རོང་བྲག་རྫོང་གིས་ཁྱད་ལྡན་ཞིང་ལས་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-31



        དཔྱིད་མགོ་ཚུགས་པ་དང་བསྟུན། གྲོང་གསེབ་ཀྱི་ཞིང་ནང་དུ་ཞིང་པ་རྣམས་དཔྱིད་རྨོད་ཀྱི་ལས་ལ་བྲེལ་བཞིན་ཡོད། ཟླ3པའི་ཚེས24ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་བརྒྱད་གཅིག་གྲོང་རྡལ་དུ་ཞིང་པ་རྣམས་དཔྱིད་རྨོད་ཀྱི་ལས་ལ་བྲེལ་ནས། ལ་ལས་ཞིང་ཆས་བཟུང་ནས་ས་ཞིང་གསར་སྦོལ་བྱེད་བཞིན་ཡོད་ལ། ལ་ལས་ས་བོན་འདེབས་བཞིན་ཡོད། ཞིང་པ་རྣམས་ཀྱིས་ཞིང་ལས་དུས་སྐབས་དམ་པོར་བཟུང་བ་དེས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་ཞིག་མངོན་ཡོད།

        བརྒྱ་གཅིག་གྲོང་རྡལ་གྱི་ཚ་ཚ་འུར་འུར་གྱི་དཔྱིད་རྨོད་རྣམ་པ་དེ་ནི་རོང་བྲག་རྫོང་གིས་ཉེ་བའི་ལོ་འགའི་རིང་ཞིང་ལས་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བའི་བསྡུས་རིས་ཤིག་ཡིན་ལ། སྲོལ་རྒྱུན་ཞིང་ལས་ནས་རིམ་བཞིན་དེང་རབས་ཅན་དང་། ཚན་རིག་ཅན། ཁྱད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བས། རོང་བྲག་རྫོང་གི་ཞིང་ལས་ཐོན་ལས་ཐུན་མོང་མ་ཡིན་པའི་གྲོང་གསེབ་དར་སྤེལ་གྱི་ལམ་བུར་བསྐྱོད་པ་རེད།
        ད་ལོའི་ཟླ་དང་པོར། རོང་བྲག་རྫོང་སྒོ་ཕྱེད་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོས2022ལོའི་སྐོར་དང་པོའི“དབྱི་སི་རལ་གྱི་ཀྲོ་མ་ཀྲུ་དམར་པོ”འདེབས་འཛུགས་ཚོད་ལྟ་བྱས་པ་དང་། དེ་ནི“དབྱི་སི་རལ་གྱི་ཀྲོ་མ་ཀྲུ་དམར་པོ”དེ་རོང་བྲག་རྫོང་དུ་དངོས་སུ་ཚོད་འདེབས་བྱས་པ་ཐོག་མ་ཡིན། སྔོན་དཔག་བྱས་ན་ཀྲོ་མ་ཀྲུ་རིགས་དེ་ཟླ4པའི་ཟླ་དཀྱིལ་དུ་ཁྲོམ་ར་ནས་འཚོང་རྒྱུ་ཡིན་པ་དང་། ས་མུའུ་རེའི་ཐོན་ཚད་རྒྱ་མ20000ལྷག་ཙམ་ཟིན་རྒྱུ་དང་ས་མུའུ་རེའི་ཐོན་རྫས་རིན་ཐང་སྒོར40000ལྷག་ཙམ་ཟིན་རྒྱུ་ཡིན་པས། “དབྱི་སི་རལ་གྱི་དམར་པོ”སྟེ་ཀྲོ་མ་ཀྲུའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི180ལྷག་ཙམ་ཟིན་རྒྱུ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི75ལྷག་ཙམ་ཟིན་རྒྱུ་རེད།
        “ས་གནས་མང་ཚོགས་ཀྱིས་ས་ཞིང་དང་གྲོང་ཚོ་ཧྲིལ་པོ་འཁོར་རྒྱུག་བྱེད་པར་ཞུགས་པའི་ཧུར་སེམས་ཧ་ཅང་ཆེ་བས། ས་ཞིང་གཅིག་སྡུད་ནུས་ཆེའི་ངང་སྤྱོད་པ་དང་ཆབས་ཅིག་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ལ། གྲོང་མི་ཚོས་ཀྱང་ཐག་ཉེ་ས་ནས་ལས་ཞུགས་ཐུབ་སྟེ་བཟོ་པ་ཞིག་ཏུ་གྱུར”ཞེས་རོང་བྲག་རྫོང་ཞིང་ཕྱུགས་གྲོང་གསེབ་དང་ཚན་རྩལ་ཅུའུ་ཞིང་ལས་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་པ་ཝང་ཀུའེ་ཧོ་ཡིས་དེ་ལྟར་ངོ་སྤྲོད་བྱས། ཡང་ཁོས་ས་ཆ་གཞན་ལ་བོགས་མར་བཏང་བས་ས་གནས་ཀྱི་གྲོང་མིའི་ཡོང་འབབ་ཡོང་ཁུངས་ཁག་གཉིས་མང་དུ་ཕྱིན་ཞིང་། ཁག་གཅིག་ནི་ས་ཞིང་བརྒྱུད་བཤུག་བྱེད་པའི་བོགས་དངུལ་ཡིན་པ་དང་ཅིག་ཤོས་ནི་ཞིང་དལ་སྐབས་དྲོད་ཁང་ཆེན་མོའི་ནང་ལས་ཀ་བྱེད་པར་སྐྱོད་པའི་གླ་ཆ་ཡིན་ཞེས་བསྟན།
