པ་བའི་ཕྲད་ཀྱི་སྦྱོར་ཚུལ་ལ་ཡང་བསྐྱར་དཔྱད་པ།

གནམ་རི། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] དཔྱད་རྩོམ་འདིར་ཏུན་ཧོང་གཏེར་མའི་ཡིག་ཚང་དང་རྡོ་རིང་སོགས་སུ་གསལ་བའི་བདག་སྒྲའི་པ་བ་དང་མིང་མཐའ་པ་བའི་སྦྱོར་ཚུལ་དེ། སྔོན་བྱོན་མཁས་དབང་དག་གིས་པ་བའི་སྦྱོར་ཚུལ་གཏན་འཁེལ་བྱས་པ་ལ་ཞིབ་བསྡུར་ཙམ་བྱས་པ་ལས། མིང་མཐའི་པ་བ་དང་བདག་སྒྲ་ཆར་གྱུར་དག་ལ“ག་ད་བ་ས་ན་མ་པ། ། ང་འ་ར་ལ་མཐའ་མེད་བ། །”ཞེས་པས་ཁྱབ་ཀྱང་། བདག་སྒྲ་ཡར་གྱུར་སྟོན་པ་ལ་དེ་ལྟར་དུ་སྦྱར་ན་བམ་བཤད་ཙམ་ལས། མིང་བརྡ་མང་པོ་ཞིག་དང་འགལ་ཟླར་གནས་པས་ན། བདག་སྒྲ་ཡ་གྱུར་སྟོན་པ་ལ་བྱེ་བྲག་ཏུ་རྟེན་གཞིའི་མིང་སོགས་སུ་དགར་ནས་དེ་དག་གི་ངོས་ནས་པ་བ་སྦྱོར་ཚུལ་བརྗོད་ཡོད།

[གནད་ཚིག] བདག་སྒྲ། པ་བ། ད་དྲག མིང་མཐའ།

གླེང་སློང་བ།

སྤྱིར་ཚིག་ཕྲད་ཀྱི་ཁྱད་ཆོས་ལ་ཐོན་མིའི་ཞལ་ལུང་དུ་དབྱེ་བ་བཞི་དྲངས་ཡོད་ལ།① དེ་དག་གི་མཚན་གཞིར་གདུལ་བྱ་རྣམས་ལ་ངེས་སླ་བའམ་གོ་བདེ་བའི་ཆེད་དུ་ཚིག་ཕྲད་མི་གཅིག་པ་སྣ་འགའ་དྲངས་ཡོད་མོད། འོན་ཀྱང་པ་བར་མཚོན་ན་རང་གཅིག་པུས་ཐོན་མིའི་ཞལ་ལུང་དུ་བརྗོད་པའི་ཚིག་ཕྲད་ཀྱི་ཁྱད་ཆོས་བཞི་བོ་སྟོན་ནུས་ཏེ། གཅིག མིང་གང་ཡང་རུང་བའི་རྗེས་སུ་པ་བ་སོགས་སྦྱར་བས་དོན་གསལ་བོར་སྟོན་པའི་ནུས་པ་དང་ལྡན་པ་སྟོན་པ། དཔེར་ན། རིང་ལ་རིང་བོ་དང་འཇམ་ལ་འཇམ་པ་ཞེས་པ་ལྟ་བུ། གཉིས། ཚིག་མཛེས་པར་བྱེད་པའི་ཁྱད་ཆོས་དང་ལྡན་པ་སྟོན་པ། དཔེར་ན། མགོ་ཆེ་ལ་མགོ་བོ་ཆེ་དང་། སྣ་ཆེ་ལ་སྣ་བོ་ཆེ་ལྟ་བུ། གསུམ། ཁ་སྐོང་གི་ཁྱད་ཆོས་དང་ལྡན་པ་སྟོན་པ། དཔེར་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་རུ“ཆགས་དང་གནོད་སེམས་མེད་པ་པ། ། ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། ། བཟློག་པ་དག་ནི་ནག་པོ་ཡིན། །”① ཞེས་པ་ལྟ་བུ། བཞི། བརྗོད་བདེ་བར་བྱེད་པའི་ནུས་པ་དང་ལྡན་པ་སྟོན་པ། དཔེར་ན། མི་དང་དུད་འགྲོ་དང་བཅས་པ་ཐམས་ཅད་ཅེས་པའི་སྐབས་སུ་པ་སྒྲ་མ་སྦྱར་ཚེ་དོན་ཙམ་གོ་ནུས་ཀྱང་ཚིག་གི་མཛེས་ཆ་ཡོངས་སུ་ཉམས་པས་ན། པ་སྒྲ་སྦྱར་བས་བརྗོད་བདེ་བར་བྱས་ཡོད་པ་ལྟ་བུའོ། །

