རབ་རྒྱས་ཡུལ་ཤོག་གི་བོད་གྲོང་།
གངས་རི་ལས་འབབ་པའི་དར་ཆུ་གྲོང་རོང་ལས་བཞུར་བའི་ཆུ་བོ་ཆེན་པོ་དང་འདྲེས་རྗེས། དར་ཆུའི་ཁ་དོག་དང་ངོ་བོ་ཆུ་བོ་ཆེན་པོ་དང་གཅིག་པར་ཆགས་པ་ནང་བཞིན། རིའི་སྟོད་སྨད་དང་ཆུའི་ཕར་ཚུར་ལ་གནས་བཅས་པའི་ཚོ་ཁག་བར་ཡུན་རིང་པོར་འགྲོ་འོང་བྱས་རྗེས། ལུས་ཀྱི་གྱོན་ཆས་དང་ངག་གི་བརྗོད་པ། ཡིད་ཀྱི་དྲན་སྟངས་བཅས་འོ་ཆུ་འདྲེས་པ་ལྟར་དུ་གྱུར་མོད། དེ་ལས་ཅུང་འགྱུར་དཀའ་བ་ནི་སོ་སོའི་སེམས་པའི་ནང་གི་དད་པ་དེ་རེད་འདུག །
དེ་སྔོན་གཡག་རྔ་གྲོང་ཁྱེར་གྱི་ཧྲི་མན་རྫོང་ཁོངས་སུ་ཆགས་པའི་བོད་པའི་ཡུལ་ཤོག་འགའ་ལ་རྟོག་ཞིབ་བྱས་རྗེས། ལོ་རྒྱུས་ཀྱི་ཆུ་རྒྱུན་འགྲམ་ལ་ང་ཚོ་ནི་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། རྩམ་པ་ཆུ་ནང་སྦྱངས་པ་ལྟ་བུའི་ལས་དབང་ལ་བཤད་མི་བཏུབ་པའི་སྐྱོ་སྣང་ཞིག་སྐྱེས་པ་དང་། གཡག་རྔ་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་བོད་གྲོང་གཞན་དག་ཀྱང་དེ་འདྲ་ཡིན་རྒྱུ་རེད་བསམས་ཏེ་མུ་མཐུད་ནས་རྟོག་ཞིབ་བྱེད་འདོད་ཆེ་བས། གཡག་རྔ་གྲོང་ཁྱེར་ན་ཡོད་པའི་མི་རྒན་ཞིག་ལ་བཅར་འདྲི་བྱེད་པའི་གོ་སྐབས་དང་བསྟུན་ནས་བོན་གཤིས་རྫོང(宝兴县)གི་ཕྱོགས་སུ་སོང་།
མུ་ཕྱི་རྒྱལ་པོའི་དྲན་རྟེན་ཁང་།
བོན་གཤིས་རྫོང་ཆགས་ས་ནི་ལུང་པ་ཟབ་མོ་ཞིག་རེད། གྲོང་མགོར་བྱི་ལ་དོམ་གྱི་ཕ་ཡུལ་ཞེས་བྲིས་ཡོད་པའི་སྒོ་ཆེན་ཞིག་དང་དེའི་གཡས་ཕྱོགས་སུ་མུ་ཕྱི་རྒྱལ་པོའི་མཁར་རྫོང་ཞེས་པ་ཞིག་སྣང་ལ་མུ་ཕྱི་རྒྱལ་པོ་ལ་མུ་ཕྱིས་དང་མི་ཕམ་ཞེས་འབྲི་ཚུལ་མི་འདྲ་བ་འགའ་འདུག །རྒྱལ་པོ་དེ་ཆེས་དར་སྐབས་ད་ལྟའི་གཡག་རྔ་སོགས་རྫོང་ཁག་དྲུག་ཙམ་མངའ་འོག་ཏུ་ཡོད་པར་གྲགས། དེའི་རྒྱལ་རབས་ཡིག་ཐོག་ཏུ་བཀོད་པ་ལྟར་ན། རྒྱལ་པོ་ནམ་མཁའ་ནོར་བུ་ནས་རྒྱལ་མཚན་རྡོ་རྗེའི་བར་ཏེ་སྤྱི་ལོ1383ལོ་ནས་1920ལོའི་བར་རྒྱལ་རབས་ཉི་ཤུ་རྩ་བརྒྱད་ཙམ་ཡོད་པ་དང་། རྒྱལ་ས་ནི་ཐོག་མར་གཡག་རྔ་རུ་ཡོད་ཅིང་། རིམ་བཞིན་ཡར་སྤོས་ནས་མཐར་བོན་གཤིས་རྫོང་དུ་ཆགས་པ་རེད་འདུག །
རབ་རྒྱས་སྐྱེས་པའི་གྱོན་པ།
མུ་ཕྱི་རྒྱལ་པོའི་མཁར་རྫོང་གི་འགྲམ་དུ་ལུས་ལ་ལྭ་བ་སྔོན་པོ་གྱོན་ཞིང་། མགོ་ལ་པགས་རས་དཀྲིས་པའི་ལོ་ལོ་གཉིས་འདུག །ཁ་བརྡ་བྱེད་དུས་ཁོང་གཉིས་ནི་བོན་གཤིས་རྫོང་རབ་རྒྱས་ཡུལ་ཤོག་གི་བོད་རིགས་ཡིན་ལ། རྫོང་ཐོག་གི་སློབ་གྲྭའི་ནང་དུ་ཡོད་པའི་ཚ་བོ་ཚ་མོ་རྣམས་བདག་བྱེད་དུ་ཡོང་བ་ཡིན་པ་ཤེས་བྱུང་། ཁོ་གཉིས་ཀྱིས་བཤད་པའི་སྐད་ཆ་ནི་བཙན་ལྷའི་རྒྱལ་རོང་གི་སྐད་དང་གཅིག་པ་རེད་ཟེར། མིག་ལ་དེ་སྨྱག་དང་སྣ་ལ་སི་སྣ། རྒྱལ་པོ་ལ་རྒྱལ་པོ། གྲངས་ཀ་བརྩི་དུས་གཅིག་གཉིས་གསུམ་དང་ལྔ། དྲུག །དགུ་བཅས་ཀྱི་སྔོན་ལ་དེ་སྒྲ་ཞིག་བསྣན་ཏེ་དེ་གཅིག་དང་དེ་གཉིས། དེ་གསུམ་ཞེས་ཟེར། མི་ཚང་མ་ལ་བོད་མིང་དང་རྒྱ་མིང་རེ་ཡོད་ཟེར། དཔེར་ན་ལོ་ལོ་དེ་གཉིས་ལས་གཅིག་ལ་སེང་གེ་འབུམ་དང་། གཞན་ཞིག་ལ་ཚེ་རིང་མཚོ་ཟེར་ཡང་རྒྱ་མིང་གསང་ནས་འདི་ལྟར་རེད་ཅེས་བཤད་མ་བྱུང་། ཁོ་གཉིས་ལ་མུ་ཕྱི་རྒྱལ་པོའི་སྐོར་གྱི་དྲི་བ་དྲིས་ཀྱང་རྒྱལ་པོའི་མཁར་རྫོང་རྙིང་པ་ཆགས་ས་ནི། ད་ཡོད་ཀྱི་མཁར་རྫོང་གི་མདུན་ཕྱོགས་ཀྱི་རི་འབུར་འབུར་ཞིག་ཡོད་པ་དེ་རེད་ཟེར་བ་ཙམ་ལས་དེ་མིན་ཅི་ཡང་བཤད་རྒྱུ་མི་འདུག །
རབ་རྒྱས་བུད་མེད་ཀྱི་མགོ་རྒྱན
