ཆུང་འདྲིས་བྱམས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


ང་བྱིས་པའི་ཉལ་ཁང་དུ་སྡོད་རིང་ཁོས་ངའི་ཤེལ་དམ་ནང་དུ་དུག་བླུགས་པ་ཚོད་དཔག་བྱས། ཅུང་ཙམ་ནས་ང་རང་ཁོའི་ཁ་སྤྲོད་ཀྱི་སྒྲོག་ཙེ་ཆུང་བ་ཞིག་ལ་བསྡད་ཅིང་ཁོ་རང་འབོལ་སྟེགས་སུ་ཧ་ཅང་གདེང་ཚོད་ལྡན་པའི་ངང་སྒྲོབ་ཉམས་ངོམ་བཞིན་བསྡད། ངས་རང་ནུས་ཅི་ཡོད་ཀྱིས་རང་གི་བསམ་པ་ནང་དུ་སྦས་པ་དང་། དྲ་ལམ་ཚོང་ཁང་ཉུལ་ཏེ་གྱོན་གོས་ཉོ་བའི་ཚུལ་གྱིས་ཁ་པར་ནང་ཅེར་ནས་ཆང་འཐུང་བར་ཅུང་སྣང་དོགས་མེད་པའི་ཚུལ་བསྟན། དངོས་གནས་བཤད་ན་སྐབས་དེ་ཤེད་དུ་ལྐོག་གཡོ་དང་ཆོ་འཕྲུལ་གྱི་བདག་པོར་གྱུར་པའི་ང་རང་ལས་དེའི་ཕྱོགས་ལ་དེ་ཙམ་འཇོན་པོ་མི་འདུག་སྟེ། ངས་ཅི་མི་སྙམ་པའི་ངང་ཁོའི་གདོང་ལ་ཐད་ཀར་ལྟ་མི་ཕོད་ལ། ཁོས་བཤད་པའི་སྐད་ཆ་དག་ལ་རང་བཞིན་གྱི་ལན་སྟབས་བདེ་བོ་དག་འདེབས་ཐུབ་ཀྱི་མི་འདུག །གནས་སྐབས་དེར་ཁོས་ངའི་རྣམ་འགྱུར་ལས་ཅི་ཞིག་རྟོགས་སོང་བའམ་ཡང་ན་ཁོ་རང་གིས་ཚུལ་མིན་གྱི་ལས་དེ་འདྲ་སྒྲུབ་ཀྱིན་པར་ཅུང་འགྱོད་པ་སྐྱེ་བ་འདྲ་ལ། དེ་མིན་ཚེ་ཁོ་རང་གི་ཉེས་པ་ཆེན་པོ་དེ་གཞན་གྱིས་ཤེས་སྲིད་པར་དོགས་པ་སྐྱེ་བ་དང་ཡང་འདྲ། གང་ལྟར་ངས་ཆང་ཤེལ་ཡར་བཏེགས་ཏེ་འཐུང་བར་རྩོམ་དུས། ཁོས་བསམ་དབང་དྲན་དབང་མེད་པར་ངའི་ཆང་ཤེལ་གྱི་ཡུ་བར་འཇུས་ཏེ“ངས་བརྗེད་འདུག །རྒུན་ཆང་འདི་ཅུང་གར་དྲགས་པས་ནང་དུ་བསིལ་ཝུ་ཅུང་ཙམ་བླུག་ན་སླ་པོར་བསྒྱུར་ཐུབ”ཟེར་ཅིང་ཤེད་ཤུགས་ཅུང་ཙམ་བཀོལ་ནས་ངའི་ལག་གི་ཆང་ཤེལ་འཕྲོག་པར་བརྩམས། ངས་ནི་ཆང་ཤེལ་ལ་དམ་དུ་འཇུས་ཏེ་ཁོས་བཙན་གྱིས་འཕྲོག་ན་མ་གཏོགས་ལག་ནས་ཤོར་ཐབས་མེད་པར་བྱས་པས་ཁོའི་དགའ་མདོག་སྐྱིད་མདོག་གི་ཟོལ་བཅོས་ཀྱི་ཉམས་དེ་ཉིད་གློ་བུར་དུ་ཡལ་བར་གྱུར། རྒྱུ་བདག་གི་བདེན་ཚིག་ཅིག་གིས་རྐུན་མའི་རྫུན་རྐུབ་བརྟོལ་བ་འདྲ་བའི་ཁོའི་བཟོ་ལྟ་ཉམ་ཆུང་བ་དེས་ངའི་ཡིད་ལའང་འཆར་སྒོ་གསར་པ་ཞིག་འབྱུང་དུ་བཅུག་པ་སྟེ། འདི་ལྟར་ཕན་ཚུན་ཞེ་འགྲས་སུ་གྱུར་ནས་སྦྱོར་བ་ངན་པ་བཤམས་པ་ལས་སྐད་ཅིག་རིང་ཁྱོ་ཤུག་གི་འབྲེལ་བ་བཅད་དེ་ས་ས་མལ་དུ་རྡོ་རྡོ་མལ་བྱས་ན་ཁུར་བོ་ལྕི་མོ་དག་སར་བཞག་ནས་ངལ་གསོས་པ་ལྟར་འགྱུར་ངེས་པས་དེ་ལས་སྐྱིད་པ་ཞིག་མི་འདུག་སྙམ་བྱུང་། དེ་བས་ངས་ལག་པའི་ཤེད་ཤུགས་ཆུང་ནས་ཆུང་དུ་བཏང་སྟེ་ཆང་ཤེལ་ཁོ་ལ་འཁྱེར་དུ་བཅུག །ཁོས་ཆང་ཤེལ་ཁོ་རང་གི་ཉེ་སར་བཞག་ཅིང་ཡར་ལངས་ཏེ་འཁྱག་སྒམ་གྱི་ཕྱོགས་སུ་བསིལ་ཝུ་ལེན་པར་སོང་། ཡིན་ཡང“འདི་མིན་འཕྲོ་ལ་དེ་མིན་གཞན་ཞིག་ཡོང་། སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད”ཅེས་པ་ནི་བདེན་པར་འདུག་སྟེ། སྐར་ཆ་དེ་དག་རིང་ངས་ད་ལྟའི་བར་ལུས་ཚེགས་གཉིས་ཀྱིས་དཀའ་བ་གྲངས་མེད་སྤྱད་པའི་དོན་རྣམས་རང་སེམས་གཉོམ་པོར་འགྱུར་ཐེངས་གཅིག་གིས་ཡོངས་སུ་བརླག་ན་རྒྱུ་མཚན་གང་ཡང་མི་འདུག་སྙམ་ནས་སྙོབས་ཐེངས་གཅིག་གིས་ཆང་ཤེལ་ཕྱིར་བླངས་ཏེ་འཐུང་བར་རྩོམ་དུས་ཁོས་ཀྱང་གློ་བུར་དུ་ཁ་ཕྱིར་འཁོར་ཏེ་ངེད་གཉིས་ཀྱི་ཚེ་གཅིག་གི་ལས་དབང་སྒྱུར་བའི་ཚིག་དེ་བཤད་སོང་།

“དེའི་ནང་དུ་དུག་ཡོད་པ་ཁྱོད་རང་གིས་ཀྱང་ཤེས་པ་རེད། རང་གིས་རང་ལ་དུག་དྲངས་ནས་ཅི་བྱ།” ཚིག་དེ་བཤད་དུས་ཁོའི་དེ་སྔའི་ཉམ་ཆུང་གི་བཟོ་ལྟ་དེ་བསྡུས་ནས་གཟབ་ཉམས་ཁྱད་པར་བ་ཞིག་བཏོད་འདུག་ལ། དགའ་སྤྲོ་དང་རྩེད་མཚར་གྱི་ཉམས་ཅུང་ཙམ་ཡང་འདྲེས་མི་འདུག །དུས་རྒྱུན་དང་བསྡུར་ན་ཁོའི་སྐད་ལ་འདར་ཆ་ཅུང་ཙམ་བབས་འདུག་ཀྱང་། འདར་ཆ་དེའི་ནང་ན་སྔར་མེད་པའི་ཟིལ་ཤུགས་ཤིག་ཀྱང་འདུག །ཏག་ཏག་ཁོའི་ཚིག་དེས་ངའི་ལུས་སེམས་གཉིས་ཀ་ཆམ་ལ་ཕམ་བྱུང་སྟེ། སྐད་ཅིག་མ་དེའི་རིང་ང་ལ་ཆང་ཤེལ་ནང་ཧུབ་གཅིག་ཙམ་བྱེད་པའི་ཤེད་ཤུགས་ཀྱང་མི་འདུག