བོད་ཀྱི་ཡིག་སྐད་བེད་སྤྱད་ནས་ཡུལ་སྐད་ཕན་ཚུན་རྒྱུས་ལོན་བྱེད་སྟངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


གངས་རི་ར་བས་བསྐོར་བའི་འཛམ་གླིང་ཡང་རྩེ་བསིལ་ལྡན་ཁ་བའི་ལྗོངས་འདི་ན་འཚོ་སྡོད་བྱེད་པའི་མགོ་ནག་བོད་མི་རྣམས་ལ་མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་འཚོ་གནས་ཁོར་ཡུག་ནང་ལོ་རྒྱུས་འཕེལ་རིམ་གྱི་ཁྲོད་དུ་ཐུན་མོང་གི་ཡི་གེ་ཞིག་ཡོད་པས། ཡི་གེ་དེ་དང་འབྲེལ་བའི་སྐད་ཀྱི་ཕུགས་ཀྱང་གཅིག་ཡིན་ཅིང་བརྡ་སྤྲོད་ཀྱི་འགྲོས་དང་སྐད་གདངས་ཀྱང་གཅིག་མཚུངས་སུ་ཆགས་ཡོད་མོད། འོན་ཀྱང་། ལུང་པ་རེ་ལ་ཆུ་འགོ་རེ། ས་ཆ་རེ་ལ་སྐད་ལུགས་རེ་ཞེས་པའི་འཇིག་རྟེན་ཆོས་ཉིད་ལྟར། ཡི་གེ་གཅིག་ཡིན་པའི་མི་རིགས་འདི་ལ་ཡུལ་སྐད་ནམ་མཁའི་སྐར་ཚོགས་ལྟར་ཡོད་པ་ལ་དབྱེ་བ་རགས་རིམ་ཙམ་བྱས་ན་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་མམ། འགའ་ཤས་ཀྱིས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གཞི་བྱས་ཐོག། ད་དུང་རྒྱལ་རོང་གི་ཡུལ་སྐད་དང་། ལྷོ་མོན་གྱི་ཡུལ་སྐད། ཤར་པའི་ཡུལ་སྐད། མི་ཉག་གི་སྐད། རྟའུའི་སྐད། སྨར་སྐད་སོགས་མང་པོར་ཕྱེ་ཞིང་། གྲོང་ཁྱེར་གྱི་སྐད་དང་འབྲོག་པའི་སྐད། ཞིང་པའི་སྐད་བཅས་སུའང་དབྱེ་སྲོལ་ཡོད།

དེ་ཡང་མི་དང་མིའི་དབར་འབྲེལ་འདྲིས་ཆེ་བའི་བརྡ་འཕྲིན་དུས་རབས་སུ་ཡུལ་ལུང་མི་འདྲ་བའི་བོད་མི་ཕན་ཚུན་བརྡ་འཕྲོད་ཐབས་ནི་བོད་སྐད་ལ་བརྟེན་དགོས་ཤིང་། བོད་སྐད་ཀྱི་ཐད་ནས་བརྡ་མ་འཕྲོད་པའི་གནད་དོན་ཡང་བོད་མི་ཕན་ཚུན་འབྲེལ་འདྲིས་མང་ཙམ་བྱེད་རྒྱུ་དང་། བོད་ཡིག་གི་རྨང་གཞི་ངེས་ཅན་ཞིག་འཇོག་པའི་ཐབས་ལ་བརྟེན་ནས་ཐག་གཅོད་དགོས་པའི་སྐོར་རང་ཉིད་ཀྱི་མྱོང་བ་འགའ་ཤས་གླེང་རྒྱུ་སྟེ། དཔེར་ན། སྤྱི་ལོ་1993ལོར་ང་རང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་འབྲོག་སྐད་མ་ཤེས་པ་དེ་འབྲོག་པའི་དགེ་རྒན་དང་སློབ་གྲོགས་བར་འབྲེལ་བ་མང་པོ་བྱས་ཤིང་བོད་ཡིག་དང་བོད་ཀྱི་རིག་གནས་སློབ་སྦྱོང་བྱེད་པའི་ཐབས་ལམ་ལ་བརྟེན་ནས་འབྲོག་སྐད་ཤེས་པར་གྱུར་ཡོད། སྐབས་དེར་ངའི་བག་ཆགས་ལ། འབྲོག་སྐད་ཐོག་མར་ཤེས་པའི་སྒོ་དང་པོ་ནི། དཔེར་ན། དེ་མོ་ཟིག་རེད། ཆི་ཟིག་མི་ཉན་རེད། ཆི་ཟིག་བཅའ་གིན་ཡོད། ཞིང་བ་ཆ་ག །འབྲོག་བ་ཆ། ཞི་ལུ། ཞི་མོ། ཞ་བྱིས། བ་ནི་མ་རེད། དཀར་རོ་དགེ །བཀའ་འགྱུར། མ་ཎི་དུང་ཞེས་སོགས་རྒྱུན་བཀོལ་གྱི་བརྡ་ཆད་ནས་འགོ་འཛུགས་པ་ཡིན།

