ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྙན་ཞུར་གསན་པ་དང་། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་འཚོག་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་བཞག་ནས་གྲོས་རིམ་ཁག་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པ་རེད། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་ཤིག་འཚོགས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱ་རྒྱུ་ཐག་བཅད་པ་དེ་ནི་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ཐབས་ཇུས་གཟབ་ནན་ཞིག་ཡིན་ཞིང་། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་ཆོས་ཉིད་ལ་མཐོང་ཆེན་དང་བཀོལ་སྤྱོད་བྱེད་མཁས་པའི་ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོན་པོ་མཚོན་པ་དང་། ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། སྔ་འཛིན་ཕྱི་གཏོད་བྱེད་པའི་གདེང་ཚོད་ཡོད་པ་དང་འགན་འཁུར་ཐུབ་པ་མཚོན་ཡོད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《གྲོས་ཆོད་》འདིས་ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་མིག་བལྟས་པ་དང་། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བརྒྱབ་ཡོད་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་བླང་བྱ་གསལ་པོ་བཏོན་ཡོད། དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ནི་ཏང་གིས་གཏན་ལ་ཕབ་པའི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་འདྲ་བར། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཤིང་། ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་གཏོད་བྱེད་ཅིང་། དཀའ་སྤྱད་འབད་འབུངས་བྱས་ནས་དཔའ་ངར་མདུན་སྐྱོད་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་ཐད་ཤུགས་རྐྱེན་གལ་ཆེན་པོ་དང་གཏིང་ཟབ་མོ་ཐེབས་ངེས་རེད།
གཤམ་ལ་ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་ཐད་ལ་བསམ་འཆར་འགའ་འདོན་རྒྱུ་ཡིན།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ལ་བསམ་བློ་དང་ཤེས་བྱ་ཧ་ཅང་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ཡོད། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ)ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དྲིལ་བསྒྲགས་སྒྲོག་འགྲེལ་དང་ཞིབ་འཇུག་འཆད་འགྲེལ་རྒྱ་ཁྱབ་དང་གཏིང་ཟབ་ངང་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་གྱུར། ཡིད་ཆེས་བརྟན་པོ། འཐབ་སེམས་ཆེར་གཏོང་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་གཙོ་ཐིག་དང་གཙོ་རྒྱུན་ངོ་བོ་བཅས་ཁོང་དུ་ཡང་དག་ཆུད་པར་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སློབ་སྦྱོང་བྱས་ནས་གདེང་ཚོད་ཇེ་ཆེ། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་གོང་བཀུར། ལོ་རྒྱུས་སློབ་སྦྱོང་བྱས་ནས་དོན་དངོས་སྒྲུབ་པ་བཅས་གོམ་གང་མདུན་སྤོས་སྒོས་སྒྲུབ་ཐུབ་པ་བྱེད་ཅིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློ་གསལ་རྟོགས། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དམིགས་ཡུལ་འགྲུབ་ཐུབ་པ་བྱེད་དགོས།
དང་པོ། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུ་ནི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་བརྗོད་བྱ་གཙོ་བོར་བཟུང་བའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། 《གྲོས་ཆོད་》འདིའི་ནང་“དགོས་མཁོ་གསུམ་”སྙིང་བསྡུས་བྱས་པ་སྟེ། དེ་ནི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཡིན་པ་དང་གཅིག “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ནས་ཏང་ཡོངས་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱེད་པའི་དགོས་མཁོ་ཡིན་པ་དང་གཉིས། ཏང་གིས་རང་ངོས་གསར་བརྗེར་སྐུལ་སྤེལ་དང་། ཏང་ཡོངས་ཀྱི་འཐབ་རྩོད་འཇོན་ཐང་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་ནུས་ཇེ་ཆེར་གཏོང་བ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མུ་མཐུད་འབད་འཐབ་བྱེད་པའི་དགོས་མཁོ་དང་གསུམ་བཅས་རེད། ཏང་ཡོངས་ལ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཕྱོགས་བསྡོམས་བྱས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་ཡོང་བའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གིས་འཇོན་པོ་ཡོང་དོན་ཅི་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོང་དོན་ཅི་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོང་དོན་ཅི་ཡིན་པ་བཅས་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་སྔར་ལས་ལྷག་པའི་སྒོ་ནས་གསལ་རྟོགས་ཡོང་བར་བྱེད་དགོས།
གཉིས་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ལོ་ངོ་བརྒྱ་ཡི་རིང་། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱེད་པ་དང་། བློས་གཏོང་བ། གསར་གཏོད་བྱེད་པ་བཅས་ཚང་མ་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ཡིན། ཉེ་རབས་ནས་བཟུང་ང་ཚོའི་ཏང་ཉིད་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ལ་ཡང་ཡང་འགྲན་བསྡུར་བྱེད་པའི་ཁྲོད་དུ་འབུར་དུ་ཐོན་ཐུབ་པ་དང་། མི་དམངས་ཀྱི་ཡིད་ཆེས་ཐོབ་ཐུབ་པ། གྲུབ་འབྲས་གལ་ཆེན་ཐོབ་ཐུབ་པ་བཅས་ཀྱི་རྩ་བའི་རྒྱུ་མཚན་ནི་ཏང་གིས་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་པའི་ལས་འགན་ཐད་བློ་བརྟན་འགྱུར་མེད་ཡིན་པ་དང་རྡོ་རྗེ་བྲག་རི་ལྟ་བུ་ཡིན་པའི་རྐྱེན་གྱིས་རེད། ང་ཚོའི་ཏང་ལ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་འབད་འཐབ་དམིགས་འབེན་དང་ལས་འགན་མི་འདྲ་བ་ཡོད་མོད། འོན་ཀྱང་དམིགས་ཚད་དང་ལས་འགན་དེ་དག་སྤྱི་ཡོངས་ནས་བརྗོད་ན་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་ཆེད་ཡིན། ད་ལྟ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་དེ་བས་ཐག་ཉེར་བཅར་ཡོད་པ་དང་། དེ་བས་ཡིད་ཆེས་ལྡན་པ་དང་ནུས་པ་ལྡན་པ་ཡིན། འགོ་འཛུགས་ས་གསར་པའི་ཐོག་ཏང་ཡོངས་ཀྱིས་ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ནས་“རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་བརྟན་པོར་ངེས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ང་ཚོ་མི་རབས་འདིའི་ཕྲག་ཏུ་བབ་པའི་ལས་འགན་ཡག་པོར་སྒྲུབ་དགོས།
གསུམ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་ཡང་འབད་བསྐྱར་འབད་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་རྒྱུན་འཁྱོངས་ཡག་པོ་དང་། ལག་བསྟར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་ཞིང་། དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རང་གིས་རང་ལ་ཡིད་ཆེས་དང་། དྲང་གཞག་སྒོས་གསར་གཏོད་བྱེད་པར་བརྟེན་ནས་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་རབ་དང་རིམ་པ་བླངས་ཡོད། གྲུབ་འབྲས་གལ་ཆེན་དེ་དག་《གྲོས་ཆོད་》ནང་སྙིང་བསྡུས་བྱས་པའི་“ཁ་གསལ་བཅུ་”ཡི་ཐོག་ནས་མཚོན་པ་དང་། 《གྲོས་ཆོད་》ནང་གཏན་འབེབས་བྱས་པའི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ཀྱི་ཕྱོགས་13གྱི་གྲུབ་འབྲས་གལ་ཆེན་གྱི་རྣམ་བཤད་ཐོག་ནས་མཚོན་ཡོད་ལ། 《གྲོས་ཆོད་》ནང་ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་། དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་བཅས་ལ་རྒྱས་བཤད་བྱས་པའི་ཐོག་ནས་ཀྱང་མཚོན་ཡོད། དེ་དག་མཉམ་འབྲེལ་བྱས་ནས་ཁོང་དུ་ཆུད་དགོས་ཤིང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་འཆད་པར་ཆེ་རུ་བཏང་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སྔར་ལས་ཡག་པོ་ཡོང་དགོས།
བཞི་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། 《གྲོས་ཆོད་》ཀྱིས་སྙིང་བསྡུས་བྱས་པའི་“རྒྱུན་འཁྱོངས་བཅུ་”ཡི་ལོ་རྒྱུས་ཀྱི་ཉམས་མྱོང་ནི་ཕན་ཚུན་འབྲེལ་མཐུད་དང་། གཅིག་ལ་གཅིག་བརྟེན་གྱི་ཚོགས་སྤྱི་ཞིག་ཡིན་པ་དང་། ལོ་ངོ་བརྒྱ་ཡི་རིང་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་དཀའ་སྤྱད་འཚོལ་ཞིབ་དང་། རྒྱུན་མཐུད་འབད་འཐབ་བྱས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་ཤིག་ཡིན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་འཛིན་དང་། གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས། དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། “རྒྱུན་འཁྱོངས་བཅུ་”དེ་ངས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གཏམ་བཤད་ནང་“དགོས་ངེས་དགུ་”སོགས་དང་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་གྱིས་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་དང་། གཅིག་གྱུར་གྱིས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས། ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དེ་གནས་བབ་ལ་བརྡར་ཤ་ཡང་དག་པར་གཅོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་སྔོན་མཐོང་བྱེད་པ། ལོ་རྒྱུས་ཀྱི་རང་དབང་ཁོང་དུ་ཆུད་པ་བཅས་ཀྱི་བསམ་བློའི་མཚོན་ཆ་གལ་ཆེན་དུ་བརྩིས་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་སྔར་ལས་ལེགས་པར་བྱེད་དགོས། ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དེ་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་ཀྱི་གལ་ཆེའི་གཞི་འཛིན་སར་བརྩིས་ནས་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་རང་འགུལ་ཐོབ་པ་དང་། ལེགས་ཆ་ཐོབ་པ། འབྱུང་འགྱུར་ཐོབ་པ་བཅས་ཀྱི་ངེས་ཤུགས་དང་། སྟོབས་ཤུགས། ནུས་པ་བཅས་ཆེ་རུ་གཏོང་མཁས་པོ་བྱེད་དགོས། ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དེ་ཆབ་སྲིད་ཀྱི་ཡིན་མིན་གལ་ཆེན་བརྡར་ཤ་གཅོད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་ཁ་ཕྱོགས་རང་བཞིན་དང་རྩ་དོན་རང་བཞིན་གྱི་གནད་དོན་ཐད་རང་རྟོགས་ངང་ཚད་གཞིའི་རེའུ་མིག་ལ་བལྟ་དགོས། ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ཁྲིད་སྟོན་གལ་ཆེན་དུ་བརྩིས་ནས་དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱོད་མཁས་པོ་བྱས་ཏེ་རང་སྣང་འཇིག་རྟེན་བསྒྱུར་བཀོད་དང་ཕུགས་བསམ་དད་སེམས་བརྟན་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་གོ་རྟོགས་དང་། བསམ་བློའི་གོ་འཕང་། ཀུན་སྤྱོད་ཀྱི་ཆུ་ཚད་བཅས་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས།