ངས་ལག་པ་འདར་ཞོར་དུ་ཆང་དམ་སར་འཇོག་དགོས་བྱུང་ཞིང་། དེ་འཕྲལ་ཁ་ཕྱིར་འཁོར་ནས་འཁྱར་མ་འཁྱོར་གྱིས་མལ་ཤག་ཏུ་འགྲོ་དགོས་བྱུང་། ངས་མལ་ཤག་ཏུ་ཕུན་ཚོགས་ལ་འཕྲིན་ཐུང་ཞིག་བསྐུར་ནའང་ལན་ཅི་ཡང་ཡོང་རྒྱུ་མེད་ལ། དེ་ནས་བརྩམས་ཏེ་ཁོ་ངའི་གམ་དུ་ཐེངས་གཅིག་ཀྱང་མ་བཅར་བས་ཁོས་ང་ལ་ཤ་ཚ་མདོག་གིས་གཏམ་མང་པོ་སྨྲས་ཤིང་ངའི་ཆེད་དུ་དོན་མང་པོ་བསྒྲུབས་པ་དང་། ཐ་ན་ང་དང་མཉམ་དུ་ཉལ་བ་ཐམས་ཅད་རྣམ་རྒྱལ་གྱི་འཆར་གཞི་འགྲུབ་ཆེད་བསྒྲུབས་པ་ཡིན་འདུག རྣམ་རྒྱལ་གྱིས་ནི་འཁྲབ་རྩལ་རྨད་དུ་བྱུང་བར་བརྟེན་ནས་ངའི་འཆར་གཞི་ཉིད་ཐལ་བའི་རྡུལ་དུ་བརླག་པས་ངས་ད་ནི་ཕ་མའི་སར་འབྲོ་བའམ་ཡང་ན་སུས་ཀྱང་མི་རྙེད་པའི་གནས་ཤིག་ནས་བསྐུངས་ཏེ་འདུག་པ་ལས་ཐབས་མི་འདུག་སྙམ། མཚན་མོ་དེར་ང་རང་ཞག་གང་པོར་གཉིད་མ་ཁུག་པ་སྨོས་ཅི་དགོས། མཚན་ནམ་རིང་མོ་དེའི་ནང་དུ་ངའི་ལུས་ལ་ཚ་བ་རྒྱས་ཏེ་འཕྲུལ་སྣང་སྣ་ཚོགས་བྱུང་ཞིང་། ང་རང་གི་གཡོ་ཐབས་དེ་རྣམ་རྒྱལ་གྱི་གཡོ་ཐབས་སུ་གྱུར་པ་དེ་རྨི་ལམ་ངན་པ་ཞིག་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཏུ་མཐོང་སོང་།

ཡིན་ནའང་དོན་དེའི་འབྲས་བུ་ནི་ང་རང་གི་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་སོང་ཞིང་ད་ལྟ་བསམ་ན་ཡོད་ཚད་བསམ་ཡུལ་ལས་འདས་པར་འགྱུར་བ་འདི་སྔོན་ཞིག་ནས་ཤེས་ཚེ་དཀའ་བ་སྣ་ཚོགས་སྤྱད་དེ་དོན་གང་ཞིག་སྒྲུབ་པ་དེ་ལ་སྙིང་པོ་མེད་པར་མཐོང་ནས་ཧམ་སེམས་ཀྱི་ལག་པ་ཕར་བརྐྱངས་པ་དེ་ཅིས་ཀྱང་ཚུར་བསྐུམ་པར་ངེས་སོ། །