སྤྱི་ལོ་1997ལོར་ཆབ་མདོར་དགེ་རྒན་བྱེད་སྐབས་ཆབ་མདོ་བའི་སྐད་མ་ཤེས་པ་དེ་ཡང་དགེ་རྒན་དང་སློབ་མ། ཁྱིམ་བདག་སོགས་དང་འབྲེལ་བ་མང་པོ་བྱས་ཤིང་དེ་དག་གིས་བོད་ཡིག་ཀློག་སྟངས་དང་བོད་ཡིག་སྤྱོད་སྟངས་ལ་ཉམས་ཞིབ་བྱས་ནས་ཐག་གཅོད་བྱེད་ཡོད་དེ། དཔེར་ན། ཁྱུང་པོ་སྟེང་ཆེན་དུ་དགེ་རྒན་ཨ་ཕོ་ཚེ་དབང་གིས་བྱེད་པ་པོ་ཞིག་གིས་བྱ་བ་བྱེད་པ་བསྟན་པ་ལ་བྱེད་སྒྲ་ཟེར་ཞེས་པའི་ཡ་བཏགས་ཀྱི་སྒྲ་འདོན་སྟངས་ནི་བ་ཡ་བཏགས་ཛ་དང་ཕ་ཡ་བཏགས་ཚ་ཡི་སྒྲའི་འདོན་པ། དེ་བཞིན་དུ་གདའ་དང་མི་གདའ། སྐད་ཆ་ཡག་པོ་མ་ཟློ། ང་གི །ཁྱེད་གི །ཇོ་ཤཱཀྱ། ནམ་མཁའ་ཞེས་སོགས་རྒྱུན་བཀོལ་གྱི་བརྡ་ཆད་ལ་རྒྱུས་མངའ་ལེན་པ།

སྤྱི་ལོ་2001ལོར་ལྷ་སར་སློབ་སྦྱོང་བྱེད་སྐབས། དབུས་སྐད་མ་ཤེས་པ་དེ་དབུས་གཙང་གི་མི་དང་འབྲེལ་བ་མང་པོ་བྱས་ཤིང་དེ་དག་གིས་བོད་ཡིག་ཀློག་སྟངས་དང་བེད་སྤྱོད་སྟངས་ལ་ཉམས་ཞིབ་བྱས་ནས་ཐག་གཅོད་བྱེད་ཡོད་དེ། དཔེར་ན། འདུག་དང་མི་འདུག། རེད་པས། ཡིན་པས། དགེན་ལགས། རྨོ་ལགས། སྤོ་ལགས། ཨ་ཅག་ལགས། ཇོ་ལགས། ག་པ་ཡིན། ཞེ་དྲགས་ཡག་པོ་རེད། སྐུ་ཞབས་ལགས་ཞེས་སོགས་རྒྱུན་བཀོལ་གྱི་བརྡ་ཆད་ལ་རྒྱུས་མངའ་ལེན་པ།

