༄༅།། སྐད་ངག་སྒྱུ་རྩལ་ལས་གློག་བརྙན་འཕྲིན་ཟློས་གར་གྱི་སྐད་སྦྱོར་སྒྱུ་རྩལ་སྐོར་མདོར་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


        གློག་བརྙན་འཕྲིན་ཟློས་གར་གྱི་སྐད་སྦྱོར་བྱ་བ་གཉེར་མཁན་ཞིག་ལ་མཚོན་ན།སྨྲ་བརྗོད་སྒྱུ་རྩལ་ལ་གོམས་དགོས་པ་མ་ཟད།དེ་ལ་སྤྲོ་བ་ལྡན་དགོས་པའི་ཁར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དམངས་ཁྲོད་དང་གློག་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི་མི་སྣའི་བརྗོད་པའི་སྐད་ཆ་ཡོངས་ལ་མཉམ་འཇོག་དང་སློབ་སྦྱོང་བྱེད་དགོས།དེ་ལྟར་བྱས་ན་རྒྱུན་ལྡན་གྱི་སྐད་སྤྱོར་བྱ་བའི་ཁྲོད་དུ་ཟློས་གར་མི་སྣའི་དགའ་སྐྱོ་ཆགས་སྡང་ཇི་བཞིན་མངོན་ཐུབ་པ་རེད།དེ་ལས་ཀྱང་གལ་ཆེ་བ་ནི་གློག་བརྙན་འཕྲིན་ཟློས་གར་གྱི་སྐད་ཆའི་སྒྱུ་རྩལ་ལ་སྤྲོ་བ་ཡོད་པ་ཞིག་ཡིན་དགོས་པ་སྨྲ་མི་དགོས།དེར་བརྟེན་ང་རང་གིས་ལོ་བཅུ་ལྷག་གི་རིང་ལ་གློག་བརྙན་འཕྲིན་ཟློས་གར་ལ་སྐད་སྦྱོར་བྱས་པའི་མྱོང་ཚོར་དང་སྐད་སྦྱོར་མི་སྣ་ཞིག་ལ་མཚོན་ན་ཆ་རྐྱེན་གང་དག་འཛོམས་དགོས་པའི་སྐོར་ནས་ཅུང་ཙམ་བརྗོད་པར་བྱ།
 གཅིག སྐད་སྦྱོར་སྒྱུ་རྩལ་ལ་སྤྲོ་བ་ལྡན་དགོས་པ་དང་སྨྲ་བརྗོད་དག་དགོས་པ།
        བརྙན་འཕྲིན་ཟློས་གར་གྱི་སྐད་སྦྱོར་ནི་སྒྱུར་སྐྲུན་བྱ་ཡུལ་རང་སྟེང་ནས་ཚོད་འཛིན་ནན་མོ་བྱས་ཡོད་པའི་སྒྲ་གདངས་དང་སྐད་ཆའི་སྟེང་གསར་རྩོམ་བྱེད་དགོས་པའི་སྒྱུ་རྩལ་ཞིག་ཡིན།བྱ་བ་གང་དང་གང་ཞིག་སྒྲུབ་རུང་གཞི་རྩའི་ཤེས་བྱ་ཁོང་དུ་ཆུད་དགོས་པ་ལྟར།སྐད་སྦྱོར་འཁྲབ་སྟོན་པ་བཟང་བོ་ཞིག་ལ་མཚོན་ནའང་སྨྲ་བརྗོད་དག་ཅིང་སྒྲ་གདངས་དྲག་ཞན་བར་གསུམ་ཅི་དགར་སྐད་སྦྱོར་ནུས་རྩལ་ཞིག་ལྡན་དགོས་པའི་སྟེང་ལ་དེར་སྤྲོ་སྣང་ཆེན་པོ་ལྡན་དགོས། སྐད་སྦྱོར་འཁྲབ་སྟོན་པ་ཞིག་གིས་སྐད་སྦྱོར་བཟང་བོ་ཞིག་བྱེད་དགོས་ན་བརྙན་འཕྲིན་ནང་གི་འཁྲབ་བྱའི་མི་སྣ་དང་རང་ཉིད་ངོ་བོ་དབྱེར་མེད་བྱས་ནས།ལྟ་མཁན་དག་གི་སྣང་ངོར་ཁོ་ཚོས་ཉན་བཞིན་པ་ནི་འཁྲབ་བྱའི་མི་སྣའི་སྐད་ཆ་ལས་སྐད་སྦྱོར་པའི་སྐད་ཆ་མིན་པའི་ཚོར་སྣང་ཞིག་བཅོས་མིན་དུ་སྦྱིན་ཐུབ་དགོས།འདི་འདྲའི་སྒྱུརྩལ་གྱི་ཕན་འབྲས་བཟང་བོ་ཞིག་ཐོན་དགོས་ན།སྐད་སྦྱོར་བས་སྨྲ་བརྗོད་དག་ཅིང་བྱང་ཆ་ཡོད་པའི་སྐད་ཆ་ཞིག་བརྗོད་དགོས་པ་ལས་གཞན།ད་དུང་སྒྱུ་རྩལ་གྱི་ཚོར་བ་རྣོན་པོ་ཞིག་ཀྱང་ལྡན་དགོས་ལ།འཁྲབ་བྱའི་མི་སྣའི་སྐད་ཆའི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་བརྗོད་སྟངས་དེ་ཁོང་དུ་ཆུད་དགོས།དེའི་སྟེང་ལ་ད་དུང་རང་ཉིད་གཅིག་པུས་འཁྲབ་ཚིག་བཤད་པའི་སྐབས་ཀྱི་སྒྲ་གདངས་ཇི་ལྟར་འགྱུར་དགོས་པ་ལ་སོགས་ཀྱི་ཕྱོགས་ནས་སྐད་སྦྱོར་ནུས་རྩལ་སྣ་ཚོགས་འཛོམས་དགོས།དེ་ལྟར་བྱས་ན་ད་གཟོད་སྐད་སྦྱོར་བས་འཁྲབ་བྱའི་མི་སྣ་མི་འདྲ་བ་གང་མང་འཁྲབ་སྟོན་བྱེད་སྐབས།གང་འཁྲབ་དེ་འབྱོར་གྱི་ནུས་པ་ཐོན་ངེས། ང་ཚོ་བོད་ལ་མཚོན་ན་ཡུལ་གྱི་ཆ་ནས་མདོ་དབུས་ཁམས་གསུམ་དང་སྐད་ཀྱི་ཆ་ནས་ལྷ་སའི་སྐད་དང་ཁམས་སྐད།ཨམ་སྐད་བཅས་སུ་བགོས་ཡོད་པའི་སྟེང་ལ་ད་རུང་ཡུལ་སྐད་དང་ལུང་སྐད་སོགས་མང་པོ་ཡོད་རུང་།གློག་བརྙན་འཕྲིན་ཟློས་གར་ལ་སྐད་སྦྱོར་སྐབས་སུ་ཐུན་མོང་གི་སྤྱོད་པའི་ཡིག་སྐད་སྤྱད་ཚེ་བོད་ལ་སྤྱི་སྐད་ཆགས་པར་ཕན་པ་ལྡན་ངེས།དེ་བས།འདི་འདྲའི་གནས་ཚུལ་བཟང་པོའི་འོག་ཏུ་ང་ཚོ་བོད་སྐད་སྐད་སྦྱོར་བས་འཁྲབ་ཚིག་མ་དག་པ་དང་ཡང་ན་ཡུལ་སྐད་བཤད་ན།བོད་མི་མང་ཆེ་བའི་སྣ་ལམ་དུ་ཚིག་ལྡབ་ལྡིབ་མ་ལས་གོ་རྒྱུ་ཡོད་པ་མ་རེད།ང་རང་ཉིད་ལ་མཚོན་ན།སྒྲ་དངོས་སུ་མ་ཕབ་པའི་ཡར་སྔོན་དུ་སྐད་སྦྱོར་བར་གྲ་སྒྲིག་བྱ་བ་གང་མང་ཞིག་བྱས་ཡོད་ནའང་།ཆད་ལྷག་དང་ཡང་ན་གོ་བ་དེ་འདྲ་ལེགས་པོ་ཞིག་ལོན་མེད་ས་ཡོད་ངེས་པས།སྒྲ་དངོས་སུ་ཕབ་པའི་དུས་སུ་བསྒྱུར་བྱའི་བརྙན་འཕྲིན་ཟློས་གར་བསྐྱར་གཏོང་བྱེད་སྐབས།གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་བརྗོད་བྱ་དང་འཁྲབ་བྱའི་མི་སྣར་གོ་བ་ལེན་སྟངས་སྔར་དང་མི་འདྲ་བ་གསར་དུ་འབྱུང་ངེས།སྐབས་དེར་ངེས་པར་དུ་