ཁྲུང་ཆིང། གཡུ་ལོ་བཀོད་པའི་ཞིང་ཁམས།

བདེན་བུ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


ཨ་སྔོན་ནམ་མཁའི་ན་བུན་དྭངས་དུས་དཀོན། །

འཚེར་འཚེར་ཉི་མའི་ཞལ་མཇལ་གོ་སྐབས་ཕྲ། །

རོང་རོང་མཁར་གྱིས་མཐོ་ཚད་འགྲན་པའི་ཚེ། །

སྒྲོ་ལྡན་འཕུར་རྩལ་ཅན་ཡང་གཤོག་རྩ་འདར། །

འཚུབ་འཚུབ་འགུལ་འཕྲུལ་འཁྱུ་དང་མི་ཚོགས་ཀྱིས། །

ས་སྟེང་འབུ་སྲིན་འགུལ་བའི་སྟོང་ཆ་ཕྲོགས། །

འ་འུར་བར་མེད་སྐད་སྒྲའི་རླབས་རྒྱུན་གྱིས། །

དབྱར་སྐྱེས་རྔ་བོ་ཆེ་ལའང་སྐྱེངས་པ་སྟེར། །

ཚོམ་ཚོམ་ས་འཛིན་སྔོ་ལྗང་གོས་ཀྱིས་བཀླུབས། །

ནང་བསྟན་གནས་རི་ཅིན་ཡུན་རི་བོ་འགྱིངས། །

རབ་རིབ་མཐོང་ལམ་གནས་དེར་ཅེར་བའི་ཚེ། །

འོད་སྲུངས་ཆེན་པོའི་བྱིན་རླབས་དཔོག་པར་རེ། །

ཚང་ཚིང་ལྗོན་ཤིང་སྐྱེ་གཟུགས་དགུང་ལ་རེག །

མཚམས་མཚམས་བྱ་བྱིའུ་གསུང་སྐད་ཀྱུ་རུ་རུ། །

ཆེ་ཆུང་འབྲས་ཤིང་ཡལ་འདབ་ཐུར་དུ་དཔྱངས། །

ཁྲུང་ཆིང་འདི་ཀོ་གཡུ་ལོ་བཀོད་པའི་ཚལ། །

ཞི་བདེའི་སྲིད་ཀྱི་དཔལ་ཡོན་ཀུན་ལ་སྙོམས། །

བཟོ་ཚོང་དཔལ་གྱི་འབྱོར་པ་ཉིན་བཞིན་རྒྱས། །

ཤེས་ཡོན་དཔལ་དང་འཕྲོད་བསྟེན་བྱ་གཞག་གིས། །

ཁྲུང་ཆིང་གསར་པའི་མངའ་ཐང་རྒྱས་པར་སྨོན། །

ལྡེམ་ལྡེམ་ཅཱ་ལིང་གཙང་པོ་འབྲི་ཆུར་འཁྲེང་། །

ཁྲ་ཆིལ་གློག་གི་རོལ་རྩེད་སྐར་མདར་འཁྲེང་། །

ནར་ནར་ལྗགས་དེ་རྒྱ་ཁོག་ཟས་ལ་འཁྲེང་། །

ཇ་ཡུན་འདུས་མི་བསིལ་མོ་ལྗོངས་ལ་འཁྲེང་། ། 


རྩོམ་ཡིག་སྔོན་མ།
ཁ་བ་བབ་བྱུང།
རྩོམ་ཡིག་རྗེས་མ།
མ་གྱུར་སེམས་ཅན་ཐམས་ཅད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1