དང་པོ། བདག་སྒྲའི་པ་བ་དང་མིང་མཐའི་པ་བའི་ཁྱད་པར།

སྤྱིར་པ་བ་རང་སྟེང་ནས་ཁྱད་མེད་ཀྱང་མིང་མཐའ་རུ་བདག་པོའི་རྟགས་མཚོན་པའི་སྒྲ་སྔར་མེད་པ་ལ་གསར་དུ་སྦྱར་ན་བདག་པོའི་སྒྲ་སྟོན་ནུས་མིན་གྱི་ཆ་ནས་བདག་སྒྲའི་པ་བ་དང་མིང་མཐའི་པ་བ་གཉིས་སུ་ཕྱེ་སྟེ། མཁས་པ་དང་བླུན་པོ་ལྟ་བུའི་པ་དང་པོའི་ཚིག་ཕྲད་རང་རྐྱང་ཁོ་ནས་དོན་ཅི་ཡང་མི་སྟོན་ལ་མཁས་དང་བླུན་གྱི་རྗེས་སུ་སྦྱར་ན། ད་གཟོད་གང་ཟག་གཉིས་སྟོན་པར་བྱེད་པས་ན་བདག་སྒྲའི་པ་བར་འཇུག་ལ། མང་བ་དང་ཉུང་བ། དངོས་པོ་སོགས་ནི་པ་བ་སྔར་མེད་པ་ལ་གསར་དུ་སྦྱར་བ་ཡིན་ཡང་། དེ་དག་གི་པ་བ་ནི་བདག་པོའི་རྟགས་མཚོན་པའི་པ་བར་མི་འཇུག་གོ། གོང་དུ་བདག་པོའི་སྒྲ་སྔར་མེད་པ་ལ་ཞེས་བརྗོད་པར་དགོས་པ་ཡོད་དེ། གལ་ཏེ་དེ་ལྟར་མ་སྦྱར་ཚེ་བྱེད་པ་དང་རྩོམ་པ། སྒྱུར་བ་སོགས་ལ་པ་བ་ནི་སྔར་ནས་ཡོད་པས། པ་བ་སྔར་མེད་པ་ལ་ཞེས་བརྗོད་ན་བྱེད་པ་པོ་དང་རྩོམ་པ་པོ། སྒྱུར་བ་པོ་སོགས་བདག་སྒྲ་ལ་མི་འགྱུར་བའི་སྐྱོན་འབྱུང་བས་ན། སུམ་ཅུ་བའི་རྩ་བར“པུལིངྒ་ཡི་སྒྲ་མེད་པ། །”ཞེས་འབྱུང་ལ། པྲ་སྟི་དང་སི་ཏུ། ཞ་ལུ་ལོ་ཆེན། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་མཁས་པ་ཕལ་མོ་ཆེས་ཀྱང་པུལིངྒ་ལ་ཕོ་རྟགས་སུ་འགྲེལ་ཏེེ་གསུངས་ཡོད་པ་ལས་ཀྱང་ཤེས་མོད། འོན་ཀྱང་ཡང་ཕོ་རྟགས་ཞེས་སྦྱར་ན་དེ་ལ་པ་དང་པོ་ལས་བ་བོ་དང་ཅན་ལྡན་མཁན་སོགས་མ་འདུས་པས་ཁྱབ་ཆུང་བའི་སྐྱོན་འདུག་ཅེས། པུ་ནི་པུ་རུ་ཥ་རུ་མི་འདོད་པར། དབྱངས་ཅན་སྒྲ་མདོར་ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ། ། ཞེས་པ་གཞིར་བཟུང་ནས་པ་སྡེ་ལ་གོ་བར་སྨྲ་བའང་ཡོད། དེ་ལ་གཞན་ཕན་འཕྲིན་ལས་རྡོ་རྗེ་ཡིས་བློ་ལྡན་དགྱེས་པའི་རོལ་མཚོ་རུ“པུལིངྒ་ལ་ཕོ་རྟགས་ཞེས་འགྲེལ་དོན་ནི་འཇིག་རྟེན་ན་བདག་པོའི་དོན་ལ་ཕོ་མོ་གཉིས་ལས་ཕོ་ཉིད་ཤིན་ཏུ་ཁྱབ་ཆེ་བའི་དབང་གིས་དེའི་རྟགས་ཅན་གྱི་སྒྲ་དེ་དངོས་བསྟན་དུ་བྱུང་བ་ཡིན།”②ཞེས་བརྗོད་པ་ནི་དངོས་གནས་མི་རིགས་གང་དེའི་གོམས་གཤིས་དང་སྦྲེལ་ཏེ་གསུངས་པའི་མཁས་པ་མགུ་བའི་གཏམ་མོ། །མིང་མཐའི་པ་བ་ནི་པ་བ་སོགས་སྔར་ནས་ཡོད་པའམ་ཡང་ན་གསར་དུ་སྦྱར་བ་ན་བདག་པོའི་དོན་སྟོན་པའི་ནུས་པ་དང་མི་ལྡན་པ་ཞིག་ལ་ཟེར་ཏེ། དཔེར་ན། མཛེས་པ། མཐོན་པོ། ཉེ་བ། ཆུ་བོ་སོགས་ཀྱིས་མཚོན་པའི་བགྲང་ལས་འདས་པ་དག་གོ །