བོན་གཤིས་རྫོང་ནས་ཞིང་ཆེན་རིམ་པའི་ལམ་210དེད་དེ་འགྲོ་དུས་ལུང་པའང་ཇེ་དོག་ནས་ཇེ་དོག་རེད། རི་སྐེད་ལ་སྨུག་པ་འཁྲིགས་པ་ནི། ས་དེ་གའི་བུད་མེད་ཚོས་སྐེད་པ་ལ་བཅིངས་པའི་སྐེད་རགས་དང་ཧ་ཅང་འདྲ། ལོ་རྒྱུས་ཐོག་བོད་མི་ཚོའང་གནམ་གཤིས་དྲོ་བའི་ས་དམའ་སར་གནས་ཆགས་མྱོང་ཡང་། རིམ་བཞིན་དུ་ས་མཐོ་ས་ལ་གནས་སྤོས་པའི་རྒྱུ་མཚན་ནི་མང་པོ་ཡོད་སྲིད་པས། ང་ཚོས་མུ་མཐུད་དུ་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་སྙམ།
རབ་རྒྱས་ཡུལ་ཤོག་གི་མངའ་ཁོངས་སུ་སླེབས་དུས། ལམ་འགྲམ་ལ་ཟམ་མདོ་བོད་མཁར་ཞེས་པའི་བོད་པའི་གྲོང་སྡེ་ཞིག་དང་ཐུག །གྲོང་པའི་ནང་དུ་སོང་བ་ན་ཁང་པ་རྩེག་གསུམ་ཅན་གྱི་རྩེག་གཉིས་པར་ཁྱམས་ར་ཡོད་པ་དང་། ཐོག་རྩེག་ལ་རྫ་གཡམ་བཀབ་ཅིང་། མདུན་གྱི་གཡས་གཡོན་གཉིས་ལ་དབྱིབས་ཟུར་གསུམ་ཅན་གྱི་ཤིང་ལེབ་རེ་བཏགས་འདུག །ཁང་པའི་རྩིག་པར་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲིས་པ་དང་། སྒོ་དང་སྐར་ཁུང་འགྲམ་ལ་པད་མ་ཆོས་རྩེག་ཡོད་པ་བཅས་ལས་བོད་པའི་རིག་གནས་ཀྱི་རྟགས་མཚན་ཅུང་ཙམ་མངོན།
གྲོང་པའི་མི་ཚོས་ཀྱང་ཡུལ་དེ་གའི་ཆ་ལུགས་ལྟར། སྐྱེས་པ་དང་བུད་མེད་རྣམས་ཀྱིས་ལུས་ལ་ནམ་མཁའི་མདོག་དང་འདྲ་བའི་རས་སྔོན་པོའི་ཕྱུ་པ་གྱོན་ཡོད་པས་མ་ཚད། བུད་མེད་ཚོས་ཀྱང་མགོ་ལ་མགོ་རས་བཅིངས་པ་དང་། དེའི་ཐོག་ལ་བྱ་རྒྱལ་ཁྱུང་གི་རི་མོ་ཡོད་མེད་ཅི་རིགས་ཀྱི་རྒྱན་ཆ་བཏགས་པ་མང་། མི་རེ་ལ་རྒྱ་མིང་དང་བོད་མིང་རེ་འདུག །དཔེར་ན་རྒད་པོ་ལོ་ལོ་ཞིག་ལ་རྒྱ་མིང་དུ་ཡུས་ལན་ཁའེ་དང་བོད་མིང་དུ་རྒྱ་མཚོ་ཟེར། བུད་མེད་ཅིག་ལ་རྒྱ་མིང་དུ་ཀྲང་ཀྲེ་དབྱིན་དང་བོད་མིང་ལ་པད་ཕྱུག་ཟེར་བ་ལྟ་བུ་རེད། ཁོང་ཚོའི་སྐད་དུ་ནང་དུ་ལག་པ་ལ་ན་ཡག་དང་རྐང་པ་ལ་ན་སྨད། བ་གླང་ལ་བ་གླ། ཕག་ཤ་ལ་བག་ཅེས་ཟེར་བ་དང་། དངུལ་ལས་བརྡུངས་པའི་ཕྱེ་མ་ལེབ་ལྟ་བུའི་སྐྲ་རྒྱན་གྱི་དཀྱིལ་དུ་ཁྱུང་གི་རི་མོ་འདུག་པ་དེར་ཏ་ཀོང་བཙུགས་ཞེས་པ་དང་། ཨ་ལུང་ལ་སྨན་ཏ་ཅི་ཞེས་ཟེར། དེས་མ་ཚད་ཤིང་གི་ཇ་མདོང་ནང་ཇ་སྲུབ་པ་དང་། ཕོ་ལོག་དང་མོག་མོག་འཆའ་བ་སོགས་བོད་ཀྱི་བཟའ་བཏུང་རིག་གནས་ཀྱང་མ་ཉམས་པར་འདུག་ལ། ལོ་ལོ་རྣམས་ཀྱིས་ཐག་རིང་ནས་ཡོང་བའི་མགྲོན་པོར་སྐམ་ལྟོགས་བྱུང་ཡོད་མེད་ཅེས་འཚམས་འདྲི་གནང་བ་དང་། དོགས་མེད་འཛེམས་མེད་ཀྱིས་ཁ་བརྡ་བྱས་ཤིང་འགྲོ་ལམ་བསྟན་པ་བཅས་ལས། ང་ཚོ་ཚང་མ་ནི་རིག་གནས་གཅིག་གི་ཆུ་རྒྱུན་འཐུང་མཁན་ཡིན་པ་ཚོར་བས། ས་དེ་གའི་རི་ཆུ་དང་རྩི་ཤིང་། ས་ཞིང་དང་ཁང་པ་ཚང་མ་སྔར་ནས་འདྲིས་ཤིང་གོམས་པ་ལྟར་སྙིང་རྗེ་མོ་ཞིག་རེད།
རབ་རྒྱས་ཡུལ་ཤོག་གི་ཁོངས་སུ་ལྕང་ལོ་དང་ཚེ་དཀར། དཀར་རི། ལེགས་ལོ། རྒྱ་ལ་ཞེས་བོད་པའི་གྲོང་སྡེ་ལྔ་འདུག །གྲོང་མིང་དེ་ཚོ་ནི་བོད་མིང་ཡིན་ཐག་ཆོད་མོད། མི་སུ་ལ་དྲིས་ཀྱང་འདི་དང་དེ་ཞེས་ཅི་ཡང་བཤད་རྒྱུ་མེད་པས། ངས་ཀྱང་རྒྱ་ཡིག་གི་སྒྲ་གདངས་གཞིར་བཟུང་ནས་བོད་ཡིག་ཐོག་དེ་ལྟར་མི་འབྲི་ཁག་མེད་རེད།
