མ་ཅིག་ལབ་སྒྲོན་གྱིས་བཤེས་གཉེན་བསྟེན་ཚུལ་དང་ སློབ་གསོའི་རིན་ཐང་ལ་དཔྱད་པ།

སྒྲོལ་མ་ཚེ་རིང་། དཔལ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] དཔྱད་རྩོམ་འདིའི་ནང་དུས་རབས་བཅུ་གཅིག་པར་བོད་ཀྱི་སློབ་གསོའི་ལམ་ལུགས་ཁྲོད་བཤེས་གཉེན་བསྟེན་ཚུལ་གླེང་གཞིར་བཟུང་སྟེ། ཞི་བྱེད་གཅོད་ཀྱི་བདག་མོ་མ་ཅིག་ལབ་ཀྱི་སྒྲོན་མ་ཞེས་སྐྱེས་མ་རྣམ་དཔྱོད་ཅན་གང་དེས་ཤ་ཐང་ཐང་གིས་བཤེས་གཉེན་བསྟེན་པའི་བསམ་སྦྱོར་དང་། དཀའ་བ་སྤྱད་པའི་རྒྱུ་རྐྱེན། སྤྱི་ཚོགས་ལ་བཞག་པའི་ཤུགས་རྐྱེན་བཅས་དབྱེ་ཞིབ་བྱས་པ་བརྒྱུད་ནས་སྐྱེས་མས་ཤེས་རིག་སྦྱངས་པའི་དགེ་མཚན་དང་སློབ་གསོའི་རིན་ཐང་ལ་རོབ་ཙམ་དཔྱད་དེ་རང་གི་ལྟ་ཚུལ་བཏོན་ཡོད།

[གནད་ཚིག] མ་ཅིག་ལབ་སྒྲོན། བཤེས་གཉེན་བསྟེན་ཚུལ། སློབ་གསོའི་རིན་ཐང་།

དང་པོ། བཤེས་གཉེན་བསྟེན་ཚུལ།

མ་ཅིག་ལབ་སྒྲོན་ནི་དུས་རབས་བཅུ་གཅིག་པར་ལབ་ཕྱི་རུ་འཁྲུངས་པའི་ཕྱུག་པོ་ཚང་གི་བུ་མོ་ཞིག་ཡིན་ལ། ཁྱིམ་ཚང་སློབ་གསོའི་སྒྲིག་གཞི་ཅུང་ཙམ་འཐུས་ཚང་བས། རང་ལོ་ལྔ་ལ་སོན་དུས་ཡུམ་འབུམ་མེ་ལ་མཆོད་གནས་ཇོ་མོ་ཞིག་ཡོད་པའི་མདུན་ནས་ཡི་གེ་བསླབས། ཀློག་ལ་དབང་འབྱོར་ཏེ་ཉིན་རེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བ་ཚར་གཉིས་རེ་ཀློག་ནུས་པར་གྲགས། ཕྱིས་སུ་ངམ་ཤོད་མཚོ་མེར་གྱི་རྫོང་དུ་ཕྱིན་ཏེ་ལོ་ལྔ་ལ་མཆོད་ཁང་དུ་མ་བུ་གཉིས་ཀྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་འབད་པ་ཆེར་བསྐྱེད་ཀྱིས་སྦྱངས་པས། དགུང་ལོ་བཅུ་པའི་དུས་ཉིན་གཅིག་པོ་ཏི་བཞི་ཚར་བ་དང་བཅུ་གསུམ་ལོན་དུས་བརྒྱད་ཚར། དེ་ལྟར་རིག་གནས་ཀྱི་ལམ་ཁ་རུ་ཤ་ཐང་ཐང་གིས་འབད་དུས། རང་གི་བསླབ་སྦྱངས་ཀྱི་རིམ་པར་རྨང་གཞི་འདིང་མཁན་གྱི་ཡུམ་ཆེན་ལགས་གཙོ་བྱས་ཡབ་དང་གཅེན་མོ་བཅས་རིམ་པར་ཚེ་ཡི་འཕེན་པ་རྫོགས། ངེས་འབྱུང་དྲག་ཏུ་སྐྱེས་ཏེ་སློབ་གཉེར་ལ་རིག་པ་རྩེ་གཅིག་ཏུ་གཞོལ་ནས། རིམ་པར་སྐྱོ་སྟོན་བསོད་ནམས། སློབ་དཔོན་རྒྱལ་འབྱུང་། ཕ་དམ་པ་སངས་རྒྱས་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་བཤེས་གཉེན་དུ་བསྟེན་ཅིང་། འབུམ་དང་། ཉི་ཁྲི། བརྒྱད་སྟོང་བ། ན་རོ་ཆོས་དྲུག དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག དོ་ཧ་སྐོར་གསུམ། འཕོ་བ་གྲོང་འཇུག་གི་གདམས་པ། གཅོད་གྲོལ་ཚོགས་དྲུག་འཕྲུལ་གཅོད་བཀའ་རྒྱ་མ། དུར་ཁྲོད་ཆེན་པོའི་དམིགས་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དག་གཙོ་བྱས་གཅོད་ཀྱི་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པར་གནངས་ཏེ་མཁས་པའི་ཕ་རོལ་ཏུ་སོན། རྣམ་ཐར་དུ“དྲི་ལྡན་པདྨ་ཚལ་རབ་རྒྱས་པ་ལ། ། སྒྲ་ལྡན་བུང་བའི་ཚོགས་རྣམས་རང་བཞིན་འདུ། །དེ་བཞིན་ང་ཉིད་གང་དུ་གནས་པའི་སར། ། དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བ་ཡིན། །”① ཞེས་པ་ལྟར་སློབ་མའི་ཚོགས་ནི་ནམ་མཁའི་སྤྲིན་གྱི་འདུ་འགོད་བཞིན་ས་དེར་འཚོགས་ཤིང་། སྐལ་ལྡན་སྐྱོང་བ་དང་རིག་གནས་བརྒྱུད་སྒྲོག་ཐད་ནུས་པ་མི་དམན་པ་ཐོན་ཡོད།

གཉིས་པ། སློབ་གསོ་མྱངས་པའི་རིན་ཐང་དང་མཛད་རྗེས།

གཅིག སློབ་གསོ་མྱངས་པའི་རིན་ཐང་།

“རྩོམ་པ་པོ་གང་གིས་བརྩམས་ཆོས་ཤིག་བརྩམས་པའི་ཚེ་ན་དགོས་དམིགས་ཆེན་པོ་ཞིག་བཅངས་ཡོད་པ་ནི་སྨོས་མི་དགོས་པ་ཞིག་སྟེ། རྩོམ་པ་པོ་ཞིག་ཡིན་ཕྱིན་ཐབས་ལམ་སྣ་ཚོགས་པར་བརྟེན་ནས་མཐར་མིའི་རིགས་ལ་བདེ་སྐྱིད་བསྐྲུན་འདོད་པ་དེ་ཡིན་ངེས། ཡིན་ཡང་རང་རང་སོ་སོའི་བློ་ནུས་ལ་ཚད་བཀག་ངེས་གཏན་ཞིག་ཡོད་པའི་དབང་གིས། འགའ་ཞིག་གིས་རང་གི་དམིགས་ཡུལ་ཇི་བཞིན་མིའི་རིགས་ལ་དགོས་པ་ཐན་ཐུན་སྒྲུབ་ནུས་ལ། འགའ་ཞིག་གིས་དེ་ལས་ལྡོག་སྟེ་མིའི་རིགས་བརྗོད་ལས་འདས་པའི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བར་བྱེད།”②ཅེས་པ་ལྟར་མ་ཅིག་ལབ་སྒྲོན་གྱིས་ཕྱིའི་ཁོར་ཡུག་གི་བསླུ་བྲིད་དང་། ནང་ཕ་མ་འདས་པའི་སྡུག་བསྔལ་སོགས་དཀའ་བ་དུ་མ་ཁྱད་དུ་བསད་ནས། ལོ་ངོ་མང་པོའི་རིང་ཡུལ་ལུང་ཕྱོགས་མེད་འགྲིམས་ཏེ་བཤེས་གཉེན་དུ་མ་བསྟེན་ཅིང་། གུས་སྦྱོར་རྟག་བརྩོན་གྱིས་རིག་པའི་གནས་དག་ལ་བསྲེག་བཅད་བརྡར་གསུམ་གྱིས་སྤང་བླང་དཔྱིས་ཕྱིན་པ་གནང་སྟེ། དེང་གི་ཆར་གྲུབ་མཐའ་སོ་སོའི་ནང་དུ་ཆུ་ལ་འོ་མ་ལྟར་འདྲེས་པའི་གཅོད་ཀྱི་གདམས་པ་གཙོས་བརྩམས་ཆོས་གྲངས་མེད་ཅིག་བརྩམས་ཏེ། ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་ཕྱི་རབས་པ་རྣམས་ལ་བསླབ་བྱའི་གནད་ཟབ་མོར་བསྟན་ཡོད། ཁོང་གི་རྣམ་ཐར་དུ“མ་ཅིག་གིས་མཛད་པའི་བཀའ་ཚོམས་ཆེན་མོ། ཡང་ཚོམ་ཆེན་མོ། ཉིང་ཚོམ། ལེའུ་ལག གནད་ཐེམས། ཁོང་རྒོལ། གསང་བ་བརྡ་ཆོས། ལ་བཟླས་སྐོར་གསུམ། གཞི་ལམ་སློང་བ། ཁྱད་པར་གྱི་མན་ངག་སོགས”①ལས། བཀའ་ཚོམས་ཆེན་མོ་རུ།“གདམས་ངག་ཐོབ་པའི་རྣལ་འབྱོར་བ། ། བྱིའུས་བྱི་ཕྲུག་གསོ་བ་བཞིན། ། གདམས་ངག་ཆུ་སྐྱེས་བྱས་གྱུར་ན། ། སྟོན་སྐྱེལ་ལྟོགས་རིར་ཤི་བ་བཞིན། ། རང་ཉིད་འཁོར་བར་འཁྱམ་པར་ངེས། ། འབྲི་བཟང་བེའུ་ཆུང་གསོ་བ་བཞིན། ། རང་བགྲངས་རང་གི་དོན་བྱས་ནས། ། བེ་ཆུང་ལ་སོགས་གསོ་བ་བཞིན། ། རང་གི་སྙེམས་ཐག་ཆོད་གྱུར་ན། ། རང་སེམས་ངེས་པར་གྲོལ་བར་གྱུར། ། གཞན་དོན་གྲུབ་གྱུར་ཐེ་ཚོམ་མེད། ། མཁའ་ལ་ཁྱུང་ཆེན་ལྡིང་བ་ནི། ། གླིང་བཞི་བྱ་རྩལ་མེད་པར་མཐོང་། ། ངམ་གྲོག་གཡང་ས་ཉམ་མི་ང་། ། བྱ་ཕྲན་ལ་སོགས་ཟིལ་གྱིས་གནོན། །”② ཞེས་གསུངས་པ་ལྟ་བུ་ལས་རྗེས་རབས་པ་ཚོར་མིག་མདུན་གྱི་བདེ་སྡུག་དང་རང་གི་ཁེ་ཕན་ཁོ་ན་ཙམ་གཙིགས་སུ་གཉེར་མི་རུང་བར། གཞན་ཕན་གྱི་ལྷག་བསམ་གཙང་མ་ཞིག་གིས་སྤྱི་ཚོགས་ཀྱི་ཕན་བདེ་ཡི་དོན་དུ་རང་གི་ནུས་ཤུགས་ཕུལ་ན། བདེ་བའི་བདེ་བ་དེ་ཡིན་པ་དཔེ་དོན་ཟུང་འབྲེལ་གྱི་སྒོ་ནས་རྟོགས་པར་གསུངས་ཡོད།ལྷག་པར་མ་ཅིག་གི་རྣམ་ཐར་དུ་བཀོད་པའི་ཕུང་བོ་གཟན་སྐྱུར་གྱི་ལེའུ་དང་གང་པའི་ཞུས་ལན། ཡུམ་སྲས་ཀྱི་ཞུས་ལན་ལ་སོགས་པར་བལྟས་ན། བརྩམས་ཆོས་མི་ཉུང་བ་ཞིག་ནི་རང་གི་སྐལ་ལྡན་གྱི་སློབ་མ་སོ་སོའི་དྲི་བར་སློབ་མའི་སྣང་ངོ་དང་བསྟུན་གང་ཐུབ་ཀྱིས་ལན་འདེབས་གནངས་པ་ཤེས་ཐུབ་ཅིང་། གང་པའི་ཞུས་ལན་དུ།“བུ་ཉོན་དང་། བདུད་ཀྱི་མཚན་ཉིད་འདི་ལྟར་དུ་ཡིན་ནོ། ། བདུད་ཅེས་པའི་གཟུགས་ཆེ་