ལྔ་པ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། “དེང་ལ་བལྟས་ན་གནའ་རྟོགས་དགོས། གནའ་ཉིད་མེད་ན་དེང་མི་རྟོགས།” ལོ་རྒྱུས་ཕྱོགས་བསྡོམས་བྱེད་པ་ནི་ཏང་ཡོངས་ཀྱིས་ལོ་རྒྱུས་འཕེལ་རིམ་ཁྲོད་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱེད་པ་དང་། ངོས་འཛིན་གྱི་ཆུ་ཚད་དང་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་གཏོང་ཞིང་། འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ནས་བློ་ཁོག་ཆེན་པོས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་སྤོབས་པ་དང་སྟོབས་ཤུགས་ཆེ་རུ་གཏོང་ཞིང་། སྔར་བས་རིག་པ་དྭངས་གསལ་དང་སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མིག་སྔའི་ལས་ཀ་ཡག་པོར་བསྒྲུབ་ཆེད་ཡིན། ང་ཚོས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་གྱི་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་སྔོན་ལ་གཏན་འཁེལ་བྱས་ཟིན་པའི་དམིགས་དབེན་མངོན་འགྱུར་ཡོང་ཆེད་ཧུར་ཐག་བྱེད་ཅིང་། ལེ་དབར་བརྒྱ་ཡི་བཤུལ་ལམ་ལས། ། དགུ་བཅུ་བཅད་པ་ལམ་ཕྱེད་ཙམ། ། ཞེས་པ་ལྟ་བུའི་བསམ་ཕྱོགས་གསལ་པོ་བཅངས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་སྐུལ་འདེད་ལྷོད་མེད་གཏོང་དགོས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་ཆེ་བ་དང་རེ་སྒུག་བྱེད་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་ཅིང་། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཡག་པོ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་སྐྱེད་ནས་དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་སྐྱོད་པའི་དཔའ་བོའི་བློ་སྟོབས་མཐའ་འཁྱོངས་བྱས་ཏེ་དགྲ་མི་ཐུབ་པ་དང་གནོན་མི་ཐུབ་པར་བྱེད་དགོས། “ཉམས་སད་ཆེན་པོ་བཞི་”ལ་དཔའ་ངར་ཆེན་པོས་ཁ་གཏད་འཇལ་བ་དང་། “ཉེན་ཁ་རིགས་བཞི་”ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བར་བྱས་ཏེ། དུས་རབས་གསར་པར་ཏང་འཛུགས་སྐྲུན་བྱེད་པའི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་དུ་སྐུལ་སྤེལ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པར་ཏང་འཛུགས་སྐྲུན་བྱས་ནས་སྔར་བས་སྟོབས་ལྡན་དུ་གཏོང་དགོས།
བློ་མཐུན་རྣམ་པ་ཚོ།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ངས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཕྱོགས་བསྡོམས་སྐོར་ལ་བསམ་འཆར་ཐེངས་མང་བཏོན་ཡོད། ལྷག་པར་དུ་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ལ་སོགས་པའི་ཡུལ་དུས་གལ་ཆེན་ཁག་ཏུ་གཅིག་བསྡུས་ཀྱིས་བཤད་མྱོང་། དམིགས་ཡུལ་ནི་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དེ་ཡིན། འདིར་ངས་ཡང་བསྐྱར་ཕྱོགས་འགའ་ནན་བཤད་བྱ་རྒྱུ་ཡིན།
དང་པོ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་རང་རྟོགས་ངང་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་དགོས། ངས་“དེང་སྐབས་ཀྱི་འཛམ་གླིང་དུ་སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་བཅས་ལ་གདེང་ཚོད་ཡོད་ཅེ་ན། ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་། ཀྲུང་ཧྭ་མི་རིགས་བཅས་ལ་ནི་གདེང་ཚོད་ཡོད་པའི་རྒྱུ་མཚན་ཆེ་ཤོས་ལྡན་ཡོད་”ཅེས་བཤད་མྱོང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ལས་ང་ཚོའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་ཆེན་པོ་གསལ་པོར་མཚོན་ཡོད་པ་དང་། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ལོ་བརྒྱའི་རིང་གི་ཏང་ཆེན་པོ་ཞིག་གི་རིག་པ་དྭངས་གསལ་དང་གནད་སྨིན་འཐུས་ཚང་གི་ཉམས་འགྱུར་བསྟན་ཡོད་པ་རེད། 《གྲོས་ཆོད་》ཀྱིས་ཏང་གི་ལོ་ངོ་བརྒྱ་ལྷག་རིང་གི་བརྗིད་ཉམས་ཆེ་བའི་འབད་འཐབ་བརྒྱུད་རིམ་ཕྱིར་དྲན་བྱས་ཡོད་ལ། ཏང་གིས་ཀྲུང་གོའི་མི་དམངས་དང་། ཀྲུང་ཧྭ་མི་རིགས། མར་ཁེ་སིའི་རིང་ལུགས། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་བཅས་ཀྱི་ཐད་ལ་བཞག་པའི་མཛད་རྗེས་ཕུལ་དུ་བྱུང་བ་ཡང་རྒྱས་བཤད་བྱས་ཡོད། མི་རྣམས་ཀྱིས་ཧ་ལས་དགོས་པའི་ལོ་བརྒྱའི་གྲུབ་འབྲས་འདི་ནི་མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་གུང་ཁྲན་ཏང་མིས་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་བྲིས་པ་ཞིག་ཡིན་པ་དང་། ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བསྐྲུན་པ་ཞིག་ཡིན་ལ། འབད་འཐབ་དང་ལེགས་སྐྱེས་ལ་བརྟེན་ནས་ཐོབ་པ་ཞིག་ཀྱང་རེད། ཀྲུང་གོའི་གུང་ཁྲན་ཏང་མི་རེ་རེས་དེའི་དོན་དུ་སྤོབས་སེམས་སྐྱེ་ཆོག་པ་ཞིག་ཡིན།
ལོ་ངོ་བརྒྱའི་སྔོན་དུ། ང་ཚོའི་ཏང་དབུ་བརྙེས་མ་ཐག་པའི་སྐབས་སུ། དེ་རིང་ལྟ་བུའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་འདི་འགྲུབ་ཐུབ་པའི་བསམ་ཚོད་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་སྲིད། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་ནས་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ། འཛམ་གླིང་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་དང་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། དེ་ནི་“ཚུགས་མ་ཐག་ཏུ་ཉམ་ཐག་ཀྱང་། །འབད་པས་སྒྲུབ་མཐར་རླབས་པོ་ཆེ། །”ཞེས་གསུངས་པ་ལྟར་རེད། ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཚེ། ཆབ་སྲིད་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོའི་གུང་ཁྲན་ཏང་ལྟར་གཏིང་ཟབ་མོ་དང་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་མྱོང་མེད། ལོ་རྒྱུས་ཐོག་རང་རྒྱལ་དུ་ཐེངས་མང་ལ་རྒྱལ་རབས་འགྱུར་ལྡོག་བྱུང་ཡོད་པ་དང་། “དར་རྒྱས་ཆེ་བའི་དུས་སྐབས་”ཞེས་བརྗོད་པ་འགའ་ཤས་བྱུང་མྱོང་ཡང་། རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་བཤུ་གཞོག་དང་གཉའ་གནོན་མྱོང་བའི་གནས་ཚུལ་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད། ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ། སྲིད་ཏང་གི་ངོ་བོ་ལྡན་པའི་སྲིད་ཚོགས་300ལྷག་ཡོད་པ་དང་། ཆབ་སྲིད་ཀྱི་འདོད་ཚུལ་སྣ་ཚོགས་“ཁྱོད་ཕྱོགས་ཀྱིས་འཁྲབ་ཚར་རྗེས་རང་ཕྱོགས་གར་སྟེགས་སུ་འབུད་པའི་”རྣམ་པ་ཆགས་ལ། ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་ཡང་དང་བསྐྱར་དུ་འགྲན་བསྡུར་བྱས་མོད། འོན་ཀྱང་ཀྲུང་གོ་ནི་སྔར་བཞིན་རི་ཀླུང་ཐོར་ཞིག་དང་དབུལ་ཕོངས་ཉམས་ཞན་ཡིན་པས། བཙན་དབང་རྒྱལ་ཁབ་ཀྱིས་སྔར་བཞིན་ཀྲུང་གོར་ཁྲིམས་མེད་ལུགས་མེད་བྱེད་པ་དང་། ཀྲུང་གོའི་མི་དམངས་སྔར་བཞིན་སྡུག་བསྔལ་དང་བརྙས་བཅོས་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་“གཞན་རྣམས་ཚོད་ལྟ་བྱས་ཀྱང་ཚང་མ་ཕམ་སོང་”ཞེས་དང་། “རྒྱལ་ཁབ་ཀྱི་གནས་ཚུལ་ཉིན་རེ་ལས་ཉིན་རེར་སྡུག་ཏུ་འགྲོ་གི་ཡོད། དོགས་པ་ནི་སྐྱེས་པ་དང་། འཕར་བ། འཕེལ་རྒྱས་བཅས་བྱུང་སོང་”ཞེས་བསྟན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག ང་ཚོའི་རྒྱལ་ཁབ་འདིས་གཞི་ནས་དབུལ་ཞིང་ཕོངས་པའི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་པ་གཏོང་བ་དང་། དེང་རབས་ཅན་གྱི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་ཅིང་། ང་ཚོའི་མི་རིགས་འདིས་གཞི་ནས་ཉམས་རྒུད་དུ་འགྲོ་བའི་ཁྲོད་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་མདུན་ལྗོངས་འོད་སྟོང་འབར་བ་བསུ་ཐུབ་པ་དང་། ང་ཚོའི་མི་དམངས་རྣམས་ད་གཟོད་བཤུ་གཞོག་དང་གཉའ་གནོན་མྱོང་བའི་གནས་ལས་རྦད་དེ་ཐར་ཐུབ་པ་དང་། རང་ཉིད་ཀྱི་ལས་དབང་དངོས་གནས་རང་ལག་ཏུ་འཛིན་ཐུབ་པ་རེད། ཀྲུང་གོའི་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མེད་པ་བཅས་ནི་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་གསལ་བཤད་བྱས་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་བདམས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྱང་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད།
ཀྲུང་གོའི་གུང་ཁྲན་ཏང་གི་གྲུབ་འབྲས་དང་བྱས་རྗེས་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་རང་བཞིན་ལྡན་པ་ཞིག་ཀྱང་ཡིན། ད་ལོའི་“བདུན་གཅིག་”གི་སྔ་རྗེས་སུ་ང་ཚོར་རྒྱལ་ཁབ་170ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་600ལྷག་གིས་བཏང་བའི་རྟེན་འབྲེལ་གློག་འཕྲིན་དང་འཕྲིན་ཡིག་1500ལྷག་འབྱོར་ཡོད། ཟླ་7པར་གཉེར་བའི་ཀྲུང་གོའི་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་པའི་དབུ་ཚོགས་ལ་རྒྱལ་ཁབ་160ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་500ལྷག་གི་འགོ་ཁྲིད་པ་དང་། སྲིད་ཏང་དང་ལས་རིགས་ཁག་གི་འཐུས་མི་བཅས་བསྡོམས་པས་མི་ཁྲི་ལྷག་ཚོགས་འདུར་ཞུགས་པ་རེད། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་པ་མ་ཟད། ཀྲུང་གོའི་རྣམ་པ་ཅན་གྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བདེ་བླག་ངང་བསྐྱོད་དེ་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་ཞིག་བཏོད་ཡོད། སྔར་བྱུང་མ་མྱོང་བའི་གསར་གཏོད་དེ་དག་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་མང་པོ་སེལ་ཞིང་། ནུབ་ཕྱོགས་ཀྱིས་མ་རྩ་ལྟེ་བར་བྱེད་པའི་དེང་རབས་ཅན་དང་། མཐའ་གཉིས་སུ་གྱེས་པའི་དེང་རབས་ཅན། དངོས་པོའི་རིང་ལུགས་ཆེ་རུ་འགྲོ་བའི་དེང་རབས་ཅན། ཕྱི་ཕྱོགས་སུ་རྒྱ་སྐྱེད་དང་འཕྲོག་བཅོམ་བྱེད་པའི་དེང་རབས་ཅན་བཅས་ཀྱི་ལམ་བུ་རྙིང་པ་དོར་ཞིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། མིའི་རིགས་ཀྱིས་དེ་བས་ལེགས་པའི་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱ་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།
ཀྲུང་གོའི་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་གདེང་ཚོད་ནི་འབད་འཐབ་གྲུབ་འབྲས་ཀྱི་གདེང་ཚོད་ཡིན་ལ་འབད་འཐབ་སྙིང་སྟོབས་ཀྱི་གདེང་ཚོད་ཀྱང་ཡིན། “བལྟས་མ་ཐག་ཏུ་རྒྱུན་ལྡན་ཅན། ། ཡུན་རིང་སོང་ན་ངོ་མཚར་ཆེ། །གྲུབ་པའི་དུས་སུ་སླ་མོར་སྣང་། །སྒྲུབ་པའི་དུས་ན་དཀའ་སྡུག་ཆེ། །” ལོ་ངོ་བརྒྱ་ལ་ཕྱིར་མིག་བལྟས་ན། ང་ཚོའི་ཏང་ལ་དཀའ་ངལ་ཅི་འདྲ་ཞིག་འཕྲད་མ་མྱོང་བ་དང་། འགྲན་སློང་གང་འདྲ་ཞིག་འཕྲད་མ་མྱོང་ངམ། གསར་བརྗེ་ཆེན་པོ་ཕམ་རྗེས། ཏང་ཡོན་ཁྲི་6ལྷག་ཏུ་འཕེལ་ཡོད་པའི་ཏང་ལ་ཏང་ཡོན་ཁྲི་1ལས་ལྷག་མེད། ཝང་མིང་གི་“གཡོན་”ལྷུང་ནོར་འཁྲུལ་གྱིས་བཟོས་པའི་ཕམ་ཁས་གསར་བརྗེའི་གནས་གཞིའི་ས་ཁུལ་དང་དཀར་པོའི་ས་ཁུལ་གྱི་གསར་བརྗེའི་སྟོབས་ཤུགས་ལ་གྱོང་གུན་ཚབས་ཆེན་བཟོས་པས། གསར་བརྗེའི་གྲུབ་འབྲས་ཕལ་ཆེར་ཉིན་ཞིག་ལ་བརླག་སོང་བ་རེད། “རིག་གནས་གསར་བརྗེ་ཆེན་པོའི་”ལོ་བཅུའི་ནང་ཟིང་གིས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བར་ཆད་དང་གྱོང་གུན་ཚབས་ཆེ་ཤོས་ཕོག་པ་རེད། འོན་ཀྱང་མི་དམངས་ཀྱི་རྒྱབ་སྐྱོར་འོག་ང་ཚོའི་ཏང་གིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་པ། འོད་ཟེར་གྱི་ཕྱོགས་སུ་སྐྱོད་པ་བཅས་བྱས་ཡོད། ཐེངས་དུ་མར་ལྔ་ལམ་ནས་ཕྱིར་ལོག་བྱུང་བ་རེད་ཅེས་བཤད་ཆོག ཏག་ཏག་འདི་ལྟ་བུའི་སྲེག་བཅད་བརྡར་གསུམ་བྱས་པ་བརྒྱུད་ནས་ང་ཚོའི་ཏང་ནི་ཉིན་བཞིན་སྟོབས་ལྡན་དང་གནད་སྨིན་འཐུས་ཚང་དུ་འགྱུར་བཞིན་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཕྱོགས་བསྡོམས་བྱེད་སྐབས། དེའི་ཁྲོད་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་བཏང་སྟེ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་ཆར་རླུང་ལ་འཇིགས་པ་མེད་པར་མདུན་སྐྱོད་བྱེད་དགོས།