ལྕང་ལོ་གྲོང་གི་ལུང་པ་དེད་ནས་ཡར་སོང་དུས། ལམ་བར་དུ་ཁང་རྙིང་མང་པོ་མཐོང་རྒྱུ་ཡོད་པ་དེ་ཚོའང་གོང་དུ་བཤད་པ་དང་འདྲ་མོ་རེད། གྲོང་སྟོད་ལ་ཡུལ་དེའི་སྐད་ནང་སྲིང་བལ་ཞེས་པའི་ཡུལ་སྐོར་ལྗོངས་རྒྱུའི་ས་གནས་ཤིག་འདུག །ས་དེ་གའི་བུ་མོ་མགོན་མཚོ་ཡིས་སྲིང་བལ་ཞེས་པ་ནི། རྒྱལ་རོང་སྐད་དུ་རྩེད་མོ་རྩེ་ས་ཞེས་པའི་དོན་རེད་ཟེར། དེའི་མཐའ་འཁོར་ལ་ཨ་ཤིས་ལྷ་མོ་དང་འཕགས་ལྷ། རིག་འཛིན་ལྷ་མོ་ཞེས་པའི་གཞི་བདག་གསུམ་ཡོད་ཟེར། ཆོས་ལུགས་ནི་བན་བོན་གཉིས་ཀའི་སྲོལ་མ་ཉམས་པར་འདུག །ཁྱད་པར་དུ་བྱ་རྒྱལ་ཁྱུང་གིས་སྒོ་ང་གཏོང་བ་ཞེས་པའི་རྩེད་མོ་དེ་ནི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད། བཤད་སྲོལ་དུ་གནའ་སྔོན་མར་དུག་སྦྲུལ་ཆེན་པོ་ཞིག་གིས་ཡུལ་མི་རྣམས་ལ་གནོད་པ་བྱེད་སྐབས། བྱ་རྒྱལ་ཁྱུང་གིས་རྩ་མེད་བཏང་བས་ཁྱུང་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་རྩེད་མོ་དེ་དར་བ་རེད་ཟེར། དེ་ཡང་གཏམ་རྒྱུད་ནི་ལོ་རྒྱུས་སུ་བརྩི་མི་རུང་མོད། གཏམ་རྒྱུད་ནང་དུ་མི་རིགས་ཀྱི་གསང་བ་སྦས་ཡོད་པས། གོང་གི་གཏམ་རྒྱུད་དེ་ལས་ས་དེ་གའི་ཡུལ་མི་ཚོས་ཁྱུང་ལ་དད་གུས་བྱས་དང་བྱེད་བཞིན་ཡོད་པ་ཤེས་ཐུབ།
ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱལ་རོང་གི་མེས་པོ་རྣམས་ནི་ཞང་ཞུང་ལས་བྱུང་བ་དང་། ཞང་ཞུང་ནི་ཁྱུང་དང་ཁ་བྲལ་དུ་མེད་པའི་འབྲེལ་བ་ཡོད་པར་བཤད། མཁས་དབང་ནམ་མཁའི་ནོར་བུ་ལགས་ཀྱིས། ཞང་ཞུང་གི་མི་རྒྱུད་གང་ནས་མཆེད་པའི་རུས་ཆེན་གྱི་གཙོ་བོ་ནི་བསེ་ཁྱུང་སྦྲ་ཞེས་སུ་གྲགས་པ་དེ་ཡིན་ལ། སྤྱིར་བཏང་དུ་བསེ་ཁྱུང་སྦྲ་ཞེས་བརྗོད་པའི་ཚེ་སྦྲ་ལ་བསེ་ཁྱུང་ཞེས་པའི་ཁྱད་ཆོས་ཀྱི་ཚིག་སྦྱར་བའི་སྲོལ་འདྲ་པོ་ཞིག་ཏུ་སྣང་མོད། དོན་དུ་སྦྲའི་ནང་ཁོངས་སུ་གཏོགས་པའི་རུས་ཚན་བྱེ་བྲག་པ་འགའ་ལ་བསེ་དང་ཁྱུང་ཞེས་བྱ་བ་ཡིན། ཞང་ཞུང་གི་མི་རྒྱུད་དེ་རྣམས་གཙོ་ཆེར་ཁྱུང་གི་རུས་ཚན་ལས་གྱེས་པ་ཡིན་སྟབས་ཡུལ་ཁམས་ལའང་ཁྱུང་སྟེ། ཞང་ཞུང་གི་གནའ་སྐད་དུ་ཞུང་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་གོར་མ་ཆག་ཅེས་གསུངས། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ནང་དུ། ཀུན་ཏུ་བཟང་པོའི་སྤྲུལ་པ་རིག་སྣང་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་འགྲོ་བའི་དོན་ལ་དགོངས་ནས་སྐུ་གསུང་ཐུགས་ལས་སྤྲུལ་པའི་བྱ་ཁྱུང་གསུམ་ཡར་མར་འཕུར་ནས་ཞང་ཞུང་གི་ཡུལ་ཁ་ཡུག་མེ་ཏོག་མཛེས་པའི་ཚལ་ལ་བབ། དེ་ལ་ཞང་ཞུང་གི་མི་རྣམས་ངོ་མཚར་སྐྱེས་ནས་མཐོང་མ་མྱོང་བའི་འདབ་ཆགས་ཟེར་བ་ལ་རྒད་པོ་ལོ་ལོ་ཁ་ཅིག་ན་རེ། རྭ་ཅོ་འདུག་པས་ཁྱུང་ཕོ་ཡིན་འདུག་ཟེར། དེར་ཁྱུང་གསུམ་དབྱིངས་སུ་འཕུར་ནས་སོང་བའི་ཤུལ་དུ་བལྟས་པས་སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྒོ་ང་དཀར་ནག་སེར་ཁྲ་བཞིར་འདྲིལ་བ་བརྡོལ་བའི་ནང་ནས་མཚན་དང་ལྡན་པའི་ཁྱེའུ་རེ་རེ་བྱུང་བའི་མིང་ཡང་ཁྱུང་ཕོ་ཞེས་བཏགས་ཏེ། ཆེ་བ་ཁྱུང་དཀར་ཐོག་ལ་འབར། དེ་འོག་ཁྱུང་སེར་ལྷ་ཁྱུང་། དེ་འོག་ཁྱུང་འཕགས་ཁྲ་མོ། ཆུང་བ་མུ་ཁྱུང་རྒྱན་ཞེས་གྲགས་སོ་ཞེས་བཀོད་འདུག །གཡུང་དྲུང་བོན་རྣམས་ཀྱི་ལྟ་བ་ལྟར་ན། དེ་ནི་རྟོག་བཟོའི་བྱ་ཞིག་མིན་པར་ལོ་ངོ་ཁྲི་ལྷག་གི་སྔོན་དུ་མངའ་རིས་དང་པར་སིག་བཅས་ལ་བྱུང་མྱོང་བ་དང་། བསྐལ་པ་ཐོག་མར་ཆགས་དུས་སྲིད་པ་འདིར་ཀླུ་ཡི་རིགས་ཀྱིས་གནོད་པ་བྱས་ཏེ། ཆུ་ལོག་ཆེན་པོས་མི་རྣམས་འདུག་བཟོད་མེད་པར་བྱས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་མངགས་བཅོལ་བྱས་པ་ལྟར། བྱ་རྒྱལ་ཁྱུང་གིས་ཀླུ་ཡི་རིགས་དེ་དག་རྩ་མེད་དུ་བཏང་སྟེ་མི་རྣམས་ཀྱི་གནས་ཡུལ་བདེ་ཞིང་འཇགས་པས། དུས་དེ་ནས་བཟུང་ཚང་མས་བྱ་རྒྱལ་ཁྱུང་སྲུང་མར་བཀུར་བར་གྲགས། ལྷ་སྒྲུང་དེར་ཞིབ་ཏུ་བསམས