ཞིང་ཁ་དོག་ནག་པོ་གང་གིས་མཐོང་ཡང་འཇིགས་ཤིང་ཡ་ང་བ་ཅན་ནི་དངོས་སུ་ཡོད་པ་མ་ཡིན་ནོ། ། བདུད་ཅེས་བྱ་བ་ནི་ཐར་བ་བསྒྲུབ་པའི་བགེགས་སུ་གྱུར་པ་གང་ཡིན་པ་དེ་ནི་བདུད་ཡིན་ནོ། །”③ཞེས་དང་རྒྱན་ཆེན་མའི་ཞུས་ལན་དུ་འཆི་རྟགས་གསུངས་པའི་སྐབས་སུ།“ནད་དྲག་པོ་ཐེབས་ནས་མཐར་ཐུག་པའི་སྐབས་སུ། ལུས་ཟུངས་ཤོར་ཞིང་དྲི་ངན་བྲོ་བ་དང་། ... ...ཁབ་བོར་བ་བཙལ་བ་ལྟ་བུའི་ལག་པས་ཉུག་ཉུག་བྱེད་པ། མིག་གི་ལམ་དུ་གཟུགས་འདི་ཡིན་མེད་པའི་ཟ་བེ་ཟོབ་བེ་མང་པོ་རང་གི་ལུས་ལ་འབྱར་སྙམ་ནས་ལག་པས་བཏོག་པའི་ཚུལ་བྱེད་པ། ... ...”④ཞེས་པ་ལྟ་བུ་རང་གི་ཡིད་ལ་གསལ་བོར་འཆར་ཡོང་བའི་དཔེ་ལ་བརྟེན་ནས་བསྟན་བྱ་གང་ཞིག་གོ་བདེའི་ཚིག་གིས་བརྗོད་ཡོད་ཅིང་། སློབ་མ་རེ་རེའི་འདོད་དོན་སྐོང་ཆེད་དུ་བརྩམས་གྲུབ་གནངས་པ་ཡིན་པས། འདི་ནི་དེང་གི་ཆར་གླེང་མུས་སུ་ཡོད་པའི་སློབ་མ་ལྟེ་བར་འཛིན་ཞིང་ཅི་བྱེད་ཐམས་ཅད་སློབ་མའི་དགོས་དོན་སྒྲུབ་སླད་དུ་ཡིན་པ་གསལ་བོར་རྟོགས་ཐུབ།

གཉིས། ཕྱི་རབས་ལ་བཞག་པའི་མཛད་རྗེས།

མི་ཚེ་སློབ་གཉེར་ལ་བསྟིམས་པའི་ཚུལ་དེ་ནི་སྤྱི་ཚོགས་དང་ལྷག་པར་དུ་བུད་མེད་ལ་བཞག་པའི་སྙིང་སྟོབས་ཀྱི་མཛད་རྗེས་ཡིན་ལ། དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ཅིང་རང་ཉིད་ཀྱི་ཐུགས་རྒྱུད་དྲི་མེད་སྣོད་ལྡན་དུ་འབད་པའི་ཚུལ་ནི་ཕྱི་རབས་པར་བཞག་པའི་མིག་དཔེ་འཕེར་བའི་སྤྱོད་བཟང་གི་མཛད་རྗེས་ཡིན་པ་དང་། ཕྱག་རྒྱ་ཆེན་པོའི་གཅོད་ཀྱི་གདམས་པའི་སྲོལ་བཏོད་ནས་དར་ཞིང་ཁྱབ་ཏུ་བཅུག་པར་མ་ཟད། གདམས་པ་འདི་ལ་བརྟེན་ནས་ནད་པ་མང་པོ་སྡུག་བསྔལ་ལས་ཐར་བར་བྱས་པ་ནི་ཐུན་མིན་རིག་གནས་ཀྱི་མཛད་པ་ཡིན།མ་ཅིག་གི་སློབ་མའི་ཚོགས་ལ“མདོ་དབུས་ཁམས་གསུམ་གྱི་བླ་མ་གདུགས་ཐོགས་པ་མན་ཆད་དགེ་བཤེས་གྲྭ་པ་དང་། མིའི་རྒྱལ་པོ་དཔོན་པོ་བློན་པོ་བཙུན་མོ་ཧོར་འདྲ་བཙུན་པ་དང་། སྐྱེ་བོ་ཕོ་མོ་དང་། མཛེ་སྤྲང་ཡན་ཆད་དང་། བཟང་དགུའི་གཏུགས་ས། ངན་དགུའི་བརྟེན་གནས་བྱེད་ཅིང་། དེ་ལྟ་བུའི་འཁོར་བཟང་ངན་ལྔ་སྟོང་ཙམ་རྒྱུན་དུ་