གཉིས་པ། ཏུན་ཧོང་ཡིག་རྙིང་དང་རྡོ་རིང་སོགས་སུ་པ་བ་སྦྱོར་ཚུལ།

1. མིང་མཐའི་པ་བ་དག་ནི་ཕལ་ཆེ་བ་གནའ་བོའི་ཡིག་རྙིང་དུའང་ཕྱི་མའི་མཁས་པ་དག་གི་པ་བའི་ཐོབ་ཐང་སྦྱོར་ཚུལ་དང་མཐུན་པར་སྣང་།སྤྱིར་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་པ་བ་ནི་ཕྱིས་བྱོན་མཁས་དབང་དག་གིས་སྡོམ་ཚིག་བཀོད་པའི་ཐོབ་ཐང་སྦྱོར་ཚུལ་དང་ཅུང་ཟད་མཐུན་པར་སྣང་། དཔེར་ན། “གཤེགས་པ། དར་བ། རྣམ་པ། ཆེན་པོ། ཆུད་པོ། བརྒྱྀ་བ།སྐྱི་བྲག་མར་བ། མེན་པ། འཕྲེང་བ། མྱང་རོ་ཤམ་པོ།”① སོགས་དང་། ཡང་ཞོལ་རྡོ་རིང་རིང་གི་བྱང་ངོས་སུ“དཀུ་རྒྱལ་གཙིགས་གནང་བའི་རྡོ་རིང་ལ་ཡིག་འབྲུ་བྲིས་པའ།ཞེས་པ་ལྟ་བུ་དང་། ཆེན་པོ། མྱྀ་དབབ་པ། རྔོ་ཐོག་པའྀ།སྩལད་པར་གནང་། དམངས་འདྲངས་བ། གློ་བ་རིངས།”②སོགས་དང་། དེ་མིན་ད་དུང་ཡུལ་ཤུལ་ཁུལ་གྱི་འབིས་མདོའི་སྐུ་རྟེན་བརྐོས་བཞེངས་ཀྱི་དཀར་ཆག་རྡོ་
ཡིག་མ་རུ།“འབུརདུབརྐོསཔ་དང་བྲིསཔའི། མཐོངབདངརིགཔ། ཕྱགའཚལབ། མྱེདཔ”③སོགས་ཀྱིས་མཚོན་པའི་མིང་མཐའ་མང་དག་ཅིག་ནི་རྗེས་སུ་བྱུང་བའི་མཁས་པ་དག་གིས་སྡོམ་ཚིག་བཀོད་པ་ནང་བཞིན་“ག་ད་བ་ས་ན་མའི་རྗེས་སུ་པ་དང་། ང་འ་ར་ལ་མཐའ་མེད་ཀྱི་རྗེས་སུ་བ་སྦྱོར་དགོས།”ཞེས་པ་དང་མཐུན་པ་ལྟ་བུར་སྣང་མོད་ཀྱི། ཡང་གོང་དུ་སྨོས་ཟིན་པ་བཞིན་དུ་སྡོམ་ཚིག་དེ་དག་དང་མི་མཐུན་པའང་ཡོད་དོ། ། ཞོལ་རྡོ་རིང་གི་ཤར་ངོས་སུ་མིང་མཐའི་པ་བ་ཐེངས་སོ་ལྔ་ཙམ་བྱུང་བ་ལས། སྦྱོར་ཚུལ་སྡོམ་ཚིག་དང་མི་མཐུན་པ་གཅིག་ནས་གཉིས་མ་གཏོགས་བྱུང་མེད་པ་འདིས་ཀྱང་རྟོགས་ཤིང་།དེ་ལས་སུམ་རྟགས་ཀྱི་རྩ་བ་དུས་རབས་བར་མ་སྟེ་བོད་སིལ་བུར་འཐོར་བའི་རྗེས་སུ་བྱུང་བར་སྨྲ་བ་དག་གིས་བསམ་གཞིག་བྱ་དགོས་པའི་གནས་སོ། །

