ་བརྩན་དང་འུ་འྀ་དུམ་བརྟན”⑤ཞེས་སྲས་གཉིས་ཀྱི་མཚན་མ་གཏོགས་མ་བྱུང་ཞིང་། དུས་རབས་བཅུ་གཅིག་ཚུན་གྱི་ཆོས་འབྱུང་ལོ་རྒྱུས་སུ། སྲས་ཕྱི་མ་གཉིས་ཆུང་དུས་ནས་འདས་པར་བཤད་པས། ཕྱིས་སུ་སྲོག་འཚོས་ནས་བཞུགས་པ་ལྷ་སྲས་གཙང་མ་དང་ཁྲི་གཙུག་ལྡེ་བཙན་རལ་བ་ཅན། ཁྲི་དར་མ་འུ་དུམ་བཙན་ཞེས་པ་གསུམ་ལས་མེད་དོ་འདོད་ཅིང་། ལྷ་སྲས་གཙང་མ་འདི་ཡོད་མེད་ཏུན་ཧོང་ཡིག་རྙིང་ལས་ཁ་ཚོན་གཅོད་དཀའ་ནའང་། ཁྲི་གཙུག་ལྡེ་བཙན་ཆེ་བ་དང་འུ་དུམ་བཙན་པོ་ཆུང་བ་ཡིན་ཚུལ་གསལ་ལེར་བྱུང་བས། དཔའ་བོ་གཙུག་ལག་ཕྲེང་བའི་ལུགས་འདི་དག་པར་བྱེད་དགོས་སོ། །《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་བཙན་པོ་ཁྲི་རལ་བ་ཅན་ཆུ་མོ་བྱའི་ལོར་སྦས་སྟག་སྣ་སོགས་སྡིག་བློན་རྣམས་ཀྱིས་བཀྲོངས་པར་བཤད་ནའང་།① 《མཁས་པའི་དགའ་སྟོན》དུ་བཙན་པོ་ལྕགས་མོ་བྱའི་ལོ་ལ་བཀྲོངས་②ཞེས་འཁོད། ལྡེའུ་ཇོ་སྲས་ཀྱིས་མཛད་པའི《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན》དུ“མཐར་སྐུ་ཚེ་བཞི་བཅུ་བཞེས་ནས་ལུག་ལོའི་སྟོན་ཁ་བསྒྲགས་ཀྱི་ཕུར་གྲོངས་བང་སོ་ནི་འཕྲུལ་གྱི་རྒྱལ་པོའི་མདུན་དུ་བྱས་ནས་མིང་རྒྱལ་ཆེན་འཕྲུལ་བཞེར་ཞེས་བྱའོ། །”③ཞེས་བཙན་པོ་ལུག་ལོར་བཀྲོངས་པར་ཡང་བཤད་ཅིང་། འདིའི་ལུག་ལོ་ནི་ས་ལུག་གི་ལོ་སྟེ་སྤྱི་ལོ839ལོ་ཡིན་དགོས། དེ་ལ《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག》དང《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས“ལྕགས་བྱའི་ལོ་སྤྱི་ལོ841ལོར་བཀྲོངས་པར་བཤད”ཅེས་ལྕགས་བྱའི་ལོ་འཐད་ལྡན་དུ་འཛིན་མོད། ལོ་རྒྱུས་མང་པོར་ས་ལུག་གི་ལོ་སྟེ་སྤྱི་ལོ839ལོ་གསལ་བས། ད་དུང་དཔྱད་དགོས་སོ། །

མཇུག་བསྡུ་བ།

དཔྱད་རྩོམ་ཐུང་ངུ་འདིར་ལོ་རྒྱུས་སྨྲ་བ་དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་བའི་དགའ་སྟོན》དང་། རྒྱལ་དབང་ལྔ་པ་ཆེན་མོའི《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》གཉིས་སུ་ལོ་རྒྱུས་མི་སྣ་དང་ལོ་ཚིགས། ལོ་རྒྱུས་དོན་རྐྱེན་སོགས་བརྗོད་གཞིར་བཟུང་ནས་གླེང་ཡོད་ལ། རང་གི་འདོད་ཚུལ་དང་བསྡོངས་ནས་དཔྱད་སྡོམ་རགས་པ་རེའང་བཀོད་ཡོད། ལོ་རྒྱུས་ཡིག་ཚང་འདི་གཉིས་སུ་དུས་རབས་བཅུ་གཅིག་ཚུན་གྱི་རྒྱུ་ཆ་དག་ལུང་དྲངས་པ་མང་བས། ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ་སོགས་དང་མཐུན་མི་མཐུན་ཅི་རིགས་བྱུང་ཞིང་། ཞིབ་ཏུ་བསྡུར་ན། འདི་བདེན་དེ་མིན་གྱི་སྡོམ་ཚིག་འགའ་ཞིག་ཡིད་ངོར་འཆར་ངེས་པ་ཕུད། ལོ་རྒྱུས་ཁག་ཅིག་གི་དོན་དངོས་ཀྱང་རྒྱང་ཐག་རིང་བའི་ཆའང་མཆིས་སོ་སྙམ། ཡིན་ནའང་། དེ་རྣམས་ནི་དུས་ཡུན་ཐུང་ངུའི་ནང་སྡོམ་ཚིག་སླ་མོར་འགོད་རྒྱུ་ཞིག་མིན་ཞིང་། རྒྱུ་ཆ་ཁུངས་བཙུན་གཞན་དང་ཞིབ་བསྡུར་དབྱེ་ཞིབ་གནད་དུ་འཕིགས་པ་བགྱིས་ཚེ་ད་གཟོད་ཁ་གསལ་བཟོ་ཐུབ་བོ། །


* ཕག་མོ་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2019ལོའི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ།

① རྨེ་རུ་ཡུལ་ལྷ་ཐར། བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015:627.
②③⑤⑦དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:87.95.157.
④⑥རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 1988:13.18.
①③⑤⑥⑧⑩རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 1988:51.59.61.67.69.75.
②④⑦⑨དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:184.209.217.221.
①③ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:87.
②④གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014:9.16.
⑤ ཁ་སྒང་བཀྲ་ཤིས་ཚེ་རིང་། ཚིག་མཛོད། བཙན་པོའི་དུས་ཀྱི་ཡིག་རྙིང་སྐོར། [M] མི་རིགས་དཔེ་སྐྲུན་ཁང་། 2019:195.
⑥ པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2007:55.
①④⑤ གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014:61.99.100.
② དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:157.
③ རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 1988:51.
①② ལྡེའུ་ཇོ་སྲས། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:122.133.
① ཚ་བར་ཁ་ངག་དཀོན། བོད་ཀྱི་གནའ་བོའི་ལོ་རྒྱུས་སྐོར་གྱི་དཔྱད་གླེང་། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:252.
② རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 1988:67.
③ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:209.
④⑤གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014:201.11.
① རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M] མི་རིགས་དཔེ་སྐྲུན་ཁང་། 1988:75.
② དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:221.
③ ལྡེའུ་ཇོ་སྲས། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:137.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1