འཁོར་བ་ཡོད་ཅིང་། བལ་བོའི་ཡུལ་ནས་མཇལ་པ་མང་པོ་འོངས་པས་སྐུ་བསོད་དང་ཆོས་ཀྱི་སྙན་པ་རྒྱ་གར་དུ་ཡང་གྲགས”①པས། རྒྱ་གར་གྱི་མཁས་པ་དག་གིས།“ཆོས་ཀྱི་འབྱུང་གནས་འདི་ཡིན་པ་ལ། འདིར་མ་གྲགས་པའི་ཕྱག་རྒྱ་ཆེན་པོ་གཅོད་བྱ་བའི་ཆོས་ཀྱི་སྲོལ་བཏོད་ནས། བལ་བོ་ཕན་ཆོད་ཐམས་ཅད་ཆོས་ལ་དབང་བསྒྱུར་ནས། བཞི་བརྒྱ་རྩ་བཞིའི་ནད་དང་། སྟོང་ཕྲག་བརྒྱད་ཅུའི་གདོན་གྱིས་མི་ཚུགས་པའི་གཅོད་ཟེར་བའི་ཆོས་འཆད་པ་པོ་ཡུམ་གྱི་སྤྲུལ་བ་ཡིན་ཟེར་བའི་བུད་མེད་མིག་གསུམ་ཡོད་པ་གཅིག་གིས་བྱེད་དོ་ཟེར་བར་གྲགས་པ་དེས། བོད་བསྣུབས་ནས་རྒྱ་གར་ཡང་བསྣུབས་པར་གདའ་བས། བུད་མེད་དེ་རྩད་གཅོད་འགྲོ་ཐང་།”②ཞེས། རྒྱ་གར་གྱི་ཨ་ཙ་ར་མི་ཤ་སྔོ་ལ་མིག་ཟབ་པ་ཧུར་ཧུར་བ་གསུམ་མ་ཅིག་དང་ཆོས་རྩོད་བྱེད་དུ་བོད་ལ་བྱོན་པས། མ་ཅིག་གི་ཞལ་ནས།“བོད་ཀྱི་ཆོས་རྒྱ་གར་དུ་ད་སྔ་ཕན་ཆད་ལ་ཡོད་མ་མྱོང་བ་ཡིན་མོད་ཀྱང་། ང་སྐྱེ་བ་མང་པོ་ལ་རྒྱ་གར་དུ་སྐྱེས་པས་ཁྱེད་རྒྱ་གར་པ་དང་ཆོས་ཀྱི་འབྲེལ་བ་མང་རབ་ཡོད། ད་ལྟ་ང་བོད་དུ་སྐྱེས་པས་ཁྱེད་རྒྱ་གར་དུ་མ་གྲགས་པའི་དམ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བ་སྟོན་པ་ཡིན་པས། སྤྲང་མོ་ངའི་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་གྲགས་པའི་གཅོད་ཡུལ་འདི་ཁྱེད་རྒྱ་གར་པ་ལ་ཡང་གཟིགས་ཕུལ་ཞིག་བྱེད་དགོས”③གསུངས་ཏེ། གཅོད་ཀྱི་བཀའ་ཚོམས་ཆེན་མོ་དང་ཉིང་ཚོམ་ཆེན་མོ། གནད་ཐེམས། ཁོང་རྒོལ་ལ་སོགས་གཅོད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་དེ་ལྷག་ལུས་མེད་པར་གསུངས་པས། དེར་འཚོགས་ཐམས་ཅད་མ་ཅིག་དང་མའི་ཆོས། སྐྱེས་རབས་དང་གླེང་གཞིའི་རྒྱུས་གཏམ་ཐམས་ཅད་ལ་ཡིད་ཆེས་ཤིང་ཐེ་ཚོམ་བསལ་ཅིང་ཆོས་ཀྱི་སྒྲོ་འདོགས་བཅད། དེ་ནས་ཨ་ཙ་ར་གསུམ་གྱིས“རྒྱ་གར་པ་ཐམས་ཅད་རྡོ་རྗེ་གདན་དུ་བསྡུས་ནས། མ་ཅིག་གིས་གསུངས་པ་རྣམས་ལྷག་ལུས་མེད་པར་ཞུས།”④ཞེས་སོ། །མདོར་ན་མིག་མདུན་གྱི་བདེ་སྡུག་ཁོ་ནར་མ་ཆགས་པར་མིག་རྒྱང་རིང་བོའི་སྒོ་ནས་རང་གི་བུ་ཕྲུག་སོགས་ལེགས་པར་