2. ཡིག་རྙིང་དུ་བདག་སྒྲའི་པ་བ་སྦྱོར་ཚུལ།

ཡིག་རྙིང་དུ་བདག་སྒྲའི་པ་བ་སྦྱོར་ཚུལ་ནི་བཤད་མ་ཐག་པའི་མིང་མཐའི་པ་བ་སྦྱོར་ཚུལ་དང་ཅུང་ཟད་མི་མཐུན་ཏེ། བོད་ཀྱི་བརྡ་རྙིང་ཡིག་ཆ་རུ་བཀོད་པ་ལྟར་ན་“བཙན་པོ་དང་རྒྱལ་པོ། མྱི་འཛངས་པ། སྲས་པོ། ཁོལ་པོ། འདྲོན་པོ། གྲོགས་པོ།”④སོགས་དང་། ཡང་ཞོལ་རྡོ་རིང་གི་བྱང་ངོས་སུ“བརྩན་པོ་དང་ཡི་གེ་པ། མྱེས་པོ། དམངས་འདྲངས་པ”⑤སོགས་འབྱུང་ཞིང་། བདག་སྒྲའི་རྗེས་སུ་བ་སྦྱར་བའང་ཡོད་མོད་ལྟོས་བཅོས་ཀྱིས་ཧ་ཅང་ཉུང་ཞིང་།“སྟག་སྐྱ་བོ་དང་རྗོ་བོ”⑥སོགས་རེ་འགའ་ལས་མི་མཐོང་བ་ལ་བརྟགས་ན། སི་ཏུ་པཎ་ཆེན་གྱིས་བདག་སྒྲའི་ཕྲད་ལ་པ་པོ་ལས་མི་བཞེད་པ་དེའང་ཁོང་ཉིད་ཀྱིས་པུལིངྒ་ནི་ཕོ་རྟགས་ཁོ་ན་ལ་ངེས་བཟུང་བ་དེ་ཙམ་གྱིས་བརྗོད་པ་མ་ཡིན་པར། གནའ་བོའི་སྐད་དུ་དེ་ལྟར་ཡོད་པ་ལ་བསམ་པ་ཡིན་ནམ་སྙམ།

3. ཡིག་རྙིང་དུ་རྗེས་འཇུག་ན་ར་ལའི་རྗེས་སུ་ད་དྲག་འཇུག་ཚུལ་གྱི་དབང་གིས་པ་བ་དག་གི་སྦྱོར་ཚུལ་མི་འདྲ་བ་བྱུང་བ།

ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་ཀྱི་ཡིག་ཚང་དང་ཞོལ་རྡོ་རིང་སོགས་ནི་བོད་སིལ་བུར་མ་འཐོར་གོང་དུ་བྱུང་བ་ནི་རྩོད་མེད་ཡིན་ཏེ། ཡང་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་གཉིས་ལས་ཡིག་ཚད་སོགས་ཕྱོགས་གང་ཐད་ནས་ཀྱང་ཅུང་ཚད་ལྡན་དུ་འདོད་པ། རྡོ་རིང་ཡིན་པར་ཉེ་དེང་གི་ཆེད་ལས་མཁས་པ་ཀུན་གྱིས་ཞལ་མཐུན་དུ་བཞེད། ཡང་འཇུག་ད་དྲག་འཇུག་ཚུལ་ཡང་ཏུན་ཧོང་ཡིག་རྙིང་དུ་ཅུང་རང་དབང་གིས་བྲིས་འདུག་པར་སྣང་སྟེ། ད་དྲག་ཐོབ་པ་དག་ལ་སྐབས་འགར་སྦྱར་ཡོད་ནའང་སྐབས་འགར་སྦྱར་མེད་པ་སོགས་ཡོད་དེ། དཔེར་ན།“སྲས་ཤ་ཁྱི་དང་ཉ་ཁྱི་དང་མཇལ་ལོ”ཞེས་པ་དང་།ཡང་དེའི་འགབ་ཀྱི་ཚིག་ཕྲེང་འོག་ཏུ“སྲས་ཤ་ཁྱྀ་ཉ་ཁྱྀ་དང་ཡང་མཇལད”①ཅེས་པ་སོགས་དང་། དེ་མིན་ད་དུང་ཉན་ཏོ་དང་གསོལ་ཏོ། སྩལ་ཏོ་སོགས་ལ་ད་དྲག་བསྐང་ཡོད་མེད་གཉིས་ཀ་ཡོད་པར་གཞིགས་ན། ལན་རེར་ད་དྲག་སྐོང་བའི་བཀས་བཅད་སྐབས་འདིར་བྱུང་བ་ཡིན་ནམ་སྙམ་པའང་འཆར་སྲིད། ཡིན་ཡང་སྐྱོགས་སྟོན་གྱི་ལི་ཤུའི་གུར་ཁང་དུ“ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སུ་ལོ་ཙཱ་པ་རིན་ཆེན་བཟང་བོ་དང་རྔོག་ལེགས་པའི་ཤེས་རབ་གཉིས་གཙོ་བྱས་ཏེ། གུག་གི་ཕྱིར་ལོག་མེད་པར་བཟོས་པ་དང་ད་དྲག་བསྐང་བ། མྱི་ལ་མི། མྱེ་ལ་མེ། འགྱོ་ལ་འགྲོ་སོགས་ཟོར་ཡངས་པའི་ཆེད་དུ་དེ་ལྟར་བཟོས་པ”②གསལ་ལོ། ། གོང་དུ་དཔེ་བརྗོད་དུ་དྲངས་པའི་བརྡ་རྙིང་དེ་དག་ལས་ཤེས་སླ་བ་ནི། སྤྱིར་བཏང་དུ་ད་དྲག་ནི་མིང་གང་ཞིག་གི་རྗེས་འཇུག་ན་ར་ལ་གཞིར་བཞག་གིས་བྱ་ཚིག་གི་རྗེས་སུ་འཐོབ་པའི་ཆོས་ཉིད་དེར་མཁས་དབང་སྔ་མ་དག་གིས་སྡོམ་ཚིག་བཀོད་ཡོད་པ་དེ་ལྟར་དུ་གནའ་བོའི་ཡིག་རྙིང་དག་ལས་མ་ཟད་བརྡ་སྐད་རྙིང་མ་རུའང་དེ་ལྟར་དུ་ཡིན་པ་ནི་སི་ཏུ་པཎ་ཆེན་གྱིས“སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་བྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས། སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བོ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས།”③ཞེས་གསུངས་པ་དེ་བཞིན། ཡིག་གཟུགས་ཇི་ལྟར་དུ་ཡོད་པ་དེ་བཞིན་དུ་བཀླགས་གདངས་སུའང་དེ་ལྟར་ཡོད་པ་ནི། བོད་ཡིག་སྒྲ་སྦྱོར་མ་ཡིན་པའི་རྐྱེན་ཡིན་ལ། འདིའི་ཕྱོགས་ལ་མོས་པ་ཡོད་མཁན་དག་གིས་ཞིབ་ཏུ་གཟིགས་འདོད་ན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སུམ་བྷ་དོན་གྲུབ་ཚེ་རིང་ལགས་ཀྱི་གནའ་བོའི་བོད་ཡིག་གི་བཀླགས་གདངས་ལས་མངོན་པའི་བརྡ་སྐད་རྙིང་མའི་གཞི་གདངས་ཀྱི་འགྱུར་ལུགས་ཆེ་ལོང་ཙམ་བརྗོད་པ་ཞེས་པ་ལ་གཟིགས་པར་ཞུ།