གཉིས་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་མཐུན་སྒྲིལ་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་ལ། ང་ཚོའི་ཏང་འདི་ཉིད་ལོ་བརྒྱའི་ཏང་ཆེན་པོ་ཞིག་ཆགས་པ་དང་དུས་རབས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་ཐུབ་པའི་འགག་རྩ་ཞིག་ཀྱང་ཡིན། ལོ་ངོ་བརྒྱ་ཡི་རིང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པོ། བྱ་སྤྱོད་མཐུན་སྦྱོར། འཐབ་འཛིང་བྱེད་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་ཡོད།
ཏང་གི་ལོ་རྒྱུས་ལ་བལྟས་ན། ང་ཚོའི་ཏང་ཉིད་མ་སྨིན་པ་ནས་གནད་སྨིན་འཐུས་ཚང་དང་། ཉམས་ཆུང་བ་ནས་སྟོབས་དང་ལྡན་པའི་བར་གྱི་འཚར་ལོངས་བྱུང་བའི་ལོ་རྒྱུས་ཀྱི་འགྲོ་ལམ་ཐོག་བསྐྱོད་མྱོང་བ་རེད། ཙུན་དབྱི་གྲོས་ཚོགས་མ་འཚོགས་གོང་ལ་ང་ཚོའི་ཏང་འདི་ད་དུང་གནད་སྨིན་འཐུས་ཚང་ཞིག་བྱུང་མེད་པ་དང་། ལྷག་པར་དུ་གནད་སྨིན་འཐུས་ཚང་གི་ཏང་ཀྲུང་དབྱང་ཞིག་ཆགས་མེད་པས། ཏང་ཡོངས་སུ་མཐུན་སྒྲིལ་གཅིག་གྱུར་བྱུང་མེད་པ་རེད། དེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གསར་བརྗེའི་སྔ་དུས་སུ་བར་ཆད་ཡང་ཡང་ཕོག་པ་དང་ཐ་ན་ཕམ་ཉེས་ཀྱི་ཉེན་ཁ་འཕྲད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཙུན་དབྱི་གྲོས་ཚོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་མར་ཁེ་སིའི་རིང་ལུགས་ཀྱི་ཡང་དག་པའི་ལམ་ཕྱོགས་དེ་ཉིད་ཀྱི་ཏང་ཀྲུང་དབྱང་ཁྲོད་ཀྱི་འགོ་ཁྲིད་གོ་གནས་གཏན་འཁེལ་བྱེད་འགོ་བཙུགས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཚན་པ་རབས་དང་པོ་བཙུགས་རྗེས། ཏང་འདི་ཉིད་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་འཆད་པར་སྐྱོད་འགོ་ཚུགས་ཐུབ་པ་བྱུང་ཡོད། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཟ་ཟིར་དང་གཡོ་འགུལ་གཏོང་མི་རུང་བ་ར་སྤྲོད་བྱུང་ཡོད།
འཛམ་གླིང་ཐོག་ང་ཚོའི་སྲིད་ཏང་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་འདི་ཉིད་བཅོས་སྐྱོང་ཡག་པོ་བྱེད་དགོས་ན། ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱས་ནས་ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཀུན་མཐུན་སྦྱོར་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་སྐབས་ཤིག་རིང་ཏང་གི་འགོ་ཁྲིད་ཉམས་ཆག་དང་། སྟོང་འགྱུར། ཞན་འགྱུར། མཐའ་འགྱུར་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། ཏང་ཡོངས་བསམ་བློའི་ཐོག་དེ་བས་གཅིག་གྱུར་དང་། ཆབ་སྲིད་ཐོག་དེ་བས་མཐུན་སྒྲིལ། བྱ་སྤྱོད་ཐོག་དེ་བས་གཅིག་མཐུན་བཅས་ཡོང་བར་བྱས་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ནང་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་དེ། ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་ལ་མིག་དཔེ་ལྟ་བ་དང་། ཏང་གི་དར་ཆའི་འོག་ཏུ་མཐུན་སྒྲིལ་བྱས་ནས་“ངར་ལྕགས་མཁྲེགས་པོ་ཞིག་”ཏུ་འགྱུར་བར་བྱས་ཏེ་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་དགོས་པའི་བླང་བྱ་བཏོན་ཡོད།
ཏང་གི་མཐུན་སྒྲིལ་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས་ན། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས་པ་ཡིན། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་ནི་གུང་ཁྲན་ཏང་མིར་ངེས་པར་དུ་འཛོམས་དགོས་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཡིན་ཞིང་། ཟོལ་རྫུན་མེད་པ་དང་ཆ་རྐྱེན་མེད་པ་ཞིག་ཡིན་པས། དེ་ལ་གཅོག་འཕྲི་དང་དང་མགོ་བདེ་བྱེད་མི་རུང་། ཏང་ཡོངས་ཀྱི་བློ་མཐུན་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་དང་། ཏང་གི་ཕུགས་བསམ་དང་དད་སེམས་ལ་ལྷག་བསམ་ཟོལ་མེད། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལ་ལྷག་བསམ་ཟོལ་མེད། ཏང་གི་རྩ་འཛུགས་ལ་ལྷག་བསམ་ཟོལ་མེད། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་ལྷག་བསམ་ཟོལ་མེད་བཅས་བྱེད་ཐུབ་དགོས་པ་དང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས་། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་ལ་བློ་དཀར་བྱེད་པ་ནི་བྱེ་བྲག་ཅན་དང་ལག་ལེན་ཅན་ཞིག་ཡིན་པ་ལས་འབོད་ཚིག་སྟོང་པ་ཞིག་མིན་པས། ངག་ཐོག་གི་རྣམ་འགྱུར་ཁོ་ནའི་ཐོག་ནས་སྡོད་མི་རུང་བར་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བའི་བྱ་སྤྱོད་ཐོག་ནས་མཚོན་དགོས། རང་འགན་འཁྲི་སྒྲུབ་དང་རང་འཁྲིའི་ལས་ཀ་ལེགས་པར་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་མཚོན་པ་དང་། རྒྱུན་ལྡན་གྱི་གཏམ་སྤྱོད་ཐོག་ནས་མཚོན་པ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་རྣམས་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་བཀའ་བཞིན་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་རྣམས་གཏན་ནས་མི་སྒྲུབ་པ་བཅས་ཡིན། ཆ་རྐྱེན་ལ་མི་བལྟ་བ་དང་། བབ་བསྟུན་མི་བྱེད་པ། རྗེས་ལུས་མི་ཐེབས་པ། འཁྱོག་པོར་མི་སྐྱོད་པ་བཅས་བྱས་ཏེ། ཏང་ཡོངས་གོང་འོག་རྡོག་རྩ་གཅིག་སྒྲིལ་བྱེད་ཅིང་། གནས་གཅིག་ལ་བསམ་བློ་གཏོང་ཐུབ་པ་དང་། གནས་གཅིག་ལ་ཤུགས་འདོན་ཐུབ་པའི་འགན་ལེན་བྱེད་དགོས།