སྤྱི་ལོ་2015ལོ་དང་2016ལོར་སྔ་ཕྱིར་རྒྱལ་རོང་དུ་བརྙན་འཕྲིན་གྱི་ལེ་ཚན་ལས་པའི་སྐབས་སུ། ས་གནས་དེ་གའི་བོད་ཡིག་ཤེས་མཁན་གྱི་ལས་བྱེད་དང་སྨན་པ། དགེ་རྒན། གྲྭ་པ་སོགས་དང་འབྲེལ་བ་བྱས་ནས་བརྡ་མི་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པ། མྱོང་བ་དེ་དག་ལས་ང་རང་གིས་བསམ་ན། བོད་ཡིག་ལ་བརྟེན་ནས་བོད་མི་ཕན་ཚུན་བརྡ་འཕྲོད་ཐབས་དེ་ཡང་བོད་བྱིངས་ཀྱི་བརྡ་སྤྲོད་གཞུང་ལས་གཏན་འབེབས་བྱས་པའི་ཡིག་སྐད་གཞིར་བྱས་ཐོག །ཡུལ་ལུང་ཕན་ཚུན་གྱི་བོད་ཡིག་གི་སྒྲ་འདོན་སྟངས་དང་མིང་ཚིག་བེད་སྤྱོད་སྟངས་སོགས་ནས་དཔྱད་བསྡུར་བྱས་ན་འདྲ་ས་དང་མི་འདྲ་སའི་གནད་འགག་གི་མཐིལ་རྟོགས་ཤིང་བོད་མི་ཕན་ཚུན་བར་སྐད་ཀྱི་སྒོ་ནས་ཡིད་ཀྱི་མཐུན་ལམ་ཞིག་འཛུགས་ཐུབ་ངེས་ལགས།

དེ་ཡང་སི་ཏུའི་འགྲེལ་ཆེན་ལས་གཞན་ཡང་བོད་ཡིག་གི་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་བྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་ཞེས་གསུངས་པ་ལྟར། བོད་ཀྱི་ཡུལ་སྐད་སོ་སོ་ཡང་ཡི་གེ་དང་དམ་པོར་འབྲེལ་ཞིང་། རང་རང་གི་ལུང་པ་སོ་སོའི་ཡི་གེའི་སྒྲ་འདོན་སྟངས་དང་ཡི་གེ་བེད་སྤྱོད་སྟངས་སོགས་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ་མངོན་སུམ་ཚད་མས་གྲུབ་པ་སྟེ།

དང་པོ། ཡི་གེའི་སྒྲ་འདོན་སྟངས་ཀྱི་སྐོར།

སྤྱིར་སྔོན་བྱོན་མཁས་པའི་བརྡ་སྤྲོད་ཀྱི་གཞུང་ལྟར་དུ་གནས་དང་བྱེད་རྩོལ། ཕོ་མོ་མ་ནིང་གི་སྒྲ་གདངས་མཐོ་དམན་སོགས་མ་ཉམས་པར་ཚུལ་བཞིན་དུ་འདོན་ནུས་ན་ཡི་གེའི་སྒྲ་དང་གདངས་ཀྱི་ཐད་ནས་མ་མཐུན་པ་ཆེ་མེད་ཀྱང་། ལོ་རྒྱུས་འཕོ་འགྱུར་དང་འགྲིམ་འགྲུལ་ཆ་རྐྱེན། འཚོ་གནས་ས་བབ་སོགས་ཡུལ་དུས་ཀྱི་ཁྱད་པས་མ་མཐུན་པའི་ཆ་གང་མང་ཞིག་བྱུང་ཡོད་དེ། དེ་ལྟར་འབྱུང་ཚུལ་ཡང་མཐར་བཏུགས་ན་དབྱངས་གསལ་སོ་བཞི་དང་སྔོན་རྗེས་ཡང་གསུམ། མགོ་འདོགས་བརྩེགས་གསུམ་ལ་འདུས་པ་སྟེ།