གསུམ་པ། སྔོན་བྱོན་གྱི་མཁས་དབང་རིམ་བྱོན་གྱི་བཞེད་ཚུལ།

རྟགས་འཇུག་གི་གཞུང་དུ་རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་འདྲེན་པ་བརྗོད་པའི་སྐབས་སུ། ཕྱི་མ་དག་གི་འདྲེན་ཚུལ་ནི། ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །མོ་ཡིས་མོ་ཡི་མིང་མཐའ་དྲངས། ། མ་ནིང་གིས་ནི་མ་ནིང་ངོ་། ། ཞེས་གསུངས་པ་དེ་ལས་མིང་མཐའ་དང་བདག་སྒྲའི་པ་བ་སྦྱོར་ཚུལ་ཕྲད་རང་དབང་ཅན་དུ་སྣང་ཡང་།རྔོག་བློ་ལྡན་ཤེས་རབ་ཀྱི་དག་ཡིག་ཉེར་མཁོ་བསྡུས་པ་རུ།“ག་ད་བ་ས་ན་མ་ནི། ། ཟག་པ་མེད་པའི་བྱ་བ་ནི། ། ཐོབ་པ་ཉེས་པ་ལས་གྲོལ་ནས། ། འགྲོ་ལ་ཕན་པའི་བསམ་པའི་གནས། ། ང་འ་ར་ལ་འདོགས་ཅན་དང་། ། རྐྱང་བའི་རྗེས་སུ་བ་ཕྱེད་ཝར། ། འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་དེ་དཔེར། ། བཏུང་བ་དགའ་བ་མྱུར་བར་འཐུང་། ། མཇལ་བ་ཞི་བ་ཚ་བར་འདོད། ། ལུང་པ་མདའ་པ་འབྱོར་པ་ཆེ། ། ཡུལ་པ་ཕུབ་པ་བྱ་པ་མང་། །”④ ཞེས་པ་བའི་ཕྲད་སྦྱོར་གྱི་སྡོམ་ཚིག་འདི་ནི། ཁ་ཅིག་གིས་མིང་མཐའ་པ་བ་ཁོ་ནའི་སྦྱོར་ཚུལ་དུ་འགྲེལ་ལ། ཁོ་ཚོ་ལྟར་ན“ལུང་པ་མདའ་པ་འབྱོར་པ་ཆེ། ། ཡུལ་པ་ཕུབ་པ་བྱ་པ་མང་། །”ཞེས་པའི་མདའ་པ་བདག་སྒྲར་མི་འདོད་པ་ཡིན་ནམ་ཡང་ན། རྔོག་ལོ་ཙཱ་པས་རྩ་ཚིག་དང་མཐུན་པར་བཀོད་པ་དག་ལས་བདག་སྒྲ་མ་བྱུང་བས་ཡིན། སྔ་མ་ལྟར་འདོད་པ་ཡིན་ན་ནི། མདའ་པ་ནི་མདའ་འཕེན་མཁན་གྱི་མི་གང་ཡང་རུང་བ་དེ་ཡིན་པ་ལས། འཕེན་བྱའི་མདའ་མིན་ལ། ཕྱི་མ་ལྟར་ན་གོང་གི་ཚིགས་བཅད་དེ་ཚིག་ལྷུག་ཏུ་ཕབ་སྟེ་གསལ་བཤད་ཙམ་བྱ་བ་ལ། རྔོག་ལོ་ཙཱ་པས་སྤྱིར་ཐུན་མོང་དུ་ག་ད་བ་ས་ན་མའི་རྗེས་སུ་པ་དང་ང་འ་ར་ལའི་རྗེས་སུ་བ་འཐོབ་པ་ལྟར་སྦྱོར་དགོས་ཀྱང་། དེ་ལྟར་དུ་སྦྱར་མེད་པ་ཡང་མང་པོ་ཡོད་པ། ལུང་པ་དང་མདའ་པ་ལྟ་བུ་སོགས་ཞེས་མདའ་པ་སོགས་རྩ་ཚིག་དང་མི་མཐུན་པའི་དཔེར་བརྗོད་དུ་དྲངས་པ་ཙམ་ལས། བདག་སྒྲའི་པ་བ་དེ་ལྟར