་ན། དེ་ནི་འགྲོ་བ་མི་འབྱུང་བའི་དྭངས་མ་ལས་གྲུབ་པའི་སྲིད་པའི་ཀློང་གི་སྒོ་ང་ལས་བྱུང་བའི་ལྟ་བ་དང་འབྲེལ་བ་ཡོད་ལ། བོད་མིའི་རུས་བླ་དང་ཡང་འབྲེལ་བ་ཡོད་པ་ཞིག་སྟེ། གནའ་སྔོན་མར་རུས་ཚན་སོ་སོ་ལ་རུས་བླ་རེ་ཡོད་པ་ནི། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་གནོད་འཚེ་འདྲ་མིན་སྣ་ཚོགས་འགོག་པའི་ཆེད་དུ། སྲོག་ཆགས་ནུས་སྟོབས་ལྡན་པ་རྣམས་བླ་རུ་བཀུར་ཏེ། དང་ཐོག་རུས་རྒྱུད་སོ་སོ་དབྱེ་བ་འབྱེད་བྱེད་ཀྱི་རྟགས་མཚན་བྱས་པ་དང་། རིམ་བཞིན་རུས་བླར་གྱུར་ཏེ་དད་བཀུར་བྱེད་སྲོལ་ཆགས་པ་རེད།
ད་ལྟར་ང་ཚོས་མཐོང་བའི་ཁྱུང་གི་རི་མོའམ་འདྲ་གཟུགས་ནི། ཐོད་པར་འོད་དུ་འཚེར་བའི་མིག་གསུམ་དང་ལྕགས་ཀྱི་སྦར་མོ། རྡོ་རྗེ་ཕ་ལམ་དང་ཡང་ན་ཆུ་ཤེལ་གྱི་རྭ་ཅོ། ལག་པ་གཉིས་ཀྱིས་སྦྲུལ་ཞིག་བཟུང་སྟེ་སོ་འདེབས་པ་བཅས་ཀྱི་རྣམ་པ་རེད། བོད་མི་རྣམས་ཀྱིས་དེ་ལ་དད་བཀུར་ཚད་མེད་བྱས་ཏེ། གདོན་འདྲེའི་གནོད་པ་དང་བགེགས་བར་ཆད་འགོག་པའི་ཆེད་དུ། སྒོ་ཁ་དང་མཆོད་ཁང་བཅས་སུ་རི་མོར་བྲིས་པའམ་འདྲ་གཟུགས་སུ་བཞེངས་ཏེ་མཆོད་པའི་སྲོལ་དར་བ་རེད། དེར་བརྟེན་ཁྱུང་གིས་སྒོ་ང་གཏོང་བ་ཞེས་པའི་ངག་རྒྱུན་དེ་ལས་ཀྱང་། འདི་གའི་མི་རྣམས་ནི་རྒྱལ་རོང་བོད་པ་ཡིན་པ་དང་མཆེད་ཁུངས་ནི་ཞང་ཞུང་ཡིན་པ་ཤེས་ཐུབ་སྙམ།
མགོན་མཚོ་ནི་ས་ཆ་དེའི་བོད་པའི་བུ་མོ་ཞིག་རེད། ངེད་གཉིས་ཐོག་མར་འཕྲད་དུས་མོ་ཡིས་ང་ནི་ཐག་རིང་ནས་ཡོང་བའི་ཡུལ་སྐོར་པ་ཞིག་ཏུ་བསམས་ཏེ། གྲོང་སྟོད་ཀྱི་སྲིང་བལ་ཞེས་པའི་ཡུལ་ལྗོངས་ལ་ལྟ་བར་འགྲོ་འདོད་ཡོད་མེད་དྲིས་མོད། ངས་ཡུལ་ལུང་པ་དེའི་ས་མིང་དང་ཆུ་མིང་། ཡུལ་སྲོལ་གོམས་གཤིས་བཅས་ཀྱི་གནས་ཚུལ་དྲིས་པ་ན། མོས་ང་ནི་ཁོང་དང་རིགས་མཐུན་པས་མ་ཚད་ངོ་མཚར་བའི་ལྟད་མོའི་ཆེད་དུ་མ་ཡིན་པར། རི་ཆུར་བཀྲམ་པའི་རིག་གནས་འཚོལ་དུ་ཡོང་བ་ཡིན་པ་ཤེས་མ་ཐག །གཏམ་གྱི་ཁ་ཕྱོགས་བསྒྱུར་ཏེ་ས་ཆ་དེའི་ཡུལ་སྲོལ་སོགས་རང་གིས་ཤེས་ཚད་གསལ་པོར་བཤད་པས་མ་ཚད། དེ་སྔོན་ཆ་རྐྱེན་ཞན་པས་ཡུལ་མི་ཚོའི་འགྲོ་འདུག་འཆག་ཉལ་ལ་དཀའ་ངལ་ཆེ་མོད། རྒྱལ་རོང་བོད་མི་ཚོའི་ལུས་པོར་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ཁྲག་རྒྱུན་དམར་པོ་བཞུར་བཞིན་ཡོད་པས། རང་རང་སོ་སོའི་བློ་རིག་དང་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྲུན་པ་རེད་ཅེས་སྤོབས་པ་ཆེན་པོས་ངོ་སྤྲོད་བྱེད་དུས། ངས་མོ་ནི་ས་ཕྱོགས་གཞན་གྱི་ན་གཞོན་ཚོ་དང་མི་འདྲ་བར། རང་ཡུལ་ལ་ཆ་རྒྱུས་ཡོད་པས་མ་ཚད་ཡུལ་མི་ཚོ་ལ་དགའ་ཞེན་ཆེ་བ་དང་། ཕ་ཡུལ་ནི་རང་གི་མིང་བྱང་དང་རྒྱན་ཆར་རྩི་བའི་ཡིད་འཕྲོག་མ་ཞིག་རེད་ཨང་བསམས་བྱུང་ལ། དེ་དང་ཆབས་ཅིག་ཏུ། གོང་ནས་ལྟོ་གོས་གནང་བར་ལག་པ་བརྐྱངས་ཏེ་སྒྱིད་ལུག་ངང་སྡོད་པའི་སྣང་བ་སྐྱིད་པོ་ཚོ་དང་མི་འདྲ་བར། རང་སྐལ་ཆུ་རྡོ་ཡིན་རུང་ཁུར་ཏེ་འཇིག་རྟེན་འཁོར་བའི་ནང་མི་ཡི་འཚོ་བ་བརྩོན་ལེན་བྱེད་པའི་རྒྱལ་རོང་བོད་མི་ཚོ་ཡང་ནས་ཡང་དུ་དྲན་བྱུང་།