གསུམ་པ། བློ་བརྟན་འགྱུར་མེད་ཀྱིས་འགན་འཁྲི་ཁུར་ནས་འཐབ་རྩོད་རླབས་པོ་ཆེ་བྱེད་པའི་བློ་སྟོབས་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “སྙིང་རུས་མ་ལྡན་ན་བློ་རིག་མི་གསལ། །ཡིད་ཆེས་མེད་མཁན་ལ་གྲུབ་འབྲས་མི་ཐོབ། །” ང་ཚོའི་ཏང་ཉིད་ནང་རྩོད་ཕྱི་འཁྲུག་གི་ཁྲོད་ནས་དབུ་བརྙེས་པ་དང་། གེགས་བར་གྱི་ཁྲོད་ནས་འཚར་ལོངས་བྱུང་བ། འགག་སྒྲོལ་དཀའ་སེལ་གྱི་ཁྲོད་དུ་སྟོབས་ཆེར་སོང་བ་བཅས་ཀྱི་དབང་གིས་སྟོབས་ལྡན་དགྲ་བོ་ལ་མི་སྐྲག་པ་དང་། ཉེན་ཁ་ལ་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་རྙིང་རུས་དང་གཤིས་རྒྱུད་ཅིག་སྦྱོང་བརྡར་བྱས་ཡོད། ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་བ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ། དགྲ་བོ་ཇི་ལྟར་སྟོབས་ཆེན་དང་། བགྲོད་ལམ་ཇི་ལྟར་དཀའ་ངལ་ཆེ་བ། འགྲན་སློང་ཇི་ལྟར་དྲག་པོ་བཅས་གང་ཡིན་རུང་། ཏང་ལ་ནམ་ཡིན་ཡང་སྐྲག་སྣང་གཏན་ནས་མེད་པ་དང་། ཕྱིར་བཤོལ་གཏན་ནས་མི་བྱེད་པ། རང་སྲོག་བློས་གཏོང་བར་མི་སྐྲག་པ། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་བཅས་ཡིན།
གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ། ཏང་གིས་དཔའ་ངར་ཆེན་པོས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་དང་། རྒྱལ་ཁབ་ཕྱི་ནང་གི་སྟོབས་ལྡན་དགྲ་བོ་དང་དཀའ་སྤྱད་ཚད་མེད་ཀྱིས་འཐབ་རྩོད་བྱས། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། གསར་བརྗེ་ཆེན་པོའི་མཐོ་རླབས་བསླངས་པ་ནས་ཁྲག་དྲི་བྲོ་བའི་དམར་གསོད་ཁྲོད་ནས་ཡར་ལངས་པ་དང་། དྲག་པོའི་འཐབ་རྩོད་བྱེད་འགོ་བརྩམས་པ། ས་ཞིང་གསར་བརྗེ་སྤེལ་བ་བཅས་དང་། མི་རིགས་ཀྱི་ལ་རྒྱའི་ཆེད་དུ་ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས་ནས་ཕྱིའི་དགྲ་བོར་མི་རྒོལ་བ་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་ནང་འཁྲུག་བསླངས་པ་དང་། གོ་མིན་ཏང་གི་དམག་དཔུང་ཁྲི་800ཕམ་པར་བྱས་པའི་བར་དུ་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་ལོ་ངོ་28རིང་ཁྲག་བཏོན་འབད་བརྩོན་གྱིས་བློས་གཏོང་ཆེ་ཤོས་བྱས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་ནང་དང་ཏང་ཕྱི་དང་། རྒྱལ་ནང་དང་རྒྱལ་སྤྱི། མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁམས་བཅས་ཀྱི་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཚོད་བགམ་སྣ་ཚོགས་ཀྱི་འགྲན་སློང་ལ་ཁ་གཏད་དེ། ང་ཚོའི་ཏང་གིས་འགན་འཁྲི་ལྕི་མོ་འཁུར་བ་དང་བློ་སྟོབས་ཆེན་པོར་བརྟེན་ནས་ལོ་རྒྱུས་ཀྱི་གདམ་ག་བྱས་པ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་མི་དམངས་ཀྱི་འགོ་ཁྲིད་དེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱས་ནས་རྒྱལ་ཁ་རྒྱུན་ཆད་མེད་པར་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་འཕུར་མཆོང་རླབས་པོ་ཆེ་ཞིག་བསུས་ཡོད།
ལོ་དེར་འཛམ་གླིང་ཐོག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་དང་། དམག་དོན་གྱི་སྟོབས་ཤུགས་ཆེ་ཤོས་ཡིན་པའི་ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་དྲག་པོའི་འཇིགས་སྐུལ་དང་འཁྲུག་རྐྱེན་སློང་བའི་དུས་སུ། བློ་མཐུན་མའོ་ཙེ་ཏུང་གིས་ཁྲའོ་ཞན་ལ་དམག་བཏང་ནས་གཡུལ་འགྱེད་བྱེད་མིན་ནི་ཁོང་གི་སྐུ་ཚེ་ཧྲིལ་པོའི་ནང་གི་ཆེས་དཀའ་བའི་ཐབས་ཇུས་ཤིག་ཡིན་ཞེས་གསུངས་པ་རེད། ཏང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་གིས་“ཁུ་ཚུར་གཅིག་ཤུགས་ཀྱིས་གཞུས་ན། ཁུ་ཚུར་བརྒྱ་གཞུ་མི་དགོས་པར་འགྱུར་”ཞེས་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་དང་། “རྒྱལ་ནང་གཏོར་ནས་ཡང་བསྐྱར་འཛུགས་སྐྲུན་བྱེད་པར་མི་འཛེམ་པའི་”ཆོད་སེམས་དང་བློ་སྟོབས་ལ་བརྟེན་ནས་ཨ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་པས། བཙན་འཛུལ་པ་ཉེ་སར་སླེབས་པའི་ཉེན་ཁ་ལས་གཡོལ་ཐུབ་པ་དང་། ཀྲུང་གོ་གསར་པའི་བདེ་འཇགས་སྲུང་སྐྱོང་ཐུབ་པ་རེད། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་དང་ལོ་རབས་90པའི་དུས་འགོར། ཡོ་རོབ་ཤར་མར་འགྱུར་བ་དྲག་པོ་བྱུང་བ་དང་། སུའུ་གུང་སྲིད་ཐོག་ནས་ལྷུང་བ། སུའུ་ལེན་ཐོར་ཞིག་ཏུ་སོང་བ་བཅས་ཀྱི་རྐྱེན་གྱིས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བ་དང་། རང་རྒྱལ་དུའང་1989ལོའི་དཔྱིད་འགོའི་དུས་སུ་ཆབ་སྲིད་ཀྱི་ཟིང་ཆ་ཚབས་ཆེན་བྱུང་བ་རེད། ང་ཚོའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་པ་དང་། བློ་རྩ་བརྟན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ། སེམས་ཐག་ཆོད་པོས་བྱེད་ཐབས་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་“བཀག་སྡོམ་”ཟེར་བའི་གནོན་ཤུགས་ཐེག་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡང་དག་པའི་འགྲོ་ཕྱོགས་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱས་ཡོད། བློ་མཐུན་ཏེང་ཞའོ་ཕིན་གྱིས་གསུངས་དོན། “ཀྲུང་གོའི་སྤྱི་ཚོགས་རིང་ལུགས་མ་འགྱེལ་ན། སྤྱི་ཚོགས་རིང་ལུགས་དེ་འཛམ་གླིང་ཐོག་ནམ་ཡང་བརྟན་པོར་གནས་ཐུབ་ངེས་རེད།” གལ་ཏེ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱང་ཏོ་སྨི་ནུའོ་རུས་བྱང་ལྟ་བུའི་འགྱུར་ལྡོག་ཁྲོད་རྡིབ་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་ཕམ་ན། སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་ཡང་དུས་ཡུན་རིང་པོར་མུན་ནག་ཁྲོད་དུ་འཕེལ་མེད་རང་སོར་གནས་སྲིད་ལ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ལའང་བར་ཆད་འབྱུང་ངེས་རེད་ཅེས་ངས་ཀྱང་བཤད་མྱོང་།