1. དབྱངས་གསལ་སོ་བཞིའི་སྐོར།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཨི་ཨུ་ཨེ་ཨོ། བཅས་དབྱངས་གསལ་སོ་བཞིའི་ནང་གི་གསལ་བྱེད་སུམ་ཅུ་ལས་གནད་འགག་ཆེ་ཤོས་ནི་མོ་ཡིག་ག་ཇ་ད་བ་ཛ་འ་ཞ་ཟ་འ་ཡ་ཤ་ས་བཅས་ཀྱི་སྒྲ་འདོན་སྟངས་ཏེ། དཔེར་ན། མདོ་དབུས་ཁམས་གསུམ་སོ་སོས་མོ་ཡིག་དེ་དག་འདོན་པའི་སྒྲའི་ཁྱད་པར་ནི། ག་ཇ་ད་བ་ཛ་འ་ཞ་ཟ་འ་ཡ་ཤ་ས་བཅས་ལས་གསལ་ཞིང་། ག་ལ་འགའ་དང་། ཇ་ལ་འཇའ། ད་ལ་གདའ། བ་ལ་ཝ། འ་ལ་ཨ། ཞ་ལ་བཞའ། ཟ་ལ་བཟའ། ཤ་ལ་གཤའམ་ཧ། ས་གསའ་སོགས་ཀྱི་སྒྲ་འདོན་པ།

དེ་ཡང་བོད་ལྟ་བུར་ཆ་མཚོན་ན། བོད་དང་། ཝོད། ཕོད་སོགས་སྒྲ་མི་འདྲ་བའི་ཁྱད་པར་བྱུང་ཡོད།

གཞན་ཡང་། ཀ་དང་ག །ཏ་དང་ད། པ་དང་བ། ཞ་དང་ཤ །འ་དང་ཨ། བ་དང་ཝ་སོགས་ལ་འདོན་སྟངས་མི་འདྲ་བ་བྱུང་བས། ཡུལ་ལུང་ཁ་ཤས་ལ་ཀ་བཟེད་དང་ག་ཟླུམ། ད་རྐྱང་དང་ཏ་སྒུར། ཨ་ཆེན་དང་འ་ཆུང་། ཀ་ཁ་ཕྱེ་དང་ག་ཁ་བཙུམས་སོགས་ཀྱི་མིང་བཏགས་ཏེ་དབྱེ་བ་འབྱེད་དགོས་བྱུང་།

ཡུལ་སྐད་ཁ་ཤས་ལ་མིང་གཞིའི་ཡི་གེ་བརྗེ་པོ་བརྒྱབ་ནས་བེད་སྤྱོད་པ་ནི། པ་དང་བ་བརྗེ་བ། དཔེར་ན། པད་ལ་བད་མ། པཎ་ཆེན་ལ་བན་ཆེན། དེ་བཞིན་དུ། ལ་དང་ཡ་བརྗེ་བ། དཔེར་ན། ལག་པ་ལ་ཡག་པ། ལོ་ལ་ཡོ་ལྟ་བུ། ཡ་དང་ཟ་བརྗེ་བ། དཔེར་ན། ཡག་པོ་ལ་ཟག་པོ། གཡག་ལ་གཟག་ལྟ་བུ། ཆ་དང་ཡ་བརྗེ་བ། དཔེར་ན། ཁ་ཆུ་ལ་ཁ་ཡུ་ལྟ་བུ། ཐ་དང་ར་བརྗེ་བ། དཔེར་ན། སྲོ་ཐག་ལ་སྲོ་རག །འོག་ཐོག་ལ་འོག་རོག །ལི་ཐང་ལ་ཡི་རང་། ཇ་དང་ཞ་བརྗེ་བ། དཔེར་ན། འཇའ་ལ་གཞའ། ཛ་དང་ཚ་བརྗེ་བ། དཔེར་ན། རྒྱལ་མཚན་ལ་རྒྱལ་མཛན་སོགས།