        “ས་ཞིང་མུའུ་རེ་ལ་ལོ་རེར་བོགས་དངུལ་སྒོར1300དང་། ཉིན་གཅིག་གི་གླ་ཕོགས་སྒོར80ལྟར་བརྩིས་ན་ཆ་སྙོམས་ཟླ་རེར་ཡོང་འབབ་སྒོར2000ལྷག་ཙམ་ཡོད་ལ། སྔོན་ཆད་རང་ཉིད་ཀྱི་སྲོལ་རྒྱུན་ལོ་ཏོག་འདེབས་པ་དང་བསྡུར་ན་ཡོང་འབབ་མང་དུ་ཕྱིན་པར་མ་ཟད། ད་དུང་འདེབས་འཛུགས་ལག་རྩལ་ཡང་སློབ་ཐུབ”ཅེས་མཐུན་སྒྲིལ་གྲོང་ཚོའི་གྲོང་མི་དབྱང་ཕིང་ལན་གྱིས་དེ་ལྟར་བཤད། གཞན་ཡང་། རོང་བྲག་རྫོང་ཧུང་དབྱང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་མོའི་ཁྱིམ་གྱི་ས་ཞིང་མུའུ3ལྷག་ཙམ་བརྒྱུད་བཤུག་བྱས་པར་མ་ཟད། ད་དུང་མོ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པས། ཁོ་མོ་སྒོ་འགྲམ་དུ་ཕྱུག་འགྱུར་འབབ་འཕར་མངོན་འགྱུར་བྱུང་ཡོད།
        ཤེས་གསལ་ལྟར་ན། མ་འོངས་པར། རོང་བྲག་རྫོང་གིས་ས་གནས་སུ་འདེབས་འཛུགས་བྱ་རྒྱུར་འཚམ་པའི་སྔོ་ཚལ་སྔར་ལས་མང་བ་ནང་འདྲེན་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཁྲོམ་རའི་དགོས་མཁོར་དམིགས་ཏེ་རྫོང་ཡོངས་ཀྱི་ཞིང་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཐད་ཐབས་ལམ་སྔར་ལས་མང་བ་གཏོད་རྒྱུ་རེད།
        སྣ་མང་ཅན་གྱི་སྔོ་ཚལ་རིགས་འཕེལ་རྒྱས་གཏོང་བ་ཕུད། རིན་ཐང་ཅུང་མཐོ་བ་དང་ཁྱད་ཆོས་ལྡན་པའི་སྐྱེ་དངོས་ཐད། རོང་བྲག་རྫོང་གིས་ཀྱང་ཐོག་མཐའ་བར་གསུམ་དུ་ཚོད་ལྟ་དང་ཚད་བརྒལ་བྱས་ནས་མིང་གྲགས་ཐོན་རྫས་ཀུ་ཤུ་གསོ་སྤེལ་བྱས་པར་མ་ཟད། ད་དུང་ཐུན་མོང་མ་ཡིན་པའི་ལེགས་ཆ་སྤྱད་དེ་བེ་ཤ་དང་། ནང་སོག་གི་ཞོག་ཁོག་སོགས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་རབ་དང་རིམ་པ་འཕེལ་རྒྱས་སུ་བཏང་བ་རེད། མིག་སྔར། རོང་བྲག་རྫོང་གི་བེ་ཤ་འདེབས་འཛུགས་རྒྱ་ཁྱོན་དང་ཐོན་འབོར། ཐོན་རྫས་རིན་ཐང་བཅས་དཀར་མཛེས་ཁུལ་གྱི་ཨང་དང་པོར་སླེབས་ཡོད།
        “ང་ཚོས་སྲིད་གཞུང་གིས་ཁྲིད་སྟོན་དང་ཞིང་པས་རང་མོས་བྱེད་པའི་ཐབས་སྤྱད་དེ། ཞིང་པར་བེ་ཤ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་སྐུལ་འདེད་བྱེད་བཞིན་ཡོད” ཅེས་རོང་བྲག་རྫོང་གི་ཞིང་ཕྱུགས་གྲོང་གསེབ་དང་ཚན་རྩལ་ཅུའུ་ཡི་ཞིང་ལས་ལག་རྩལ་པ་ཁྲེན་པིན་གྱིས་ངོ་སྤྲོད་བྱས། 2022ལོར་རོང་བྲག་རྫོང་གི་བེ་ཤ་འདེབས་འཛུགས་རྟེན་གཞིར་ས་མུའུ3000དང་། རྫོང་ཡོངས་ཀྱི་ཤ་མོ་ཐོན་ཚད་བསྡོམས་པས་ཏུན300སླེབས་པ་དང་། ས་མུའུ་རེའི་ཐོན་རྫས་རིན་ཐང་སྒོར10000ཟིན་ནས། ས་མུའུ་རེའི་ཡོང་འབབ་རྐྱང་རྐྱང་སྒོར5500ལ་སླེབས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1