བུ་མོ་མགོན་མཚོས་སྣེ་ཁྲིད་པ་ལྟར་ང་ཚོ་འགྲེམས་སྟོན་ཁང་ཞིག་ཏུ་སོང་། རབ་རྒྱས་ཡུལ་ཤོག་གི་བོད་མི་ཚོས་དེ་སྔོན་སྤྱད་མྱོང་བའི་ཅ་ལག་རྙིང་པ་བྱིན་དཀྲིས་དང་རྡོ་གཞོང་། རྫ་བུམ་བཅས་ཡོད་ལ་གྱོན་གོས་མི་འདྲ་བའང་སྣང་། ཁྱད་པར་དུ་བྱ་རྒྱལ་ཁྱུང་གི་གཤོག་པ་དང་འདྲ་བའི་སྟོད་ཐུང་ཞིག་ཀྱང་འདུག་པ་ལས། ས་དེ་ན་ཁྱུང་གི་རིག་གནས་དར་མྱོང་བ་ཤེས་ཐུབ། བུ་མོ་མགུར་མཚོས་བཤད་པ་ལྟར་ན། ཁོ་ཚོའི་ཁྱིམ་ནང་པར་ཤིང་མང་པོ་ཡོད་པས་མ་ཚད། ལི་ལས་བརྡུངས་པའི་བྱ་རྒྱལ་ཁྱུང་གི་སྲུང་མའང་ཡོད་ཟེར། རྗེས་སུ་མོས་ཁ་པར་ནང་དེ་དག་གི་པར་བསྐུར་བ་ལས་རླུང་རྟ་དང་རྣམ་བཅུ་དབང་ལྡན། ལི་ལས་བརྡུངས་པའི་ཁྱུང་དང་། གསེར་ལས་བརྡུངས་པའི་སྐྲ་རྒྱན་ཁྱུང་གི་རི་མོ་ཅན་ཞིག་ཀྱང་མཐོང་བྱུང་།
འགྲེམས་སྟོན་ཁང་གི་གྱང་ངོས་སུ་དམུ་ཁོ་ཨ་ཐར་གྱི་གཏམ་རྒྱུད་ཅེས་པ་དེ་བྲིས་འདུག །གཏམ་རྒྱུད་དེའི་ནང་དོན་མདོར་དྲིལ་ན་འདི་ལྟར་ཏེ། གནའ་སྔོན་མར་ས་ཆ་འདིའི་དམུ་ཁོ་ཚང་ལ་ཨ་ཐར་ཞེས་པའི་གྱད་མི་ཞིག་ཡོད། སྐབས་དེར་ས་གནས་འདིར་འབྲུ་རིགས་ཕུན་སུམ་ཚོགས་ལ་རྟ་ནོར་ལུག་གསུམ་གྱིས་རི་ལུང་གང་བས། བཙན་ལྷ་ཕྱོགས་ཀྱི་འོག་གཞི་རྒྱལ་པོར་འགྲམ་ཆུ་ལྡང་སྟེ་འཕྲོག་བཅོམ་བྱེད་འདོད་སྐྱེས། རབ་རྒྱས་ཡུལ་ཤོག་གི་མི་རྣམས་ཀྱིས་ཀྱང་འཐབ་འཛིང་ལ་གྲ་སྒྲིག་བྱས་ཏེ། ས་ཞིང་རྨོ་མཁན་དང་ནོར་ཕྱུགས་འཚོ་མཁན་མེད་པར་ཆགས། ཚུལ་དེ་ཨ་ཐར་གྱིས་མ་བཟོད་པར་དེ་བ་གླང་ཚོང་མཁན་ཞིག་ལ་བརྫུས་ཏེ་འོག་གཞི་ཕྱོགས་ལ་སོང་། ཁོང་གིས་དཀའ་ལས་མང་པོ་བརྒྱབ་ནས་གནས་ཚུལ་རྒྱུས་ལོན་བྱས་རྗེས། བ་མོ་གཉིས་ཉོས་ཏེ་ཕྱིར་ལོག་པའི་ལམ་བར་དུ་འོག་གཞི་རྒྱལ་པོའི་མི་སེར་རྣམས་ཀྱིས་ཆུ་བོར་ཟམ་པ་འཛུགས་བཞིན་ཡོད་པ་དང་འཕྲད། ཁོང་གིས་མི་སེར་ཚོ་ལ་ང་མགྱོགས་མྱུར་དུ་རབ་རྒྱས་ལ་སླེབ་དགོས་པས། ཟམ་པ་ལ་འཛུགས་རྒྱུའི་གདུང་མ་དེ་ངས་ཆུ་ཐོག་ཏུ་བརྒྱང་ན་ཨེ་ཆོག་ཅེས་དྲིས་པར་ཚང་མས་ཡིད་མ་ཆེས་ཀྱང་དེ་ལྟར་ཁས་བླངས། ཨ་ཐར་གྱིས་གདུང་མ་སྦོམ་པོ་དེ་ཕ་རོལ་ཚུ་རོལ་གྱི་ཟམ་གདན་སྟེང་བརྟན་པོར་བཞག་རྗེས། མཆན་ཁུང་རེ་ལ་བ་མོ་རེ་བཙིར་ཏེ་གདུང་མའི་ཐོག་ནས་ཕ་རོལ་ཏུ་སླེབས་པས། མི་ཚང་མ་ཧ་ལས་ཏེ་འོག་གཞི་རྒྱལ་པོའི་དྲུང་དུ་གདན་དྲངས། འོག་གཞི་རྒྱལ་པོས་ཡུལ་རབ་རྒྱས་ལ་ཁྱེད་དང་འདྲ་བའི་མི་མང་པོ་ཡོད་མེད་དྲིས་པར། ཨ་ཐར་གྱིས་ང་ལས་སྟོབས་ཆེ་བའི་མི་མང་པོ་ཡོད་པས་ང་ནི་ཁོང་ཚོའི་གཡོག་པོ་ཡིན་ཞེས་བཤད། འོག་གཞི་རྒྱལ་པོས་ཚོད་ལྟའི་ཆེད་དུ་ཨ་ཐར་ལ་མདའ་འཕེན་དུ་འཇུག་དགོས་དྲན་དུས། ཁོང་གིས་མདའ་མོ་འདི་འདྲ་ ནི་ངའི་ཕ་ཡུལ་གྱི་བྱིས་པ་ཚོའི་རྩེད་མོ་རྩེ་སྤྱད་རེད་ཅེས་ཟེར་བས། འོག་གཞི་རྒྱལ་པོས་ཆེས་ཆེ་བའི་མདའ་དང་གཞུ་སྤྲད་དེ་འཕེན་དུ་བཅུག །ཨ་ཐར་གྱིས་མདའ་དེ་འཕངས་པས་ཐག་རིང་གི་དུད་ཁ་ཞིག་གི་སྐར་ཁུང་ནང་འཛུལ་ཏེ། རྒྱབ་ཀྱི་སྐར་ཁུང་གི་ཕྱེད་ཀ་བཤིགས་པས་འོག་གཞི་རྒྱལ་པོ་ཧ་ལས་ཏེ་ཨ་ཐར་ལ་གསེར་དང་དངུལ་གྱི་བྱ་དགའ་གནང་བས་མ་ཚད། རྒྱལ་པོའི་མངའ་འོག་གི་བརྒྱ་དཔོན་ཞིག་ལ་བསྐོས་ཀྱང་། ཨ་ཐར་གྱིས་རྒྱལ་པོ་ལ་ང་ལ་མིང་དོན་གཉིས་ཀ་མི་དགོས། ངེས་པར་དུ་ཕ་ཡུལ་རབ་རྒྱས་ལ་ལོག་དགོས། རྒྱལ་པོ་ཁྱེད་ཀྱིས་ང་འདི་ལ་ཡོང་བ་དང་མདའ་འཕངས་ཚུལ་བཅས་ཁྱབ་བསྒྲགས་མ་བྱེད་རོགས་མ་གཏོགས་རབ་རྒྱས་ཀྱི་དཔའ་བོ་ཚོས་ང་གསོད་ངེས་རེད་ཅེས་ཞུས་ཏེ་ཡུལ་ལ་ལོག །འོག་གཞི་རྒྱལ་པོས་ཨ་ཐར་གྱི་བྱ་སྤྱོད་ལས་རབ་རྒྱས་ཀྱི་མི་རྣམས་ནི་སྟོབས་ཤུགས་དཔའ་རྩལ་ཆེ་བས་མ་ཚད། གཞུང་དྲང་ཅན་ཡང་ཡིན་པ་ཤེས་ཏེ་དགྲ་རྒྱག་འཕྲོག་བཅོམ་བྱེད་འགོ་འཛུགས་མ་ཕོད་པ་རེད་ཟེར།
