མཛའ་གཞས་ཁུ་བྱུག་འཇོལ་མོ།
སྒྲོལ་མ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30
བྱ་ཁྱུ་ལྷོ་རུ་འཕུར་དུས། །ནམ་མཁའ་བྱ་བརྒྱའི་འཕུར་ལམ། །
ང་ཡི་གནས་ཚང་བསྙེགས་རོགས། །གློ་སྙིང་འབུལ་ས་ཡིན་འདུག །
ནག་ཆུང་ཁྭ་ཏ་བྱ་རེད། །མཐའ་རུ་སྤྲད་གྲབས་མ་མཛད། །
ནང་སེམས་ཤ་ལས་གྲུབ་པས། །སྙི་བར་ཚོད་ཅིག་མི་འདུག །
འཕྲད་སྙིང་སེམས་ཀྱིས་བཞེས་ཏེ། །རྐང་པ་ཡང་པོར་གནང་ཡང་། །
སྣང་མེད་བག་ཡངས་གནང་བས། །ཚེ་འདིའི་སྣང་བ་ནུབ་སོང་། །
ལྷ་སའི་སྐྱིད་ཆུ་ཡོམ་ཡོམ། །སྐྱིད་ཆུའི་ཀོ་གྲུ་ཡོམ་ཡོམ། །
གྲུ་པར་བསྐུར་བའི་འཕྲིན་པ། །ཡར་ཀླུངས་གཙང་པོར་ཨེ་འབྱོར། །
ནགས་ཀྱི་ལྕང་དཀར་ལྕུག་ལྕུག །བྱེའུ་ཆུང་ལྕང་མགོར་ལྡེམ་ལྡེམ། །
རླུང་བུ་ཤིག་ཤིག་ལྡང་བས། །བྱེའུ་ཆུང་འཕུར་སྙིང་བྱུང་བ། །
གསེར་གྱི་གའུ་ཁ་སྦྱོར། །གཡུ་དང་བྱུ་རུས་བརྒྱན་པ། །
འེ་གཉིས་མཐུན་པོ་བྱུང་བ། །འཇིག་རྟེན་སྣང་བའི་དྲིན་ཡིན། །
ཕ་རྒྱུད་བྱང་ཆུབ་སེམས་དཔའ། །མ་རྒྱུད་བྲག་དཀར་སྲིན་མོ། །
རིགས་རྒྱུད་གཅིག་ལས་ཆད་པ། །འི་གཉིས་བསོད་ནམས་ཡིན་འདུག །
འཇིག་རྟེན་ཆ་ལ་མོས་པས། །ཡ་རུ་གནང་དགོས་ཡོད་དམ། །
མ་གསང་དྲང་མོར་བཤད་ན། །ང་ཡིས་ཁྱེད་རང་བསྒོམས་ཡོད། །
ཡ་གིའི་སྡོང་མགོ་གཅིག་ཏུ། །འེ་གཉིས་བྱ་ཚང་བཅས་ཡོད། །
དུང་སྒོང་དུང་དཀར་གཡས་འཁྱིལ། །རུམ་སྟེ་གཏན་སྡོད་གནང་རྒྱུ །
ལྷ་ཤིང་ཤུག་པའི་སྣ་གཅུར། །འཇམ་པོ་བལ་གྱི་སྣ་ཐིག །
མཛོ་བདག་བློ་སེམས་དཀར་བས། །ཚེ་འདིར་ལས་སྣང་དག་ཡོད། །
ཞེ་གཅིག་ཞེ་རྩིས་མཐུན་པར། །འཇིག་རྟེན་མཐུན་པ་བྱུང་ན། །
ལྷ་ཡི་གཞལ་ཡས་ཁང་ལས། །མི་ཡུལ་དག་པའི་ཞིང་རེད། །
དུས་སུ་བཏབ་པའི་དུས་ཆད། །འགྱུར་ཡོང་བསམ་པ་མི་འདུག །
རྣ་བ་ཀེར་ཀེར་བྱས་ཏེ། །ལྷ་ཉིན་དཀར་པོར་བསྒུག་ཡོད། །
འཕྱོངས་རྒྱས་ཟླ་བ་སྒྲོལ་མའི། །འཛུམ་གྱི་དཀྱིལ་འཁོར་བསམ་སྟེ། །
གངས་ཆབ་ཡར་ཀླུངས་གཙང་པོ། །འཕྱོངས་རྒྱས་ཡུལ་དུ་བབས་པ། །
འཇིག་རྟེན་སྣང་བའི་རི་མོ། །འཚོ་ཚིས་བསྒྲུབ་པའི་མགོན་རེད། །
ལོངས་སྤྱོད་ཕུན་སུམ་ཚོགས་པ། །ལྷ་ཡུལ་ས་ལ་འཕོས་འདྲ། །
མཐོ་བ་ལྷ་ཡི་ཡུལ་རེད། །དག་པ་མི་ཡི་ཞིང་རེད། །
ང་གཉིས་དག་པའི་ཡུལ་དུ། །འཛོམས་པ་ལས་ཀྱི་བསྐོས་ཐང་། །
རྩིད་སྐུད་བཏགས་ནས་བཟོས་པ། །འཐག་གི་མགོ་མ་རེ་ལྡེ། །
ང་གཉིས་གཞིས་ཁྱིམ་གཅིག་གི །བཀྲ་ཤིས་རྟེན་འབྲེལ་ཡིན་འདྲ། །
ལྷ་བྱ་གོང་མོ་ང་རང་། །གཡའ་སྤང་མཚམས་སུ་ཡོད་རེ། །
རྫ་རི་བསམ་པ་མིན་ན། །ང་ཡང་ནགས་སུ་འཕུར་ཆོག །
རླུང་བུ་སིམ་སིམ་མ་གཡུགས། །རྩྭ་རྩེའི་ཟིལ་པ་འཐོར་འགྲོ །
རྩྭ་རྩེའི་ཟིལ་པ་དཀར་པོ། །རྩྭ་རྩེར་སིམ་འཆར་གནང་འདུག །
ཆར་སྣེ་རླུང་གིས་ཁྲིད་དེ། །གླིང་བཞི་གཏོར་གྲབས་མཛད་ཀྱང་། །
དམ་དུ་འབྲེལ་བའི་སེམས་གཉིས། །རང་སོར་གྲོལ་བའི་དཔེ་མེད། །
ཆུང་འདྲིས་འཁྲིས་སུ་སྡོད་དུས། །དག་པ་ལྷ་སའི་ཇོ་རེད། །
ཚེ་འདིའི་ཚེ་བསོད་མིན་ན། །ང་ལ་བསྐོ་བའི་དཔེ་མེད། །