དབྱངས་ཡིག་བཞི་ལས། དབྱངས་དང་པོ་དང་དབྱངས་གཉིས་པའི་ཁྱད་པར་མི་གསལ་བས། ཞིང་པ་ལ་ཞང་བ། རྙིང་པ་ལ་རྙིང་བ། གླིང་བུ་ལ་གླང་བུ། སྒུག་པ་ལ་སྒག། འདུག་ལ་འདག། བཞུགས་ལ་བཞགས། བཞི་ལ་བཞུ། སུ་ལ་སི། གཡུ་ལ་དབྱི། ཨ་ཁུ་ལ་ཨ་ཁི། བསྒྲུབ་ལ་བསྒྲིབ། བུ་ག་ཕུག་ལ་བུ་ག་ཕིག །པུས་མོ་ལ་པིས་མོ། བདེ་ལེགས་ལ་བདེ་ལགས། དགོན་པ་དགེན་པ། ཆོས་ལ་ཆེས། དབྱངས་མེད་པ་ལ་དབྱངས་ཡོད་པའི་སྒྲ་འདོན་པ། དཔེར་ན། ཁང་པ་ལ་ཁོང་པ། དབང་མོ་ལ་དབོང་མོ་སོགས།

2.སྔོན་རྗེས་ཡང་གསུམ་གྱི་སྐོར།

ཡུལ་སྐད་ཁ་ཤས་ལ་རྗེས་འཇུག་གསལ་པོ་མེད་པའམ་རྗེས་འཇུག་ཡི་གེ་ཕན་ཚུན་བརྗེ་པོ་བརྒྱབ་པ་ནི། བརྙན་འཕྲིན་ལ་བརྙན་འཕྲི། ཁྱོད་ལ་ཁྱོ། ཡོད་ལ་ཡོ། མེད་ལ་མེ། ཡར་དང་མར་ལ་ཡ་དང་མ། རྒྱལ་དང་རྒྱས། བཅད་དང་བཅས། དཀར་ལ་དཀས། དམར་ལ་དམས་སོགས།

ཡུལ་སྐད་ཁ་ཤས་ལ་སྔོན་འཇུག་གི་རྐྱེན་ཞུགས་པས་ན་མིང་གཞིའི་སྒྲ་ལ་འགྱུར་ལྡོག་མི་ཐེབས་པ། དཔེར་ན། གོ་དང་མགོ །འགོ བགོ་ལྟ་བུ། ཡུལ་སྐད་ཁ་ཤས་ལ་རྗེས་འཇུག་འཕྲལ་ནས་བཀླགས་པ། དཔེར་ན། ངེད་ཅག་ལ་ངེད་ཅ་ག །ཁྱོད་ཅག་ལ་ཁྱོད་ཅ་ག གང་རེད་ལ་ག་ང་རེད། འདི་ལ་འ་དི། དེ་བཞིན་དུ་མིའི་མིང་ཆོས་ཐར་དང་(确斯太)འཕགས་པ། (八思巴)ཀརྨ།(尕尔玛)རྒྱ་མཚོ།(降木措)འགྱུར་མེད་རྣམ་རྒྱལ་(珠尔默特那木扎勒)སོགས་ཀྱི་མིང་འབོད་སྟངས་མི་འདྲ་བ་མང་པོ་བྱུང་ཡོད།

3.མགོ་འདོགས་བརྩེགས་གསུམ་གྱི་སྐོར།

འདོགས་ཅན་ཡི་གེ་ལས་པྱ་ཕྱ་བྱ་དང་ཀླ་གླ་ཟླ་སླ། སྲ་བཅས་ཀྱི་ཁྱད་པར་ནི། བྱ་ཡི་སྒྲ་མི་འདྲ་བ། དཔེར་ན། ལྷ་ས་ཕྱོགས་ཀྱིས་པ་ཡ་བཏགས་ཇ་དང་། ཆབ་མདོ་ཕྱོགས་ལ་ཞ། སྟེང་ཆེན་དང་ནང་ཆེན་ཕྱོགས་ལ་ཛ། རྒྱལ་རོང་ཕྱོགས་ལ་བཡ། ཕྱག་ཕྲེང་ཕྱོགས་ལ་ཛའོ།

དེ་ཡང་བོད་མིའི་མིང་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱེད་དུས་ཡུལ་སྐད་ཀྱི་དབང་གིས་ཁྱད་པར་ཁ་གསལ་བ་ནི། བདེ་སྐྱིད་ལ་རྒྱ་ཡིག་ཏུ་德吉དང་德西 མི་ཕྱི་ལ།米西དང་穆平 ཕྱི་ཀང་ལ་西干དང་比干 བྱམས་པ་ལ་强巴དང་། 向巴 尚巴 降巴 བྱང་ཆུབ་ལ江秋 向秋 边秋སོགས།