་དུ་སྦྱོར་མི་རིགས་པ་དང་། དམིགས་བསལ་དུ་སྦྱོར་ཚུལ་གཞན་བྱེ་དྲག་ཏུ་བརྗོད་མེད་པ་སོགས་ལས། ཁོང་གི་ལུགས་ལྟར་ན་མིང་མཐའ་དང་བདག་སྒྲའི་པ་བ་སྦྱོར་ཚུལ་མཐུན་པར་བཟུང་ཡོད་པ་ཤེས་སླ་ཞིང་། དེ་བཞིན་དུ་རྗེ་ས་པཎ་དང་ཞ་ལུ་ལོ་ཙཱ་པ། དཔལ་ཁང་ལོ་ཙཱ་པ་སོགས་ཀྱིས་ཀྱང་རྔོག་ལོའི་བཞེད་ལུགས་དང་མཐུན་པར་བྱས་ཡོད།དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིས་ལེགས་བཤད་ལྗོན་དབང་དུ“ན་རོ་ཡོད་མེད་པ་བ་མ། ། བདག་པོའི་སྒྲ་སྟེ་ག་ད་ན། ། བ་མ་ས་དང་དྲག་མཐར་པ། ། ང་འ་ར་ལ་མཐའ་མེད་ལ། ། བདག་སྒྲར་ཡར་གྱུར་བ་དང་ནི། ། ཆ་ལ་པ་ཉིད་སྦྱོར་བ་ལེགས། ། མིང་མཐའི་པ་བའང་ཕལ་ཆེར་འདྲ། ། མ་ནི་ངེས་མེད་སྐབས་དང་སྦྱར། །”①ཞེས་ བདག་སྒྲའི་པ་བར་ཆར་གྱུར་དང་ཡར་གྱུར་གཉིས་སུ་ཕྱེ་སྟེ། མིང་མཐའ་དང་བདག་སྒྲའི་པ་བའི་སྦྱོར་ཚུལ་ཅུང་ཙམ་མི་མཐུན་པ་ལྟ་བུར་བྱས་ཡོད། ཐོན་མིའི་ཞལ་ལུང་དུ“ག་ད་བ་ས་ན་མ་པ། ། ང་འ་ར་ལ་མཐའ་མེད་བ། །②ཞེས་དང་། ཡང་བློ་གསལ་འཇུག་ངོགས་ལས“ག་ད་ན་བ་མ་ས་དང་། ། ད་དྲག་ཅན་མཐར་པ་དང་པོ། ། ང་འ་ར་ལ་མཐའ་མེད་མཐར། ། བ་དང་བོ་ཉིད་སྦྱོར་བ་སྟེ། ། ཅན་ལྡན་ངེས་མེད་སྐབས་དང་སྦྱར། །”།③ཞེས་གསུངས་ཡོད་པར་གཞིགས་ན། མཁས་དབང་འདི་གཉིས་ཀྱིས་བདག་སྒྲ་དང་མིང་མཐའི་པ་བ་སྦྱོར་ཚུལ་མཐུན་པའི་ཐད་དགོངས་པ་གཅིག་མཐུན་དུ་བཞེད་ལ། དེ་བཞིན་དུ་དོར་ཞི་གདོང་དྲུག་སྙེམས་བློའི་བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་དུའང།“པ་བ་སོགས་ཀྱི་ཐོབ་ཐང་ནི། ། རྗེས་འཇུག་ག་ད་བ་ས་དང་། ། ན་མའི་རྗེས་སུ་པ་དང་པོ། ། ང་འ་ར་ལ་མཐའ་མེད་མཐར། ། བ་དང་བོ་ནི་སྦྱར་བ་ཡིན། །ཞེས་པ་ལྟར། བདག་སྒྲའི་པ་བ་དང་མིང་གི་ཆ་ཤས་ཀྱི་པ་བ་ཐམས་ཅད་ཐོབ་ཐང་འདི་ལ་བསྟུན་དགོས་པ་ཡིན།”④ཞེས་གསུངས་པ་ལྟར་ཨ་མདོའི་ཕྱོགས་ནས་ད་ལྟའི་བར་དུ་པ་བ་སྦྱོར་ཚུལ་ཁོང་རྣམ་པ་དག་གི་ལུགས་ལྟར་སྦྱོར་བ་ཤུགས་ཆེ།