ཕྱི་ཉིན་རྣམ་རྒྱལ་ནི་ང་ལ་བརྡ་ཙམ་ཡང་མི་གཏོང་བར་སྒོའི་ཕྱིར་སོང་སྟེ་ཉིན་འགར་ཕྱིར་མ་ལོག་མོད། ཁོས་ཁ་པར་ནས་ང་ལ་འཕྲིན་ཡིག་རིང་པོ་ཞིག་བསྐུར་ཡོང་བ་དང་། དེས་ང་ལ་དགའ་བའི་མིག་ཆུ་ཐེངས་མང་གཏོང་དུ་བཅུག་སོང་། ཁོའི་འཕྲིན་གྱི་ནང་དོན་ནི་རིགས་གཙོ་བོ་གསུམ་དུ་བསྡུ་ཆོག་སྟེ། དང་པོ་ནི་ང་རང་སྔར་བཞིན་ཁོའི་ཁྱིམ་ནས་སྡོད་ཚེ་ཁོའི་སྒེར་གྱི་དོན་རྣམས་ལ་ཁ་ཡ་བྱ་མི་ཆོག་ཅིང་། དེའི་རྔན་པར་ཁོས་དུས་བཅད་ལྟར་ང་ལ་དངུལ་དང་ལེགས་སྐྱེས་སྣ་ཚོགས་སྟེར་སྲིད་པ་དེའོ།། གཉིས་པ་ནི། སུས་ཀྱང་སྔར་གྱི་དོན་ཡོད་ཚད་བརྗེད་ཐབས་བྱ་བ་དང་བརྗེད་མི་ཐུབ་ནའང་སོ་སོའི་མདུན་སར་མི་གླེང་བ་དེ་རེད། གསུམ་པ་ནི་ཁྱིམ་ཚང་གི་གསང་བ་གང་ཡང་ཕྱི་ལ་མི་གྱར་བ་བྱ་བ་དང་། གཞན་གྱི་མདུན་ནས་གུས་ལུགས་ཅན་གྱི་ཆུང་མ་ཞིག་ལྟར་ཁོ་ལ་བརྩི་བཀུར་བྱ་བ་དེའོ།། ངས་ཡུན་རིང་མནོ་བསམ་བཏང་མཐར་གལ་སྲིད་གཉེན་འཐོར་ནའང་ང་རང་གི་ནུས་པའི་ངོས་ནས་དོན་ཚན་དེ་དག་གི་ནང་དོན་ལས་ལྷག་པའི་འཚོ་བ་གསར་པ་ཞིག་རྙེད་དཀའ་བར་སྙམ་སྟེ་དེ་ལ་འཐད་པའི་ཚུལ་སྨྲས་ཤིང་། ཉིན་འགའི་རྗེས་སུ་ཁོས་དོན་དེ་རྣམས་ཡི་གེར་ཕབ་པར་ངེད་གཉིས་ཀྱིས་མིང་རྟགས་བཀོད་ཅིང་མཛུབ་ཐེལ་མནན། གལ་སྲིད་དོན་དེ་དག་ལས་འདས་ཚེ་ང་དང་བུ་མོ་མཁའ་འགྲོ་གཉིས་རྒྱུ་ནོར་སྐར་ལི་གང་ཡང་མེད་པར་སྒོར་འབུད་དགོས་པར་བྱས།

ཡི་གེ་དེར་བརྟེན་ནས་ང་རང་ཕམ་སོང་བའམ་རྒྱལ་སོང་བ་གང་ཡིན་ཆ་མ་འཚལ་མོད། ལྐོག་གཡོ་ངན་ཇུས་ཀྱི་སྦྱོར་བ་ནག་པོ་དེས་ངེད་གཉིས་ངན་རུལ་གྱི་མུན་དོང་དེ་ནས་ཡར་འཐེན་པ་འདྲ་ལ། དེའི་རྗེས་ཀྱི་ལོ་ངོ་འགའི་རིང་ངེད་གཉིས་ཀྱིས་ཁ་རྩོད་ཙམ་ཡང་མ་བརྒྱབ་པར་ང་བཟང་ཁྱོད་བཟང་དང་ཞི་འཇམ་གྲོས་འགྲིག ཕན་ཚུན་བཤུག་རེས་ཀྱི་འཚོ་བ་དེ་བསྐྱལ། ཡིན་ཡང་འཚོ་བ་དེའི་ཁྲོད་དུ་ངེད་གཉིས་ཀྱི་འབྲེལ་བ་ནི་བར་དུ་གན་རྒྱ་བཞག་པའི་ཚོང་པ་གཉིས་ཀྱིས་སོ་སོའི་ཚོང་རྫས་དང་ཁེ་ཕན་གྱི་ཕྱིར་དུ་འཛུམ་པའི་མདངས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