ཟླ་ཡི་སྒྲ་མི་འདྲ་བ་སྣ་ཚོགས་ཀྱི་དབང་གིས་ཟླ་ཆུ་ལ་ཆུ་འགོ་ནས་ཆུ་མཇུག་བར་སྒྲ་མི་འདྲ་བ་བཞི་ཙམ་འདོན་སྲོལ་ཡོད་པ། དཔེར་ན། ཟ་ལ་བཏགས་རྫ་དང་། བདའ། གླ། ཡ་བཅས་ཡོད། དེར་བརྟེན་ཟློ་བ་ལ་རྫོ་བ་དང་གློ་བ་སོགས་ཀྱི་སྒྲའི་ཁྱད་པར་བྱུང་། དེ་བཞིན་དུ། སླ་ཡི་སྒྲ་མི་འདྲ་བ་གཉིས་ནི། དཔེར་ན། སླ་མོ་དང་སློང་སློབ་པ་བཅས་པ་ལ་རྩ་མོ་དང་རྩོང་། རྩོབ་པ་བཅས་ཀྱི་སྒྲ་བྱུང་བ། སྲ་ཡི་སྒྲ་མི་འདྲ་བ། དཔེར་ན། གཤིས་སྲ་གིན། སྲ་ལེ་གདའ། སྲོལ་བཟང་པོ་ལྟ་བུར་ཀྲའི་སྒྲ་བྱུང་བ། ཀླ་དང་གླ་ལ་ཡང་ཀ་ལ་བཏགས་གཡའ་དང་ག་ལ་བཏགས་གཡའ་ཡི་སྒྲ་འདོན་པ་ལྟ་བུའོ། །

ཡུལ་ལུང་ཁ་ཤས་ལ་འདོགས་ཅན་ཡི་གེ་འཕྲལ་ནས་བཀླགས་པ། དཔེར་ན། ཁྲ་ཁྲ་ལ་ཁ་ར་ཁ་ར། སྐུ་ལ་ལ་ས་ཀུ་ལ། སྤྱི་ཚོགས་ལ་ས་པའི་ཚོག་ས་ལྟ་བུ།

ཡུལ་ལུང་ཁ་ཤས་ལ་འདོགས་ཅན་ཡི་གེ་དོར་བ་ནི། སྤྲེའུ་ལ་སྤེའུ། སྦྲ་ནག་ཞོལ་ལ་སྦ་ནག་ཞོལ། འབྲི་རུ་ལ་འབི་རུ། སྦྱིན་ལ་སྦིན། སྤྱིན་ལ་སྤིན། ཀྱེ་ལ་ཀེ་ལྟ་བུ།

ཡུལ་ལུང་ཁ་ཤས་ལ་བརྡ་རྙིང་གི་ཤུགས་རྐྱེན་ཡོད་པ་ནི། གྲི་ལ་གྱི། མི་ལ་མྱི། མིང་ལ་མྱིང་། མིག་ལ་མྱིག ཅི་ལ་ཆི། དཀར་པོ་ལ་པྲོམ་མམ་པོ་རོམ། རྩམ་པ་ལ་གཏིགས་དཀར། འགྲོ་ལ་ཆས། རྡུང་ལ་གཏལ། གཏམ་བཤད་པ་ལ་འཐམས་པ། གཅིག་ལ་ཏིག བདུན་ལ་སྙེས། གནས་སྐོར་བ་ལ་ཀུ་རུ་སོགས་ཧ་ཅང་མང་ངོ་།