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་མི་སྣ་དེར་འོས་ཤིང་འཚམ་པའི་བབ་བསྟུན་གྱིས་སྐད་སྦྱོར་བར་འབད་པ་བྱེད་དགོས། གཉིས།མི་སྣའི་སེམས་ཁམས་དང་བསྟུན་ནས་ཁ་དང་སྐད་གཉིས་མཉམ་དགོས་པ། གློག་བརྙན་འཕྲིན་ཟློས་གར་གང་དང་གང་ཡིན་རུང་དེའི་ནང་དུ་འཁྲབ་བྱའི་མི་སྣ་གང་མང་ཡོད་ངེས་པས།
        སྐད་སྦྱོར་བ་ཞིག་ལ་མཚོན་ན་ཐོག་མར་སྐད་སྦྱོར་ཡུལ་གྱི་མི་སྣར་རྒྱུས་ལོན་དང་གོམས་པར་འཇུག་རྒྱུ་དེ་ཧ་ཅང་གལ་ཆེ།དུས་མཚུངས་སུ་ཟློས་གར་གྱི་བྱུང་རིམ་དང་བསྟུན་ནས་ཁ་དང་སྐད་གཉིས་ཐོད་ཐུག་རྒྱུ་དེ་འཁྲབ་བྱའི་མི་སྣའི་སྐད་ཆའི་མགྱོགས་དལ་དང་སེམས་ཁམས་ཀྱི་འགྱུར་བ་གཉིས་ལ་འབྲེལ་བ་ཡོད་པས།སྐད་སྦྱོར་བས་འཁྲབ་བྱའི་མི་སྣའི་སྐད་ཆའི་མགྱོགས་དལ་ཁོང་དུ་ཆུད་རྒྱུ་ནི་དེ་འདྲའི་ལས་དཀའ་མོ་ཞིག་མིན།དུས་རིམ་ངེས་ཅན་ཞིག་གི་ལག་ལེན་བརྒྱུད་རྗེས།སྤྱིར་བཏང་དུ་སྐད་སྦྱོར་བ་ཀུན་གྱིས་འཁྲབ་རྩལ་འདི་རྒྱུ་ལ་གོམས་སྲིད།ཡིན་ནའང་མི་སྣའི་ནང་སེམས་ཀྱི་འགྱུར་བ་དེ་མི་སྣའི་གཤིས་ཀ་དང་སེམས་ཁམས།གཤིས་རྒྱུད།ཉམས་འགྱུར་སོགས་ལ་འབྲེལ་བ་དམ་པོ་ཡོད་པས།ཕྱིའི་སྐད་ཆའི་རྣམ་པ་ཙམ་གྱིས་མཚོན་དཀའ།ངེས་པར་དུ་གཏིང་ཟབ་པའི་སྒོ་ནས་འཁྲབ་བྱའི་མི་སྣར་དབྱེ་ཞིབ་དང་རྒྱུས་ལོན་བྱེད་པ་ནས་འགོ་བརྩམས་ཏེ།བསྒྱུར་བྱའི་ཡུལ་གྱི་འཁྲབ་སྟོན་པའི་འཁྲབ་ཚིག་ལ་ཡང་དང་བསྐྱར་དུ་གོ་བ་ལེན་པ་དང་།སྐད་སྦྱོར་སྐབས་ཀྱི་སྒྲ་གདངས་དྲག་ཞན་དང་མགྱོགས་དལ།སྐད་ཆའི་བཤད་སྟངས་སོགས་ཕྱོགས་མང་པོ་དང་།དེ་མིན་གནས་ཁྱད་པར་བ་དང་སྐད་ཆའི་བཤད་ཡུལ་མི་འདྲ་བ་སོགས་ཀྱི་དབང་གིས་ངེས་པར་དུ་དེ་སྐོར་ལ་སེམས་ཞིབ་མོས་བཀོད་སྒྲིག་དང་ཞིབ་འཇུག་བྱས་ནས།འཁྲབ་བྱའི་མི་སྣའི་འཁྲབ་ཚིག་རེ་རེའི་ཤུགས་སུ་གནས་པའི་སེམས་ཁམས་ཀྱི་འགྱུར་བ་དེ་མཚོན་ཅི་ཐུབ་བྱེད་དགོས་ལ་སྐད་སྦྱོར་བས་ཐོག་མཐའ་བར་གསུམ་དུ་འཁྲབ་བྱའི་མི་སྣའི་དགོས་མཁོ་ལྟར་ཕྱིའི་སྐད་ཆ་དང་ནང་སེམས་ཀྱི་འགྱུར་བ་ལ་ཚོད་འཛིན་ཐེབས་དགོས།དེ་འདྲའི་ཚད་ཅིག་ལ་ཐོན་དགོས་ན་སྐད་སྦྱོར་བའི་དཀའ་སྤྱད་འབད་བརྩོན་དང་ཉམས་མྱོང་གསོག་འཇོག་ནན་ནན་ཅག་ཅག་གིས་འཁྲབ་ཚིག་ཀློག་སྦྱོང་དང་མི་སྣར་ཞིབ་འཇུག་སོགས་ལ་བརྟེན་དགོས། གསུམ།སྐད་སྦྱོར་བྱའི་ཡུལ་གྱི་མི་སྣའི་གཟུགས་བརྙན་བསྐྱར་བཞེངས་ལ་དོ་སྣང་བྱེད་པ།  གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་སྐད་སྦྱོར་སྐབས་མི་སྣ་དེའི་སེམས་ཁམས་དང་མཉམ་འགྱུར།གཤིས་ཀ ཐོབ་ཐང་།ལོ་ཚོད་སོགས་ལ་རྒྱུས་ལོན་གཏིང་ཟབ་མོ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེ་བས།བསྒྱུར་སྐྲུན་མ་བྱས་པའི་ཡར་སྔོན་དུ་བསྒྱུར་སྐྲུན་མཁན་དག་གིས་མགོ་ནས་མཇུག་བར་དུ་བསྒྱུར་བྱའི་ཟློས་གར་ལ་ཐེངས་གཅིག་ལྟ་དགོས།ང་ཚོ་དུས་རྒྱུན་དུ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་ལྟ་རྒྱུ་དེ་སྒྱུར་སྐྲུན་བྱ་བའི་གོ་རིམ་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།དེའི་རྒྱུ་མཚན་ནི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་ལྟ་སྐབས་སྐད་སྦྱོར་བ་རང་ཉིད་ད་གཟོད་ལྟད་མོ་བ་ཞིག་གི་ངོས་ནས་ལྟ་བྱའི་ཡུལ་གྱི་བརྗོད་སྙིང་དང་བྱུང་རིམ།མི་སྣའི་འབྲེལ་བའི་བཀོད་སྒྲིག ཁྱད་ཆོས།དེ་མིན་འཁྲབ་སྟོན་པའི་འཁྲབ་སྟོན་ཁྱད་ཆོས་སོགས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ངེས།ཐེངས་གཉིས་པར་ལྟ་སྐབས་སྐད་སྦྱོར་བས་རང་གིས་འཁྲབ་སྟོན་བྱེད་པའི་འཁྲབ་བྱའི་མི་སྣ་གཅིག་པུར་མཉམ་འཇོག་པ་ལས་མི་སྣ་གཞན་གྱི་སྟེང་ལ་དེ་འདྲ་ཉམས་མི་ཤོར།དེ་བས་ངེས་པར་དུ་སྐད་སྦྱོར་བས་ཐེངས་མང་པོར་གློག་བརྙན་དང་བརྙན་འཕྲིན་ལ་ལྟ་རྒྱུ་དེ་སྐད་སྦྱོར་བཟང་བོ་ཞིག་བྱེད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་འདོད་ལ།དེ་འདྲའི་གོམས་འདྲིས་ཤིག་ཀྱང་ཆགས་ན་བཟང་བས།གློག་བརྙན་འཕྲིན་ལ་སྐད་སྦྱོར་སྐབས་སྐད་སྦྱོར་བས་ངེས་པར་དུ་འཁྲབ་བྱའི་མི་སྣར་རྒྱུས་ལོན་གསལ་བོ་ཡོད་དགོས་པ་བརྗོད་མ་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1