་འདྲ་ལ། མཉམ་དུ་སྲང་ལ་ཉུལ་བའམ། ཟས་བཟའ་བ། མགྲོན་པོར་སྣེ་ལེན་བྱེད་པ་སོགས་བྱས་ཀྱང་སོ་སོའི་སེམས་ནང་ལ་དོན་དུ་ཅི་ཞིག་ཤར་བའམ་ཡང་ན་སྐྱིད་སྡུག་གི་ཚོར་བ་ཅི་ཡོད་གཏན་ནས་མི་བཤད་པས། ཁོ་རང་ནང་དུ་སླེབས་པའམ་སྒོའི་ཕྱིར་སོང་སྟེ་ཟླ་ངོ་གཅིག་གཉིས་རིང་མ་ཡོང་བ་གང་ཡིན་ཡང་ཁྱད་པར་ཅི་ཡང་མི་འདུག ལྷག་དོན་སེམས་པ་སྟོང་པར་གྱུར་ནས་ཁང་པ་སྟོང་པ་དེ་བསྲུངས་ཏེ་ཡུན་རིང་སྡོད་སྐབས་འཇིག་རྟེན་འདིར་ང་རང་གཅིག་པུ་ཤུལ་ཏུ་ལུས་ནས་སྐྱེ་བོ་བྱིངས་གླིང་ཀ་གཏོང་བར་ཕྱིན་འདྲའི་ཚོར་བ་ཞིག་གིས་ཀུན་ནས་གཟིར་ཡོང་།

རིམ་གྱིས་ང་རང་རླུང་ལང་སླ་ལ་དོན་གང་སྒྲུབ་ཀྱང་དམིགས་པ་རྩེ་གཅིག་ཏུ་གཏོད་མི་ཐུབ་མཁན་ཞིག་དང་། གཞན་ལ་དོགས་པ་ཟ་བར་དགའ་བའི་མི་ཞིག་ཏུ་གྱུར་སོང་། ཐེངས་ཤིག་ངའི་སྔོན་གྱི་ལས་གྲོགས་བུད་མེད་ཅིག་གིས“མོ་ཁྱོ་གས་དོར་ཡོད་པ་རེད། ཁོང་གཉིས་ཀྱི་ཁྱིམ་ཚང་དེ་ལའང་མིང་ཙམ་ལས་དོན་ཡོད་པ་མ་རེད། ཡིན་ཡང་མོས་གཞན་གྱི་མདུན་ནས་ཤོམ་བྱས་ཏེ་རྒྱན་ཆ་རྩ་ཆེན་བཏགས་ནས་རང་སེམས་གསོ་ཐབས་བྱེད་ཀྱིན་འདུག མོ་དེ་འདྲའི་གླེན་མ་ཞིག་ཡིན་པ་ངས་ད་བར་དུ་མ་ཤེས”ཞེས་ངའི་ངན་མཚང་རྗོད་ཀྱིན་པ་རྣམ་རྒྱལ་གྱི་གཉེན་ཉེ་ཞིག་གིས་ང་ལ་བཤད་པས། ངས་ཐབས་ཤེས་སྤྱད་དེ་ལས་གྲོགས་བུད་མེད་དེའི་ཁ་པར་ཨང་གྲངས་བཙལ་བ་དང་། དེ་ནས་མོར་ཁ་པར་བཏང་སྟེ་དྲག་ཏུ་གཤེ་བར་མ་ཟད། “ཁྱི་མོ”དང“འདྲེ་མོ”ཡི་མིང་དགུ་བརྩེགས་ཤིག་དང་ལྷན་དུ“ཁྱོད་ཀྱི་ལས་ཐམས་ཅད་ལམ་ལ་མི་འགྲོ་བར་ཤོག”ཅེས་དམོད་བོར་བར་བྱས།