གཉིས་པ། ཡི་གེ་བེད་སྤྱོད་སྟངས་ཀྱི་སྐོར།

དོན་གཅིག་མིང་གི་རྣམ་གྲངས་ལས་བྱུང་བའི་ཁྱད་པར་ནི། དཔེར་ན། ཕོ་བ་ལྟོགས་པ་དང་གསུས་པ་བཀྲེས་པ། ཕོ་བ་དང་གྲོད་ཁོག །ཡོད་མེད་ལ་གདའ་མི་གདའ། འདུག་དང་མི་འདུག །སྣང་དང་མི་སྣང་། ཧ་ཅང་ལ་གཤིས་དང་སྐྲག་མོ། ཞེ་དྲགས། ཧ་ལས་པ། ཕྲུ་གུ་ལ་བྱིས་པ་དང་ཞ་བྱིས། བུ་དང་བུ་མོ་ལ་ཞི་ལི་དང་ཞི་མོ། ཆོག་པ་ལ་ཆོག་གིན་དང་ཆོག་རེད། འགྲིག་གིན། གྲྭ་པ་ལ་ཨ་ཁུ་དང་ཨ་ཞང་། སྐུ་ཞབས། ཨ་ལགས། གཅེན་མོ་ལ་ཨ་ཅག་དང་ཅ་ཞེ། ཨ་ཅེ། གཅེན་པོ་ལ་ཇོ་དང་ཨ་ཕོ། སྤོ་བོ་དང་རྨོ་བོ་ལ་སྤོ་ལགས་དང་རྨོ་ལགས། ཨ་མྱེས་དང་ཨ་ཕྱི་སོགས།

ཟུར་ཆག་པའི་སྒྲ་བེད་སྤྱོད་པ་ནི། དཔེར་ན། རེད་དམ་ལ་རེད་པས་དང་ཡིན་པས། ཨེ་ཡིན། ཨེ་རེད། ཅི་རེད་ལ་གང་ང་དང་ག་རེ། ཡོད་པ་དང་མེད་པ་ལ་ཡོད་གིན། མེད་གིན། ཡོད་དོ།། མེད་དོ།། ཅི་རེད་ལ་ཆི་ཟིག་རེད། འདི་འདྲ་རེད་ལ་འདི་མོ་ཟིག་རེད། ཡོད་དང་མེད་ལ་འགི་དང་མི་འགི། ཐུབ་དང་མི་ཐུབ་ལ་བ་གིན་དང་མི་བ་གིན། བུ་མོ་ལ་བུམ། བླ་མ་ལ་བླམ། དགེ་རྒན་ལ་དགེན་སོགས།

གཞན་ཡང་། ཡུལ་ལུང་འགའ་ཤས་ནང་མི་མིང་ལ་ཨ་མང་བ། དཔེར་ན། ཨ་གྲགས། ཨ་རྒྱལ། ཨ་བཟང་སོགས། འགའ་ཤས་ལ་དགའ་མང་བ། དཔེར་ན། རིག་དགའ། ཟླ་དགའ་སོགས། འགའ་ཤས་ལ་ཀོ་མང་བ། དཔེར་ན། སྐལ་བཟང་ཐུབ་བསྟན་ལ་ཐུབ་ཀོ་ཟེར་བ་སོགས་ཀྱི་ཁྱད་པར་ཡང་ཡོད།

མདོར་ན། མི་རིགས་ཤིག་འཇིག་རྟེན་ཁམས་སུ་འཚོ་ཞིང་གནས་པར་བྱེད་པའི་སྲོག་ཤིང་ནི་སྐད་དང་ཡི་གེ་ཡིན་གྱུར་པས། ཕ་སྐད་མ་ཡིག་གསོན་པོར་གནས་ཐབས་ལ་བེད་སྤྱོད་ཀྱི་དབུགས་རྒྱུན་མ་ཆད་པར་ཡང་ནས་ཡང་དུ་རྒྱུ་བར་བྱེད་པའི་རྒྱུ་རུ་ཡིག་སྐད་གཞི་བྱས་ཐོག་ཁ་སྐད་བརྡ་འཕྲད་ཐབས་ཀྱི་ལམ་ཞིག་སྨོན་འདུན་དང་བཅས་ཀྱིས་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག ། 

◆ རྩོམ་པ་པོ། ཟླ་བ་ཚེ་རིང་། ཁམས་པ་བརྙན་འཕྲིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1