ལོ་རྒྱུས་ཀྱི་འཕེལ་རྒྱས་ནི་རྒྱུན་མཐུད་རང་བཞིན་དང་དུས་རིམ་རང་བཞིན་གྱི་གཅིག་གྱུར་ཡིན་ཞིང་། དུས་སྐབས་ཤིག་ལ་དུས་སྐབས་དེའི་རང་གི་ལོ་རྒྱུས་ཀྱི་ལས་འགན་ཡོད་པ་དང་། མི་རབས་གཅིག་ལ་མི་རབས་གཅིག་གི་ལོ་རྒྱུས་ཀྱི་འགན་འཁྲི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་དཀའ་ཚེགས་ཆེ་ལ་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེ་ཞིག་ཡིན་པས། དགྲ་འཛིན་སྟོབས་ཤུགས་སྣ་ཚོགས་ཀྱིས་ང་ཚོར་བདེ་བླག་ངང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དུ་གཏན་ནས་འཇུག་མི་སྲིད་པར་ངོས་འཛིན་གསལ་པོ་བྱུང་ཡོད། དེར་བརྟེན་ངས་ཏང་ཡོངས་ལ་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས་པ་དང་། ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་པ་དང་། ངེས་པར་དུ་ཉེན་ཁ་ཆེན་པོ་སྣ་ཚོགས་ལ་ཚད་མཐོའི་མཐོང་ཆེན་དང་སྔོན་འགོག་ཏན་ཏིག་བྱས་ནས་སེལ་ཐབས་བྱེད་དགོས་ཞེས་ནན་བཤད་ཐེངས་མང་བྱས་ཡོད། ལོ་འདི་དག་གི་རིང་ལ། ང་ཚོར་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་འཐབ་ཇུས་ཀྱི་རང་འགུལ་ཐོབ་ཡོད། ཏང་གི་སྲིད་སྐྱོང་གོ་གནས་དང་རྒྱལ་ཁབ་ཀྱི་སྲིད་དབང་བརྟན་གནས་ཡོང་བར་ཉེན་ཁ་བཟོ་བ་དང་། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་རིམ་ལ་འགོག་རྐྱེན་བཟོ་བ་དང་ཐ་ན་བར་ཆད་བཟོ་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་འཕྲད་དུས། འཕྲལ་ཐག་ཆོད་པོས་རྡུང་རྡེག་བྱེད་པ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་འདོད་ཀྱང་ཐག་གིས་མ་ཆོད་པའི་དཀའ་གནད་མང་པོ་ཐག་གཅོད་བཅས་བྱས་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་འགྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པ་རེད། ལོ་རྒྱུས་ཀྱི་འཕེལ་རིམ་འདིར་ང་ཚོ་ཚང་མར་རང་ཉིད་ཀྱི་མྱོང་ཚོར་ཡོད་ཅིང་། ད་རེས་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ནང་ཕྱོགས་བསྡོམས་གང་ལེགས་བྱས་ཡོད།
ང་ཚོའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱས་པ་མ་ཟད། དེ་བས་ཀྱང་འཐབ་རྩོད་ལ་བརྟེན་ནས་འབྱུང་འགྱུར་ལ་རྒྱལ་ཁ་ལེན་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོའི་མདུན་དུ་ལྷགས་པའི་ཉེན་ཁ་དང་ཚོད་བགམ་ནི་སྔར་བས་རྙོག་འཛིང་ཆེ་རུ་འགྲོ་བ་མ་ཟད། ཐ་ན་བསམ་ཡུལ་ལས་འདས་པའི་རྦ་རླབས་འཇིགས་སུ་རུང་བ་དང་ཡང་འཕྲད་སྲིད། ང་ཚོའི་མདུན་དུ་ལྷགས་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཡུན་ཐུང་ངུ་ཙམ་མ་ཡིན་པར་དུས་ཡུན་རིང་པོ་ཡིན་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་འགྲོགས་རྒྱུ་རེད། ཉེན་ཁ་ཆེ་རིགས་དང་འགྲན་ཡའི་མདུན་དུ། ནམ་ཡིན་ཡང་དུས་བདེ་དང་འཐབ་རྩོད་བྱེད་མི་འདོད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་པས། “རུས་སོབ་ནད་”ཕོག་པ་དང་“འཇིགས་སྐྲག་ནད་”ཕོག་ཚེ་ཕན་ཐོགས་གང་ཡང་མེད། “དམག་འཐབ་ལ་མཁས་པ་རྣམས་མི་ཕམ་པའི་གནས་སུ་ལངས་ཐུབ་པ་དང་། དགྲ་བོའི་ཞན་ཆ་འཛིན་ཐུབ་པ་ཡིན།” རང་འགུལ་ངང་གདོང་བསུས་ནས་འཐབ་འཛིང་བྱེད་པ་དང་། འཐབ་རྩོད་མཐའ་གཅིག་ཏུ་བྱས་ན་གཞི་ནས་འཚོ་ཐབས་ཡོད་པ་དང་། གཞི་ནས་ལ་རྒྱ་ཐོབ་ཐུབ་པ་དང་། གོང་འཕེལ་ཡོང་ཐུབ་པ་ཡིན། ཕྱིར་བཤོལ་དང་འོས་མེད་འགྲིག་ཐབས་བྱས་ན་ཕམ་ཉེས་དང་བརྙས་བཅོས་ཕོག་རྒྱུ་ལས་གཞན་གང་ཡང་ཡོང་མི་སྲིད་པས། དེ་ནི་འཆི་ལམ་ཉག་ཅིག་ཡིན། ང་ཚོས་ངེས་པར་དུ་འཐབ་རྩོད་རླབས་པོ་ཆེ་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་རང་དབང་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་བློ་སྟོབས་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད། འགལ་ཟླ་ཆེན་པོ་ཐག་གཅོད་བཅས་བྱས་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཏེ། དུས་རབས་གསར་པའི་འཐབ་རྩོད་རླབས་པོ་ཆེར་རྒྱལ་ཁ་གསར་པ་ཟམ་མི་འཆད་པར་ལེན་དགོས།
བཞི་པ། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་མདོག་མི་འགྱུར་པ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱེད་དགོས། ངས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཀྲུང་གོའི་གུང་ཁྲན་ཏང་གིས་ཁེ་ཕན་ཚོགས་པ་གང་རུང་ཞིག་དང་། དབང་ཤུགས་ཚོགས་པ་གང་རུང་ཞིག ཁྱད་དབང་རིམ་གྲས་གང་རུང་ཞིག་བཅས་ཀྱི་ཁེ་ཕན་གཏན་ནས་མཚོན་གྱི་མེད་ཅེས་བཤད་མྱོང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ནང་དུ་ཡང་བསྐྱར་སྐད་ཆ་འདི་བསྐྱར་བཤད་བྱས་ཡོད། འདི་ནི་མ་རུང་ཁོག་བཅངས་བྱེད་མཁན་ཁ་ཤས་ཀྱིས་ང་ཚོའི་ཏང་དང་མི་དམངས་ཁ་ཕྲལ་འདོད་པ་དང་ཁ་གཏད་དུ་ལངས་པའི་རེ་ངན་ཡིན་ལ། ཏང་ཡོངས་ལ་སུའི་ཆེད་དུ་སྲིད་སྐྱོང་བ་དང་། སུའི་ཆེད་དུ་དབང་ཆ་སྤྱོད་པ། སུའི་ཆེད་དུ་ཁེ་ཕན་གཉེར་བ་བཅས་ཀྱི་རྩ་བའི་གནད་དོན་འདིའི་ཐད་རིག་པ་ཧ་ཅང་དྭངས་གསལ་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ་ཡིན་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།