ངག་རྒྱུན་དེ་ལས་གནའ་སྔོན་མར་གྱ་གྱུ་རི་བོའི་ཕ་རོལ་ཚུར་རོལ་ན་ཚོ་པ་དང་ཚོ་པའི་བར་འཁྲུག་འཛིང་རྒྱུན་མི་ཆད་པ་དང་། མི་རྣམས་གཡུལ་འགྱེད་ལ་མི་དགའ་བས་ཐབས་དང་ཤེས་རབ་ཀྱིས། ཕ་རོལ་པོས་འཕྲོག་བཅོམ་བྱེད་འདོད་ཀྱི་ཧམ་སེམས་ཉམས་ཐབས་བྱེད་ཚུལ་བཅས་གསལ་པོར་གོ་ཐུབ་པ་དང་། རབ་རྒྱས་ཀྱི་བོད་མི་རྣམས་ཀྱིས་རང་ས་རང་ཡུལ་སྲུང་སྐྱོང་བྱེད་པའི་སྤོབས་པ་དང་ང་རྒྱལ་ཡང་ཤེས་ཐུབ།
ལྕང་ལོ་གྲོང་སྡེའི་འདབས་ཀྱི་ཆུ་བོའི་འགྲམ་ལ་འཕྲེད་དུ་རྒྱུགས་པའི་ཀླུ་སྒང་རི་ཞེས་རི་དམའ་བོ་ཞིག་གི་ཐོག་ལ། ཆོས་འཁོར་རབ་རྒྱས་གླིང་ཞེས་དགེ་ལུགས་པའི་དགོན་པ་ཞིག་ཆགས་ཡོད། དགོན་པ་རྒྱ་ཆེན་པོ་མིན་ཡང་ཆགས་ས་ནི་ཧ་ཅང་ཁམས་དྭངས་ཤིང་ཡིད་འཕྲོག་པའི་གནས་ཤིག་རེད། ཆོས་འཁོར་རབ་རྒྱས་གླིང་ནི་མིང་རྒྱལ་རབས་དུས་སུ་བཞེངས་ལ། བཅིངས་འགྲོལ་མ་བཏང་གོང་དུ་ཁྱིམ་ཚང་ཞིག་ལ་བུ་གསུམ་ཡོད་ན་གཅིག་དགོན་པའི་ནང་ཞུགས་དགོས་པ་དང་། བུ་ལྔ་ཡོད་ན་གཉིས་ཞུགས་དགོས། དེ་དག་གིས་ཐོག་མར་དགོན་པ་འདིའི་ནང་སློབ་གཉེར་བྱས་ཏེ་རྨང་གཞི་བཞག་རྗེས། དེ་ནས་ལྷ་ས་འབྲས་སྤུངས་དགོན་པར་འགྲོ་དགོས་པ་དང་། དགོན་པའི་མཁན་པོ་ཡང་འབྲས་སྤུངས་དགོན་པ་ནས་བསྐོས་བཞག་བྱས་པ་རེད་འདུག །
དགོན་པ་འདི་སྤྱི་ལོ་1926ལོར་མེས་བསྲགེས་རྗེས་སྤྱི་ལོ་1930ལོར་བསྐྱར་གསོ་བྱས་པ་དང་། ནང་རྟེན་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་རྗེ་ཙོང་ཁ་པ་གཙོ་བོར་བྱས་པའི་སྐུ་བཞེངས་པར་གྲགས། རིག་གསར་གྱི་སྐབས་སུ་འབྲུ་རིགས་འཇོག་སའང་བྱས་མྱོང་། སྤྱི་ལོ1980ལོར་མཆོད་ཁང་ཞིག་ནས་མེད་པར་ཆགས་ཀྱང་། རྗེས་སུ་ཆོས་ལུགས་སྲིད་ཇུས་ལག་བསྟར་བཏང་བས་སླར་གསོ་བྱས་པ་རེད་ཟེར། དགོན་པ་འདིར་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྨྱུང་གནས་དང་། ཟླ་བ་བཅུ་པའི་ཉི་ཤུའི་ཉིན་ལྔ་མཆོད་ཅེས་ད་བར་མ་ཉམས་པར་གནས་འདུག །བོད་ཀྱི་རིག་གནས་ལོ་རྒྱུས་ལྟར་དུ་བྱས་ན། འདི་ན་ཡང་ཐོག་མར་བོན་བསྟན་དར་བས་གསས་ཁང་ཡོད་མྱོང་ངེས་མོད། རྗེས་སུ་རི་བོ་དགེ་ལྡན་པའི་ལུགས་སྤེལ་བའི་ཆེད་དུ་དགེ་ལུགས་དགོན་སྡེ་ཆགས་པ་འདྲ།
རྒྱ་ཡིག་ཏུ་(硗碛)ཞེས་པ་ནི་རབ་རྒྱས་ཞེས་པའི་སྒྲ་འགྱུར་ཡིན་པར་འདོད་ལ། ཆོས་འཁོར་རབ་རྒྱས་གླིང་ནི་མིང་རྒྱལ་རབས་དུས་སུ་བཞེངས་ཞེས་པ་ལྟར་ན། དང་ཐོག་རབ་རྒྱས་ཞེས་པའི་ས་མིང་དེ་རྗེས་སུ་དགོན་མིང་ལ་ཆགས་པ་འདྲ། ལ་ལས(硗碛)ཞེས་པ་ནི་གཡང་སྐྱིད་ཅེས་པའི་སྒྲ་འགྱུར་རེད་ཟེར་བ་ལའང་རྒྱུ་མཚན་མེད་པ་མིན་ཏེ། བོན་པོ་རྣམས་ཀྱིས་གཡང་ཞེས་པ་ལ་ཧ་ཅང་དང་དོད་དང་དད་བཀུར་བྱས་པས་སོ། །
དགོན་པའི་འགྲམ་གྱི་ཁང་པ་ཞིག་གི་སྒོའི་གཡས་གཡོན་ལ། བསོད་ནམས་ཤར་གྱི་རྒྱ་མཚོ་ཇི་བཞིན་རྒྱས། །ཚེ་སྲོག་ལྷོ་རིའི་སྒྲོན་ཤིང་དང་མཚུངས་རིང་། །ཞེས་བཀྲ་ཤིས་པའི་རི་མོ་དང་ལྷན་དུ་སྦྱར་བ་དང་། སྒོ་ཡི་ཐོག་ལ་ལེགས་སྦྱར་གྱི་ཡི་གེ་སྦྱར་ཡོད་པ་དེའི་དོན་ཅི་ཡིན་ངས་མ་ཤེས། རྒྱ་ལུགས་ཀྱི་ཆ་སྦྱོར﹙对联﹚དེ་ནི﹙福如东海 寿比南山﹚ཞེས་པ་དེ་བོད་ཡིག་ཏུ་བསྒྱུར་བ་རེད་འདུག་ལ། ཤོག་ངོས་སུ་བྲིས་པ་ཞིག་མ་ཡིན་པར་པར་ཤིང་ལས་དཔར་བ་ཞིག་རེད་འདུག་པས། བུ་མོ་མགུར་མཚོས་བསྐུར་བའི་པར་ནང་ལས་པར་ཤིང་ཕྲ་ལ་རིང་བ་ཞིག་ཡོད་པ་དེ་ལས་དཔར་བ་ཡིན་པ་ཤེས།
མི་རིགས་སོ་སོའི་བར་རིག་གནས་མཉམ་འདྲེས་ཞེས་པ་ནི་འདི་ལྟར་ཏེ། རང་ལ་མེད་ཀྱང་གཞན་ལ་ཡོད་པ་རྣམས་ལས་མཁོ་གལ་ཆེ་བ་རྣམས་ནང་འདྲེན་བྱས་རྗེས། ཕུང་གསུམ་པའི་རིག་གནས་ཀྱི་རྟགས་མཚན་ཞིག་ཆགས་པ་རེད།