བཞི་པ། དེར་འབྲེལ་རང་ཉིད་ཀྱི་བསམ་ཚུལ།

པ་བའི་སྦྱོར་ཚུལ་ལ་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་། དུས་རབས་རིམ་བྱུང་གི་མཁས་དབང་དག་གིས། ག་ད་བ་སའི་རྗེས་སུ་པ་དང་། ང་འ་ར་ལ་མཐའ་མེད་ཀྱི་རྗེས་སུ་བ་སྦྱོར་དགོས་ཞེས་གཏན་འཁེལ་བྱས་པ་ནི། སྐད་ཆའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ་རེད་འདོད་ལ། ཡང་ཐམས་ཅད་དེས་ཁྱབ་པ་མ་ཡིན་ཏེ། གཞུང་ཚད་ལྡན་དག་ཏུ་ཇི་ལྟར་དུ་ཡོད་པ་དེ་ལྟར་དུ་བྲིས་ན་ལེགས། ཡང་ཁ་ཅིག་གིས་རང་རང་གི་དམ་བཅའ་ལ་མི་འགལ་བའི་ཆེད་དུ་སྦྱར་དུ་མི་རིགས་པ་དག་ལ་ཨུ་ཚུགས་ཀྱིས་སྦྱོར་བ་ཡོད། དེ་བས་རང་ཉིད་ཀྱི་འདོད་ཚུལ་དུ་བདག་སྒྲའི་པ་བ་གནས་ཡུལ་ལམ་རྟེན་གཞིའི་མིང་དང་སྦྱར་བ་ལས“ཁམས་པ་བ་དང་འབྲུག་པ་བ་སོགས་བརྗོད་བདེའི་དབང་གིས་བ་ཐོབ་པ་རྣམས་ཕུད་པའི”གཞན་དག་ལ་པ་སྦྱོར་དགོས་པར་སྙམ་སྟེ། དཔེར་ན།“ལྷ་ས་པ་དང་ཨ་མདོ་པ། རྒྱལ་རོང་པ། ལྷོ་བྲག་པ། རྩེ་ཁོག་པ།སློབ་གྲྭ་པ”སོགས་ལྟ་བུ་ཡིན་ལ། དེ་དག་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་བཤད་ལྗོན་དབང་དུ“བདག་སྒྲར་ཡར་གྱུར་བ་དང་ནི། ། ཆ་ལ་པ་ཉིད་སྦྱོར་བ་ལེགས། །”ཞེས་པ་དང་ཅུང་ཟད་མཐུན་པར་སྣང་མོད་ཀྱི། གཞུང་དེ་ཉིད་ཅུང་སྤྱི་ལ་གཞོལ་ཤས་ཆེ། དེའང་ཡིན་ཏེ། སྤྱི་མཐུན་དུ་སྨྲ་བ་ནི་ལེགས་ཉེས་འབྱེད་ལ་རྣམ་དཔྱོད་ཡངས་པའི་མཁས་པ་ཀུན་ལ་མངའ་བའི་སྤྱི་ཆོས་སུ་ལགས། བྱེ་བྲག་ཏུ་བརྗོད་ན། སྤྱིར་བདག་སྒྲའི་པ་བ་སྦྱོར་ཡུལ་གྱི་མིང་གི་དབང་དུ་བྱས་ནས་བརྗོད་ན། བྱ་བའི་མིང་དང་ཁྱད་ཆོས་ཀྱི་མིང་། རྟེན་གཞིའི་མིང་དང་དངོས་པོའི་མིང་། ད་དུང་གྲངས་ཚད་ཀྱི་མིང་སོགས་གང་མང་ཞིག་ཏུ་དབྱེ་ཆོག་ཀྱང་། བདག་སྒྲ་ཡར་གྱུར་ལ་ཁྱབ་ཆེ་ཆུང་གི་དབང་གིས་སྟབས་བདེ་བར་བྱས་ཏེ། བྱ་བའི་མིང་དང་དངོས་པོའི་མིང་། རྟེན་གཞིའི་མིང་བཅས་གསུམ་དུ་བསྡུས་ནས། དཔེ་ཆ་དང་ཡི་གེ རོལ་མོ་སོགས་དངོས་པོའི་མིང་དེ་དག་གི་རྗེས་སུ་བ་སྦྱར་ཏེ། དཔེ་ཆ་བ་དང་ཡི་གེ་བ། རོལ་མོ་བ་སོགས་ལྟར་དུ་བཀླགས་ན་བརྗོད་པ་བདེ་ཞིང་ཡིག་སྐད་དང་ཡང་མཐུན་པར་འགྱུར། དེ་མིན་རྩོམ་པ་དང་འཁྲབ་སྟོན། རྐང་རྩེད་སོགས་བྱ་བའི་མིང་སྟོན་པ་དང་། ཡང་ལྷ་ས་དང་ཨ་མདོ། ལྷོ་བྲག སློབ་གྲྭ་སོགས་གནས་ཡུལ་ལམ་རྟེན་གཞིའི་མིང་སྟོན་པ་དེ་དག་གི་རྗེས་སུ་པ་སྦྱར་ན་སྐད་བརྡའི་འགྱུར་ལུགས་ཀྱི་ཆོས་ཉིད་དང་མཐུན་པོ་རེད་སྙམ།ཡང་རྗེས་འཇུག་གང་ཡིན་དང་དངོས་པོའི་མིང་སོགས་ལ་མ་བལྟོས་པར། པ་བ་སྦྱོར་སྟངས་རྒྱུན་འབྱམས་སུ་སོང་ནས་གཏན་ཆགས་སུ་གྱུར་ཡོད་པ་འགའ་དང་།ཡང་ན་པར་སྐྲུན་ལས་རིགས་ཀྱིས་འགལ་བའམ་ནོར་འཛོལ་མི་འབྱུང་བ་འགའ་གཅིག་མཐུན་གྱིས་སྦྱར་དུ་ཡོད་པ། དཔེར་ན་རིམ་གྲངས་སྟོན་པ་ལ་ཚད་ལྡན་གྱི་དེབ་གང་དུའང་དང་པོ་དང་གཉིས་པ་སོགས་མིང་མཐར་པ་སྦྱར་བ་སྤྱི་མཐུན་ཡིན་པ་ལྟ་བུ་ནི། གོང་ནས་བཤད་མ་ཐག་པ་ལྟར་སྤྱི་སྐད་དུ་གྲུབ་ཚར་བས་ཡང་བསྐྱར་དཔྱད་དེ་རྙོག་འཛིང་ཇེ་ཆེར་གཏོང་བ་ལ་དགོས་པ་མ་མཆིས་སོ། །
* གནམ་རི། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2019ལོའི་སྐད་བརྡ་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ།
① ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006:121.
① སློབ་དཔོན་ཀླུ་སྒྲུབ། དབུ་མ་རིན་ཆེན་ཕྲེང་བ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:84.
② བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། དེབ་བཅུ་གསུམ་པ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014:216
①②③④⑤⑥ གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995:18.121.123.175.25.
① གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995:19.
② ཞ་ལུ་ལོ་ཙྰ་པ་སོགས་ཀྱིས་བརྩམས། དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998:399.
③ ཀརྨ་སི་ཏུ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012:26.
④ ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། པོད་བཅུ་དགུ་པ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:535.
① ཀུན་དགའ་དབང་ཕྱུག བོད་ཡིག་རྨང་གཞིའི་ཤེས་བྱ་སྤྱི་དོན་འཆར་བའི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 2014:2.
② ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011:193.
③ དམུ་དགེ་བསམ་གཏན། བློ་གསལ་འཇུག་ངོགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:57.
④ དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999:78.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1