འོན་ཏེ་དམོད་མོ་དེས་ང་རང་ཉིད་ལ་གནོད་བྱུང་བ་འདྲ་སྟེ། ཉིན་མོར་ཁྱིམ་ནས་བསྡད་དེ་བརྙན་འཕྲིན་གྱི་ཁ་ཕྱེ་ནས་ལེ་ཚན་གང་ཞིག་ལ་བལྟས་ཏེ་སྐར་མ་འགའ་འགོར་རྗེས་འཕྲིན་ལམ་གཞན་ཞིག་ཏུ་རྗེ་བ་དང་། དེ་ནས་དེའང་གཞན་དུ་བརྗེས་ཏེ་བརྙན་འཕྲིན་ལ་ལྟ་མི་འདོད་པར་འགྱུར། ཐ་ན་ཁ་པར་ནས་རྩེད་མོ་ཞིག་རྩེ་ནའང་བར་སྐབས་ཤིག་ནས་སུན་ཏེ་རྩེ་བར་མི་འདོད། དེ་ལྟར་ཁྱིམ་ནས་སུན་པས་སྒོར་འབུད་འདོད་ལ་སྒོར་བུད་དེ་ཅུང་ཙམ་འགོར་རྗེས་སླར་ཡང་ནང་དུ་ལོག་འདོད། གྲོགས་མོ་འགས་གསོལ་ཁང་ངམ་ཆང་ཁང་གང་རུང་དུ་བོས་ཏེ་མཉམ་དུ་འཛོམས་ཚེ་མཚམས་ཤིག་ནས་ངས་ཁོ་ཚོའི་གཏམ་འགའ་ཞིག་ཕྲག་དོག་དང་ཟུར་ཟར་གོ་བས་ཕྱིར་བཀྱེད་དགོས་འདུག མཚན་མོའི་དུས་སུ་རོ་སྟོད་ན་བ་དང་ཚ་བ་རྒྱས་ཏེ་ནམ་ཕྱེད་ཀྱི་བར་དུ་གཉིད་མི་ཁུག་ལ། གཉིད་ཁུག་རྗེས་རྣམ་རྒྱལ་གྱི་ཟུར་མོ་ཡིན་ཟེར་བའི་བུད་མེད་དག་ལ་འཐབ་མོ་འགྱེད་པ་དང་། གཉེན་ཉེ་ཚོས་ཀྱང་རང་ལ་འཕྱ་སྨོད་བྱེད་པ་སོགས་མཚམས་མེད་པར་རྨི། གཉིད་ལས་སད་དུས་ལུས་ཡོངས་རྔུལ་ཆུས་གང་ཞིང་སྙིང་ནི་ལུ་གུ་ལྡིང་བ་བཞིན་ཁོག་ནས་ཤོར་གྲབས་བྱེད་ཀྱིན་འདུག

ཉིན་འགའི་རྗེས་སུ། ངའི་ལས་ཁུངས་ཀྱིས་ང་རང་དུས་ཡུན་རིང་པོར་ལས་ཀར་མ་ཞུགས་པ་རྒྱུ་མཚན་དུ་བྱས་ཏེ་ལས་གནས་ནས་ཕྱིར་འབུད་བཏང་བའི་ཡིག་ཆ་ཞིག་ང་སར་བསྐུར་བྱུང་ལ། ངས་དེ་ནི་རྣམ་རྒྱལ་གྱིས་ལག་པ་རིང་པོ་བསྲིངས་ཏེ་བཟོས་པ་ཞིག་ཡིན་པ་ཐག་གིས་བཅད།

ང་རང་མཚམས་མེད་པའི་སྡུག་བསྔལ་གྱིས་མནར་བཞིན་པའི་ཟླ་ངོ་དེ་དག་རིང་། རྣམ་རྒྱལ་གྱི་སེམས་ནི་དེ་ལས་ལྡོག་པའི་སྐྱིད་སྣང་སྣ་ཚོགས་ཀྱིས་གང་བཞིན་པ་འདྲ་སྟེ། མཚན་མོར་ཁོ་རང་འཆར་ཅན་དུ་ཆུ་ཚོད་དགུ་པའམ་བཅུ་པར་སྒོའི་ཕྱིར་འགྲོ་ལ། ཕྱིར་སླེབས་དུས་མཚན་སྨད་ཀྱི་ཆུ་ཚོད་གསུམ་པ་ནས་ལྔ་པའི་བར་རེད། ཁོས་གློག་རྡུལ་རྩེད་མོ་རྩེ་ས་དང་། ཆང་ཁང་། རྒྱན་འགྱེད་ཁང་། སྟེགས་གྲུག་ཁང་སོགས་ནས་མཚན་བསྐྱལ་ཏེ་ཕྱིར་སླེབས་དུས་ཤི་བའི་རོ་ལྟར་གཉིད་འགྲོ་ཞིང་ཉིན་གུང་ཆུ་ཚོད་དང་པོའི་རྗེས་ནས་མ་གཏོགས་ཡར་མི་ལངས། ཡར་ལངས་རྗེས་ངས་སྡུག་མདོག་སྟོན་བཞིན་ཟས་ཤིག་གཡོས་ཚེ་ཁོས་དེ་བཟའ་བ་དང་དེ་ལྟར་མིན་ཚེ་སྒོར་བུད་འགྲོ། ངས་ཁོ་རང་སྒོའི་ཕྱི་ན་ཁོ་རང་གི་ཚོང་གྲོགས་སམ་ཟུར་མོ་གང་རུང་ལ་འགྲོགས་ཡོད་པ་དང་ཏག་ཏག་ཁོ་ཚོའི་གམ་ན་ཁོས་ཁ་བརྡ་ལྷོད་པོར་བྱེད་པ་དང་། དངོས་སུ་བསྒྲུབ་དགོས་པའི་དོན་རྣམས་སྒྲུབ་ཀྱིན་ཡོད་ལ། ངའི་སར་ཡོང་བ་ནི་མགྲོན་ཁང་ཞིག་གླས་རྗེས་དེ་སྟོང་པར་བསྐྱུར་ན་མི་ལེགས་པར་འདོད་ནས་ཁྲལ་ལས་ཙམ་གྱི་ཕྱིར་དུ་ཡིན་པ་གསལ་པོར་ཤེས་པས། ཁོས་དོན་དམ་སྒོའི་ཕྱི་ན་དོན་ཅི་ཞིག་སྒྲུབ་བཞིན་པ་དང་། ཁོའི་གམ་ན་རོགས་པ་སུ་ཡོད་པ་སོགས་ལ་ཁ་ཡ་བྱ་འདོད་མི་འདུག ཁོའི་གདོང་ལས་དགའ་སྡུག་གི་རྣམ་འགྱུར་དྲག་པོ་གང་ཡང་མི་མངོན་ནའང་སེམས་ཁྲལ་དང་དོགས་འཚེར་མེད་པར་ལྷོད་པོར་འཚོ་བའི་ངང་ཚུལ་དེས་ངའི་ཁོའི་ཁོག་གི་སྐྱིད་སྣང་དེ་ཚོར་ཡོང་ལ། སྐྱིད་སྣང་དེ་ནི་ཁོའི་སྒོའི་ཕྱི་རོལ་ཀྱི་གྲོགས་པོ་གྲོགས་མོ་དེ་དག་ལས་ངའི་བགོ་སྐལ་མིན་པའང་གསལ་པོར་ཚོར་ཡོང་། ངའི་བགོ་སྐལ་ནི་ཁོས་ང་ལ་འཆར་ཅན་དུ་སྟེར་བའི་དངུལ་ལོར་ཉུང་ཙམ་དང་། དེ་མིན་གྱོན་གོས་། རྒྱན་ཆ། ཁུག་མ་སོགས་ལེགས་སྐྱེས་ཅི་རིགས་སོ།། ངས་ཉི་མ་རེ་རེ་བཞིན་ཁོ་རང་རྒྱུས་མེད་པའི་མི་ཞིག་ཏུ་མཐོང་བར་མ་ཟད་ཁོས་ང་སར་ཁྱེར་ཡོང་བའི་དངུལ་དང་ལེགས་སྐྱེས་ཀྱང་ངས་ཁོའི་ལྷོད་ཡངས་ཀྱི་འཚོ་བར་བར་ཆད་མི་གཏོང་བའི་ཕྱིར་དུ་ཁྲལ་ཙམ་སྤྲོད་པར་མཐོང་སོང་།

ང་རང་བུ་མོ་མཁའ་འགྲོ་ཁྲིད་ནས་ཁྱིམ་དེ་ལས་གཏན་དུ་སྒོར་འབུད་པར་བརྩམས་ནའང་། སྒོར་བུད་རྗེས་ཀྱི་ང་ནི་ཁོའི་ཟུར་མོ་དག་གིས་ཁྲེལ་དགོད་བྱེད་ས་དང་ངའི་གཉེན་ཉེ་དག་གིས་སྡིགས་དམོད་གཏོང་ས། ང་རང་ངོ་ཤེས་པའི་མི་ཀུན་གྱིས་འཕྱ་སྨོད་གཏོང་ས་ཞིག་ཏུ་འགྱུར་སྲིད་ཅིང་། ཐ་ན་རང་ཁ་རང་གསོ་ཡི་ལས་ཀ་ཞིག་ཀྱང་སྒྲུབ་ཐབས་མེད་པ་ཤེས་བྱུང་།