དགོན་པའི་ནང་གི་གྱང་ངོས་སུ་ཐང་གའི་ལུགས་ལྟར་བྲིས་པའི་ལྡེབས་རིས་རྣམས་ལ་གཟབ་གཟབ་ཀྱིས་མ་བལྟས་ན། ཐང་ག་དཔྱངས་པ་དང་འདྲ་བས་དེ་ཡང་གསར་གཏོད་ཆུང་ཆུང་ཞིག་རེད་འདོད། བོད་མིང་ལ་བློ་གྲོས་རྒྱ་མཚོ་ཟེར་བའི་གྲྭ་བཙུན་དེས་ཁོ་རང་ཚོའི་ཡུལ་སྐད་མ་གཏོགས་ཁམས་སྐད་གཅིག་ཀྱང་མི་གོ་བས། ཡུན་རིང་ཁ་བརྡ་མ་བྱས་པར་གྱ་གྱུ་རི་བོའི་ཕྱོགས་ཀྱི་ལུང་པ་དེད་ནས་འགྲོ་དུས། ལམ་བར་གྱི་དཀར་རི་གྲོང་པ་ན་ས་དེ་གའི་ཆ་ལུགས་སྤྲས་ཤིང་ཡུལ་སྐད་བཤད་པའི་བོད་མི་མཐོང་རྒྱུ་ཡོད་པར་མ་ཟད། མཚམས་མཚམས་སུ་འབྲི་མོ་དང་བེའུ་འཚོ་བའི་རྫི་བོ་འགའ་ལའང་ཐུག་བྱུང་། ས་འདི་ནི་རྩི་ཤིང་ནགས་ཚལ་འབེལ་པའི་རོང་ས་ཞིག་ཡིན་པས། ངས་ཀྱང་ནོར་ནག་མཐོང་དུས་རྒྱུས་མེད་མི་ཚོ་དང་འདྲ་བར་ཧ་ལས་མོད། ལོ་ན་ལྔ་བཅུ་ཙམ་ལ་སོན་པའི་རྫི་བོ་དེ་དང་ཁ་བརྡ་བྱས་པ་ན། ལུང་པ་འདིའི་ཕུག་ན་འབྲོག་ས་ཡོད་ལ། དུད་ཁ་འགའ་རེས་གཙོ་བོ་འབྲོག་ལས་ལ་བརྟེན་པ་དང་། ལ་ལ་ཡིས་ཡུལ་སྐོར་ལས་ལ་འབད་པ། འགའ་ཤས་ཕྱི་རོལ་དུ་གླ་རྒྱུགས་ནས་ཡོང་སྒོ་འཚོལ་བཞིན་ཡོད་པའི་གནས་ཚུལ་གོ་བྱུང་། ཁྱད་པར་དུ་རྫི་བོ་ཁོང་ལ་ས་ཆ་འདི་ན་མི་ཤི་ན་ཚ་འབྱུང་དུས་ཆོ་ག་སྒྲུབ་སྲོལ་ཡོད་མེད་དང་། ཆོ་ག་སྒྲུབ་མཁན་བན་དེ་ཡིན་ནམ་བོན་པོ་ཡིན་ཞེས་དྲིས་པར། ཁོང་གིས། དགོན་པ་ནས་བླ་མ་དང་གྲྭ་པ་དྲངས་ནས་ཆོ་ག་བསྒྲུབ་དགོས་རེད་ཅེས་པ་ཙམ་ལས་དེ་མིན་བཤད་རྒྱུ་མི་འདུག ཁོང་ལ་ཁྱེད་ཚང་གི་བྱིས་པ་ཚོས་ལུང་པ་འདིའི་རྒྱལ་རོང་བོད་སྐད་ཤེས་སམ་མི་ཤེས་ཞེས་འདྲི་དུས། ཁོང་གིས་ཆུང་དུས་ནས་བསླབས་ཡོད་ཀྱང་ལོ་ཇེ་ཆེ་དང་བསྟུན་ནས་བཤད་མི་ཤེས་པའམ་བཤད་མི་འདོད་པའི་གནས་ཚུལ་འདུག་ཅེས་བཤད་བྱུང་། དེ་ནི་ལ་ཕར་རྒྱབ་ཚུར་རྒྱབ་ཀྱི་རིགས་མཐུན་པ་ཚང་མར་ཐུག་པའི་ཅི་བྱ་གཏོལ་མེད་ཀྱི་གནད་དོན་ཞིག་རེད།
ཚེ་དཀར་གྲོང་པར་སླེབས་དུས། ལམ་ལྟག་ན་མཁར་རྫོང་རྙིང་པ་ཞིག་ཡོད་པ་དེར་ཚང་མས་དགྲ་རྒྱག་པའི་མཁར་རྫོང་ཞེས་འབོད་བཞིན་འདུག །རྩེག་ལྔ་ཅན་གྱི་མཁར་རྫོང་དེའི་རྩེག་གཉིས་པ་ཡན་ཆད་ཀྱི་ཕྱོགས་བཞིའི་རྩིག་ངོས་སུ་བོའུ་ཁུང་ངམ་མདའ་ཁུང་གསུམ་རེ་ཡོད་པས། དངོས་གནས་ཕྱིའི་དགྲ་བོ་དང་ཇག་པ་འགོག་སའི་མཁར་རྫོང་ཞིག་ཡིན་ཐག་ཆོད་རེད། དེ་མིན་རྩེག་བཞི་པར་ཁྱམས་ར་ཡོད་པ་དང་ཐོག་རྩེག་གི་ཕྱོགས་བཞིར་རྡོ་སྐས་རིམ་པ་གསུམ་བརྩིགས་པ་ནི་དར་ཆ་འཛུགས་ས་མིན་ནམ་སྙམ། ཐོག་རྩེག་ནས་བལྟས་ན་ལུང་པའི་ཕུ་མདའ་དང་བཅས་པ་མིག་འོག་ཏུ་ཚུད་ཐུབ་པ་ཞིག་རེད། བཤད་སྲོལ་ལ་ཆན་ལུང་ལྷ་སྐྱོང་རྒྱལ་པོའི་སྐབས་སུ། ཆུ་ཆེན་དང་བཙན་ལྷ་ལ་གཡུལ་འགྱེད་བྱེད་དུས་རབ་རྒྱས་ལའང་དགྲ་རྒྱག་འདོད་པ་དེ། ཚེ་དཀར་གྲོང་མི་རྣམས་ཀྱིས་གོ་རྗེས་ཚང་མས་འབྲུ་རིགས་དང་གསེར་དངུལ་གྲ་སྒྲིག་བྱས་ཏེ། རྩིག་བཟོ་གདན་དྲངས་རྗེས་རང་ཕྱོགས་སྲུང་སླ་ཞིང་གཞན་ཕྱོགས་འགོག་བདེ་བའི་ས་ཆ་འདི་བདམས་ནས། ཟླ་བ་དྲུག་ཙམ་གྱི་རིང་ལ་རྩིག་ཞེང་ལ་སྨི་1.6དང་མཁར་གྱི་སྲིད་ཞེང་ལ་ལ་སྨི་7། མཐོ་ཚད་ལ་སྨི་20ལྷག་ཙམ་ཡོད་པའི་མཁར་རྫོང་འདི་བཞེངས་པ་རེད་ཟེར།
མི་རིགས་ཤིག་གི་ལས་མཐུད་ཅིང་རྒྱུན་བསྲིངས་པའི་རྒན་རབས་པ་ཚོས་ཡིག་ངོ་མི་ཤེས་པས། ལོ་རྒྱུས་ཞེས་ང་ཚོ་ལ་ལྟ་ཆོག་ཆོག་ཅིག་བཞག་མ་ཐུབ་མོད། ཁོང་ཚོས་སྐྱིད་སྡུག་དང་ལེན་དང་བདེན་རྫུན་དབྱེ་འབྱེད། རྒྱུ་འབྲས་ལམ་ཁྱེར་བྱས་པའི་ལྟ་སྤྱོད་ནི་ལུས་ཀྱི་རྒྱན་ཆ་དང་ངག་གི་གཏམ་རྒྱུད། ཁང་པའི་བཟོ་བཀོད་བཅས་ཀྱི་ཕྱི་ནང་གཉིས་ཀར་བཏམ་ཡོད་པ་ལྟར་ན། མཁར་རྫོང་ནི་ཡུལ་ལུང་པ་དེའི་ལོ་རྒྱུས་ཀྱི་དེབ་ཅིག་དང་འདྲ་བས། ང་དུས་རྒྱུན་འདི་ལྟ་བུའི་མཁར་རྫོང་རྣམས་ཀྱི་ཟུར་དུ་བཅར་ནས། གསུང་རབ་ཀྱི་པོ་ཏི་ཞིག་མཇལ་བ་ལྟར་ཞིབ་ཀྱིས་ཀློག་དུས། ས་དེ་གའི་འདས་མ་ད་གསུམ་གྱི་ཟུར་ཙམ་མཐོང་བྱུང་། གལ་སྲིད་དེ་ལྟ་བུའི་ལོ་རྒྱུས་ཀྱི་རྗེས་ཤུལ་མེད་ན། ས་གནས་ཤིག་གི་ཆ་རྒྱུས་ལོན་ཐབས་དཀའ་ལ། ཡུལ་ལུང་པ་དེའང་བྲོ་བ་མེད་པའི་རི་ཆུ་ཙམ་རེད།
ལུང་པ་ཟབ་མོ་དེད་ནས་འགྲོ་བཞིན་དུ་ཁ་རྒྱ་ཇེ་ཆེར་གྱུར་ཏེ་གྱ་གྱུ་རི་བོའི་འདབས་སུ་སླེབས། རི་བོ་དེ་ནི་གཡག་རྔ་ནས་རྔ་བ་ཁུལ་གྱི་བཙན་ལྷ་རྫོང་ཕྱོགས་སུ་འགྲོ་དུས་བརྒལ་དགོས་པའི་ལ་མཐོན་པོ་ཞིག་རེད། ཀྲུང་གོའི་བཟོ་ཞིང་དམར་དམག་གིས་རྒྱང་སྐྱོད་བྱེད་དུས་ཆེས་ཐོག་མར་བརྒྱབ་པའི་གངས་རི་མཐོན་པོ་དེ་རེད་འདུག །རི་མཐོན་པོ་དེ་གཟར་ལ་གྱ་གྱུ་མང་བས་རྒྱ་ཡིག་ཐོག(夹金山)ཞེས་པ་ནི། གྱ་གྱུ་རི་བོ་ཞེས་པའི་སྒྲ་སྒྱུར་མིན་ནམ་སྙམ་སྟེ་བོད་ཡིག་གིས་དེ་ལྟར་བྲིས་པ་ཡིན།
དཔང་མཐོ་བའི་གྱ་གྱུ་རི་བོར་འགྲོ་དུས། ལམ་གྱི་གཡས་གཡོན་དུ་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཆུར་རོལ་བཞིན་ཡོད་པ་མཐོང་དུས། འབྲོག་ས་ལ་སླེབས་པའི་སྐྱིད་སྣང་ཞིག་ཤར། གློ་བུར་དུ་ལམ་ལྟག་ན་བཞད་པའི་མེ་ཏོག་སེར་པོ་ཞིག་མིག་ལམ་དུ་མངོན་པས། རླངས་འཁོར་ལས་བབས་ཏེ་དེའི་ཕྱོགས་སུ་རྒྱུགས། མེ་ཏོག་དེ་ནི་སྐད་གྲགས་ཆེ་བའི་ཨ་བུ་སེར་པོ་ཞེས་པ་དེ་རེད་འདུག །དེ་ནི་མཚོ་འཕགས་3000ནས་5000བར་སྐྱེས་ཤིང་། རིགས་དགུ་ཡོད་པ་ལས་རིགས་གཅིག་ཡོ་རོབ་གླིང་དུ་ཡོད་པ་དང་། དེ་མིན་ཚང་མ་ཧི་མ་ལ་ཡ་དང་འཕྲེད་རྒྱུག་རི་བོའི་རྒྱུད་དུ་ཡོད་པར་གྲགས། མེ་ཏོག་གི་རིགས་ལ་མདོག་དམར་པོ་དང་སེར་པོ། སྔོ་སྐྱ། དམར་སྐྱ་བཅས་སྣ་ཚོགས་ཡོད་པས་མ་ཚད། གཞུང་རྟ་ནི་བ་སྤུ་ཅན་དང་མེ་ཏོག་ཁ་རྒྱ་ཆེ་ཞིང་རྣམ་པར་བཀྲ་ལ་སྒེག་ཉམས་དང་ལྡན་པས། བོད་མི་ཚོས་བཀྲ་ཤིས་པའི་རི་མོར་བརྩིས་ཏེ་མིང་ཡང་འདྲ་མིན་སྣ་ཚོགས་བཏགས་འདུག །བཤད་སྲོལ་དུ་དེ་ནི་འབྲུག་པ་རྒྱལ་ཁབ་ཀྱི་རྒྱལ་ཁབ་མཚོན་བྱེད་ཀྱི་མེ་ཏོག་རེད་ཟེར། དེ་སྔོན་མེ་ཏོག་དེའི་པར་དང་ངོ་སྤྲོད་མདོར་བསྡུས་ཙམ་རིག་མྱོང་བ་ལས། དངོས་སུ་མཐོང་མ་མྱོང་བས་གྱ་གྱུ་ལ་མགོར་སླེབས་དུས་ཡང་བསྐྱར་ཕྱིར་ལྟ་ཞིག་བྱས་པ་ན། རླུང་ཁ་ན་སིག་སིག་ཏུ་འདར་བའི་མེ་ཏོག་ཨ་བུ་སེར་པོ་ནི། གྱ་གྱུ་རི་འདབས་སུ་ཆགས་པའི་རབ་རྒྱས་ཡུལ་ཤོག་གི་བོད་མི་ཚོའི་སེམས་ཀྱི་དར་ཆ་དང་འདྲ་སྣང་ཤར་བྱུང་།
གྱ་གྱུ་ལ་མོ་བརྒྱབ་ནས་བཙན་ལྷའི་ཕྱོགས་སུ་འགྲོ་དུས། ཁ་ལོ་བ་ཡིས་མེ་ཏོག་ཨ་བུ་སེར་པོ་ནི་སྨན་མཆོག་ཏུ་གྱུར་པ་ཞིག་ཡིན་པས། གཉིས་གསུམ་འབལ་ནས་ཁྱིམ་ནང་དུ་ཁྱེར་ན་ཞེས་པར་ངས་ལན་ཅི་ཡང་མ་བཏབ། ལུས་ལ་ཡོད་པའི་ནད་དེ་མེ་ཏོག་ཨ་བུ་སེར་པོས་སེལ་ཐུབ་ནའང་སྲིད་མོད། གནམ་སའི་དངོས་གྲུབ་ལ་བརྟེན་ནས་རི་ཆུ་ལ་གསོན་ཉམས་ལྡན་པར་བྱེད་པའི་མེ་ཏོག་དང་། མེ་ཏོག་དེ་དང་འདྲ་བར་རི་བོ་བླ་རུ་བཀུར་ཞིང་། ཆུ་བོ་གསོས་སུ་བཟུང་སྟེ་ཡུལ་ལུང་པར་ལོ་རྒྱུས་ཀྱི་ཉམས་དོད་པ་དང་། དེང་རབས་ཀྱི་དཔལ་ཡོན་འཆར་བར་བྱེད་པའི་ལ་ཕར་རྒྱབ་ཀྱི་རིགས་མཐུན་ཚོ་ལ། རང་གི་འདོད་པ་ལྟར་རིས་སུ་ཆད་པའི་ལྟ་བ་དང་། ཕྱོགས་སུ་ལྷུང་བའི་སྤྱོད་པ་ཡིས་ལ་བཤད་ལུང་བཤད་བྱེད་པའི་སྒེར་སེམས་བཙན་པོའི་ནད་དེ་ཅི་ཞིག་གིས་འཇོམས་ཨང་སྙམ། །