སྐྱོང་ཞིང་། དཔལ་འབྱོར་དང་རིག་གནས་སོགས་གང་གི་ཐད་ནས་ཀྱང་རང་རྐྱ་ཐུབ་ན་དོན་བྱ་གང་ཡང་ལམ་ལྷོང་ཡོང་བ་དང། མོ་ནི་རང་དཔེ་གཞན་སྟོན་ཐུབ་པའི་སློབ་གསོ་པ་ཞིག་དང་སྐབས་དེ་དུས་སྐྱེས་མའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ལམ་སྟོན་པ་ཞིག་ཏུ་བགྲངས་ཆོག “རང་གི་རྒྱུད་འཛིན་གྱི་སྐྱེས་བུ་མང་པོར་ཆེད་དུ་བརྩམས་ཆོས་པོད་རེར་ཤོག་ལྷེ་བཞི་བརྒྱ་བྱས་པའི་པོད་ང་བདུན་ལྷག་བརྩམས་གནང་ཡོད”⑤པར་གྲགས་པ་དང་། གཅོད་ཀྱི་གདམས་པར་བརྟེན་ནས་ནད་པ་མང་པོ་དྲག་སྐྱེད་ཡོང་དུ་བཅུག་པ་སོགས་འགྲོ་བའི་དོན་དུ་བྱ་གཞག་གལ་ཆེན་མང་དུ་སྒྲུབ་ཡོད་པས། མ་ཅིག་ལབ་སྒྲོན་ནི་རྩོམ་པ་པོ་ཞིག་དང་སྨན་པ་མཁས་ཅན་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག།
མཇུག་བསྡུ་བ།
རྩ་བའི་ཆ་ནས་བཤད་ན་དུས་རབས་བཅུ་གཅིག་པའི་ནང་དུ། བོད་མོ་མཁས་པ་མང་པོ་ཞིག་བྱུང་མྱོང་ཡོད་པ་རེད། ཁོ་མོ་གྲྭ་ཐང་དུ་བཞུགས་པའི་དུས་སུ་ཕ་དམ་པ་དེར་ཕེབས་ཏེ།“ཇོ་མོ་མཁར་སྒོམ་དང་ཇོ་མོ་ཆོས་མཚོ། ལབ་སྒྲོན་གསུམ་ལ་ཕ་རོལ་ཏུ་ཕྱིན་པ་བཀའ་མདོ་དོན་རྒྱུད་ཀྱི་མན་ངག་གི་སྒོ་ནས ... ...”①ལྟ་བུ་སོགས་དུས་སྐབས་དེ་ལ་མ་ཅིག་ལབ་སྒྲོན་ཕུད། མཁས་པའི་མདུན་དུ་ཐོས་བསམ་ལ་གཞོལ་མྱོང་བའི་བོད་ཀྱི་བུད་མེད་མང་པོ་ཞིག་ཡོད་མོད། དེང་སང་ང་ཚོའི་མཐོང་མིག་ཏུ་ཡོད་པ་ནི་མ་ཅིག་གི་རྣམ་ཐར་ཙམ་ཡིན་པས། ང་ཚོས་མ་ཅིག་ལབ་སྒྲོན་གྱི་སློབ་གཉེར་གྱི་ལམ་ཁར་བསྐྱར་བལྟས་བྱས་ན། བཤེས་གཉེན་ལ་མ་བསྟེན་པར་རང་དགར་མཁྱེན་དཔྱོད་ཀྱི་བློ་ཁོག་ཡངས་ཏེ་ཤེས་བྱ་ཀུན་རང་རྒྱུད་དུ་འབྱོར་སོང་བ་ཞིག་བགྲང་དུ་མེད་ཅིང་། དཀའ་སྡུག་དང་རྩོལ་བ་མ་སྤྱད་པར་བརྡར་གཅོད་ཀྱི་དབང་བོ་རྣོ་བ་ཞིག་ཀྱང་སྟོན་དུ་མེད་པ་ཤེས་ཐུབ། ནང་སྒོས་སུ་དུས་སྐབས་དེའི་ནང་གི་བུད་མེད་དག་ལ་མཚོན་ན། སློབ་གསོ་མྱོང་མཁན་ཕལ་ཆེ་བ་ནི་སྐུ་དྲག་དང་ཕྱུག་བདག་གི་བུ་མོ་ཡིན་ན་ཡང་། ཁོ་ཚོས་རང་གི་ཁྱིམ་མི་དང་གཉེན་ཉེའི་མདུན་དུ་ཐོས་བསམ་བྱེད་ཀྱི་ཡོད་པ་ལས། མང་པོ་གཅིག་ཏུ་འདུས་ནས་སློབ་སྦྱོང་བྱེད་པ་ནི་ཤིན་ཏུ་དཀོན། མ་ཅིག་ལབ་སྒྲོན་གྱིས་བུད་མེད་དག་ལ་ཆེད་དམིགས་ཀྱིས་གཅོད་ཡུལ་བའི་ལྟ་དགོངས་སློབ་གཉེར་བྱེད་དུ་བཅུག་པས། དུས་འདི་ནས་བཟུང་བོད་ཀྱི་བུད་མེད་དག་བསླབ་པ་སློབ་གཉེར་གྱི་གོམ་ཁར་གཞོལ་རྒྱུ་ཇེ་མང་དུ་སོང་སྟེ། མི་འགྱུར་དཔལ་སྒྲོན་དང་ཤུག་གསེབ་རྗེ་བཙུན་མ། དབུས་བཟའ་མཁའ་འགྲོ་སོགས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པའི་སྐྱེས་མ་རྣམ་དཔྱོད་ཅན་མང་དུ་འཕེལ་བ་ཤེས་ཐུབ་པ་རེད། །

(注:本文系西北民族大学2021年中央高校基本科研业务费专项资金资助研究生项目“玛久拉仲传记中尊师礼仪的教育价值研究”之课题成果。项目编号:Yxm2021051)
* སྒྲོལ་མ་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་སྐད་ཡིག་རྩོམ་རིག་སློབ་ཁག2020ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།
* དཔལ་མོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན
① ཆོས་ཀྱི་སེང་གེ་དང་གང་པ། ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992:382.
② ཚེ་རིང་ཕུན་ཚོགས། མ་ཅིག་ལབ་སྒྲོན་དང་ཁོང་གི་རྩོམ་རིག་བརྩམས་ཆོས་སྐོར་གླེང་བ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
2018:78.
①③④ ཆོས་ཀྱི་སེང་གེ་དང་གང་པ། ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992:316.345.464.
② སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས། ཡེ་ཤེས་ཀྱི་ཌཱ་ཀྀ་མ་ཇོ་མོ་ལབ་སྒྲོན་གྱི་རྣམ་ཐར་དང་བཀའ་ཚོམས་ཆེན་མོ་སོགས་བཞུགས་སོ། ། 63.
①②③④ ཆོས་ཀྱི་སེང་གེ་དང་གང་པ། ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992:306.307.315.313.
⑤ ཚེ་རིང་ཕུན་ཚོགས། མ་ཅིག་ལབ་སྒྲོན་དང་ཁོང་གི་རྩོམ་རིག་བརྩམས་ཆོས་སྐོར་གླེང་བ་། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018:39.
① ཆོས་ཀྱི་སེང་གེ་དང་གང་པ། ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992:274.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1