དེ་ལྟར་མི་བདེ་བ་དང་ཡི་མུག་གིས་མནར་ནས་ལོ་ངོ་གཅིག་འགོར་རྗེས་ཀྱི་ཞོགས་པ་ཞིག་ལ། ང་རང་ཁྱིམ་དེའི་སྒོར་མ་བུད་པར་སྒེའུ་ཁུང་ནས་མར་མཆོངས།

བརྩེགས་རིམ་དགུ་པ་ནས་མར་ལྷུང་བའི་སྐད་ཅིག་མ་དེར་ཉིན་འགའི་སྔོན་དུ་ངས་བསྟན་འཛིན་ལ་ཁ་པར་བཏང་བ་དེ་ཡིད་ལ་ཐེངས་གཅིག་ཤར་བྱུང་།

ཉིན་དེར་བསྟན་འཛིན་ལ་ཁ་པར་དང་པོ་གཏོང་དུས་ཁོས་མ་བླངས་མོད། ཕྱི་དྲོའི་དུས་སུ་ཁོས་ང་ལ་ཁ་པར་ཚུར་བཏང་ཡོང་སྟེ། “སྔ་དྲོ་ཚོགས་འདུ་ཞིག་ཡོད་པས་ཁྱོད་ཀྱི་ཁ་པར་ལ་ཉན་ཐུབ་མ་སོང་། དོན་ཅི་ཡོད་དམ”ཟེར། ངས“ཁྱོད་ལ་ཁ་པར་ཞིག་བཏང་སྟེ་ཁ་བརྡ་ཙམ་བྱ་འདོད་པ་ལས་དམིགས་བསལ་དོན་གཞན་གང་ཡང་མེད”ཅེས་སྨྲས་པ་དང་། དེ་ནས་དེ་སྔོན་ལྷ་སྐྱིད་ལ་རྫུན་བཤད་པ་ཇི་བཞིན་ངས་ཁོར་བརྩེ་བ་མང་ཙམ་བཅངས་པ་ཡིན་ཞེས་རྫུན་སྣ་ཚོགས་བཤད། མ་འོངས་པར་སྐལ་བ་ལྡན་ཚེ་འུ་གཉིས་གཅིག་པུ་གནས་སྐོར་ལ་འགྲོ་ཞེས་སྨྲས་པ་ན། ཁོས་ཀྱང་དེ་ལེགས་ཚུལ་མང་པོ་ཞིག་སྨྲས་ཤིང་འགྲོ་སའི་གནས་ནི་ལྷ་སའམ། ལི་ཅང་ངམ། ཧྲང་ཧེའམ། ཉིང་ཁྲི་བཅས་ལས་གང་ལེགས་པའི་སྐོར་ལ་གྲོས་ཀྱང་མང་དུ་བྱས། གསལ་པོར་བཤད་ན་ངས་ཁོ་ལ་དེ་ལྟར་སྨྲས་པ་ནི་སྐབས་དེར་དུས་ཀྱི་མདའ་རྩེ་ཉིད་ཕྱིར་འཁོར་ནས་ངེད་གཉིས་ཐོག་མར་འགྲོགས་པའི་སྐབས་སུ་འཁེལ་ཚེ་ང་རང་གིས་མི་ཚེའི་ནང་ཁོ་ལ་བརྩེ་བ་དེ་འདྲ་བཅངས་ཐུབ་ཡོད་ན་ཅི་མ་རུང་སྙམ་སྟེ་ཡིད་ནས་སྨོན་པ་ཤོར་བ་ཉིད་རྫུན་ཚིག་ཏུ་བཅོས་པ་ཙམ་ལས་གཞན་ཅི་ཡང་མིན། འོན་ཏེ་རྫུན་ཚིག་དེ་ཉིད་ཚེ་ཡི་འཕེན་པ་རྫོགས་ཁར་བདེན་པ་ལྟ་བུར་གྱུར་ནས་ཕྱིར་འཇིག་རྟེན་དུ་ཞེན་ཆགས་མི་འབྱུང་བའི་སེམས་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཚེ་ངའི་རེ་བ་འགྲུབ་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1