ང་ཚོའི་ཏང་གི་ལོ་རྒྱུས་འདི་འདྲ་རིང་བ་དང་། གཞི་ཁྱོན་འདྲི་འདྲ་ཆེ་བ། སྲིད་དབང་སྐྱོང་ཡུན་འདི་འདྲ་རིང་བ་བཅས་ཡིན་པས། དར་རྒུད་ཆགས་འཇིག་གི་ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་དགོས་སམ། ཡན་ཨན་གྱི་ས་དོང་ནང་དུ་བློ་མཐུན་མའོ་ཙེ་ཏུང་གིས་ལན་དང་པོ་དེ་བཏབ་གནང་བ་རེད། དེ་ནི་“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱས་ན་སྲིད་གཞུང་གིས་གཞི་ནས་ལྷོད་གཡེང་བྱེད་མི་ཕོད་”ཅེས་པ་དེ་རེད། ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པར་བརྟེན་ང་ཚོའི་ཏང་གིས་སླར་ཡང་ལན་གཉིས་པ་བཏབ་པ་དེ་ནི་རང་ངོས་གསར་བརྗེ་རེད།
རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ང་ཚོའི་ཏང་ཉིད་སྲིད་ཏང་གཞན་དག་དང་དབྱེ་བ་འབྱེད་བྱེད་ཀྱི་མཚོན་རྟགས་མངོན་གསལ་ཞིག་རེད། བློ་མཐུན་མའོ་ཙེ་ཏུང་གིས་“རང་སྐྱོན་རང་བརྗོད་ནན་ཏན་བྱེད་མིན་དེའང་ང་ཚོ་དང་སྲིད་ཏང་གཞན་དག་བར་ཕན་ཚུན་དབྱེ་བ་འབྱེད་བྱེད་ཀྱི་རྟགས་མཚན་གསལ་པོའི་གྲས་ཤིག་ཡིན་”ཞེས་གསུངས་ཡོད། ཆབ་སྲིད་ཀྱི་གཤིས་རྒྱུད་དམིགས་བསལ་འདི་ལྟ་བུ་ཞིག་ལྡན་པས་ང་ཚོའི་ཏང་གིས་གཞི་ནས་ལོ་བརྒྱའི་ཆར་རླུང་བརྒྱུད་དེ་ཉེན་ཁ་ཆེ་བའི་དུས་སུ་སླར་ཡང་དཔའ་ངར་ཆེར་བསྐྱེད་དང་ནོར་འཛོལ་ཐེངས་མང་བྱུང་ནས་ཟིང་བཅོས་ཡོ་བསྲང་བྱས་ཏེ་ཕམ་པར་བྱེད་མི་ཐུབ་ལ་གནོན་ཡང་མི་ཐུབ་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར་ཡོད། སྲིད་ཏང་ཞིག་ལ་མཚོན་ན་དཀའ་ངལ་ཆེ་ཤོས་ནི་འགྱུར་ལྡོག་མང་པོ་བརྒྱུད་ཀྱང་ཐོག་མའི་བསམ་འདུན་ལ་འགྱུར་བ་མི་གཏོང་བ་དང་། ཆར་རླུང་དྲག་པོའི་ཉམས་སད་ཐེག་སྟེ་ཐོག་མའི་རང་གཤིས་སྔར་བཞིན་གནས་རྒྱུ་དེ་རེད།
“སྒེར་སེམས་མེད་ན་གནམ་འོག་སྤྱི་ལ་དབང་”ཞེས་པ་ལྟར། ང་ཚོའི་ཏང་ལ་རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད། འདི་ནི་ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་བློ་སྟོབས་ཀྱི་འབྱུང་ཁུངས་དང་གཏིང་ཤུགས་གནས་ས་ཡིན། ཏག་ཏག་སྒེར་སེམས་མེད་པའི་དབང་གིས་དངོས་གཙོའི་རིང་ལུགས་ཁོ་ནའི་སྙིང་སྟོབས་ཀྱིས་རྟག་ཏུ་རང་ཉིད་ལ་ཞིབ་བཤེར་དང་བསམ་བློ་གཏོང་ཐུབ་པ་དང་། གཞི་ནས་ཁེ་ཕན་ཚོགས་ཁག་དང་། དབང་ཤུགས་ཚོགས་པ་ཁག ཁྱད་དབང་རིམ་གྲས་ཁག་བཅས་ཀྱི་བསྐོར་བཟུང་རུལ་བསླད་ལས་ཐར་ཐུབ་པ་མ་ཟད། ཚོགས་སྡེ་དང་། ཚོགས་པ། རིམ་གྲས་དེ་དག་གིས་ཏང་ནང་ལ་འཇིགས་སྣང་སྐུལ་བར་ངོ་རྒོལ་བྱེད་ཐུབ།
ང་ཚོའི་ཏང་རླབས་ཆེན་ཡིན་པའི་རྒྱུ་མཚན་ནི་ནོར་འཁྲུལ་མི་བྱུང་བ་ཞིག་མིན་པར་ཐོག་མ་ཉིད་ནས་ནད་གསང་ནས་སྨན་བཅོས་མི་བྱེད་ཞིག་མིན་པ་དང་། གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་ཕོད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་ལ་ཐུག་ཡོད། དཔེར་ན། མཛུབ་སྟོན་བསམ་བློའི་སྟེང་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ་སྟེ། གསར་བརྗེ་ཆེན་པོ་ཕམ་རྗེས་ཁྲེན་ཏུའུ་ཞིའུ་ཡི་གཡས་ལྷུང་སྐབས་འཚོལ་རིང་ལུགས་ཀྱི་ནོར་འཁྲུལ་ཡོ་བསྲང་དང་། ས་ཞིང་གསར་བརྗེའི་དམག་འཁྲུག་སྐབས་སུ་“གཡོན་”ལྷུང་རྨོངས་ཚོད་ཀྱི་ནོར་འཁྲུལ་དང་“གཡོན་”ལྷུང་ཉེན་མཆོང་གི་ནོར་འཁྲུལ་ཡོ་བསྲང་། ཡན་ཨན་དུས་སྐབས་སུ་ཝང་མིང་གི་“གཡོན་”ལྷུང་ལུང་འཛིན་རིང་ལུགས་ཀྱི་ནོར་འཁྲུལ་ཡོ་བསྲང་མཐིལ་ཕྱིན་བྱས་པ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་“རིག་གནས་གསར་བརྗེ་ཆེན་པོ་”རྩ་བ་ནས་དགག་པ་སོགས་ལྟ་བུ་རེད། དཔེར་ན། ང་ཚོའི་ཏང་གིས་ཏང་ནང་ཁུལ་དུ་གནས་པའི་བསམ་བློ་མི་གཙང་བ་དང་། ཆབ་སྲིད་མི་གཙང་བ། རྩ་འཛུགས་མི་གཙང་བ། སྤྱོད་ཚུལ་མི་གཙང་བ་བཅས་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་ཕོད་པ་སྟེ། དེ་ལ་ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་དང་། རྒྱལ་ཁབ་བཙུགས་པའི་ཐོག་མའི་དུས་ཀྱི་ཀུན་སྤྱོད་དག་ཐེར་དང་“ངོ་རྒོལ་གསུམ་”གྱི་ལས་འགུལ། སྒྱུར་བཅོས་སྒོ་འབྱེད་བྱས་པའི་རྗེས་ཀྱི་ཕྱོགས་ཡོངས་ནས་ཏང་དག་ཐེར་དང་། དེ་མིན་གཅིག་བསྡུས་རང་བཞིན་གྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སོགས་ཚུད་ཡོད། ཡང་དཔེར་ན། ང་ཚོའི་ཏང་གིས་རུལ་སུངས་ལ་ཁྲིམས་གཅོད་མཐའ་གཅིག་ཏུ་བྱས་པ་སྟེ། དེ་ལ་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ་ལིའུ་ཆིང་ཧྲན་དང་ཀྲང་ཙི་ཧྲན་སོགས་ཀྱི་གྱོད་གཞི་ཐག་གཅོད་བྱས་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་བ་སོགས་ཚུད་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། རང་ངོས་གསར་བརྗེ་བྱེད་པའི་“མཉམ་སྡེབ་དྲག་རྩལ་”ཆ་ཚང་ཞིག་བརྒྱབ་ནས་ཏང་གིས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་བྱེད་པའི་ལམ་ལུགས་ཚད་ལྡན་དུ་གཏོང་བའི་མ་ལག་ཆ་ཚང་ཞིག་གྲུབ་ཡོད། “ཡོད་པ་བདུན་”སོགས་ཏང་གི་གཟུགས་བརྙན་དང་སྙན་གྲགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་ཚབས་ཆེན་གཏོང་བའི་གནད་དོན་མངོན་གསལ་ཅན་ལ་དམིགས་ནས་ང་ཚོས་དགོངས་གཞི་གཙོ་བོ་ནན་པོ་རྒྱུན་འཁྱོངས་དང་། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་འདྲི་རྩད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། “འགག་རྩའི་ཉུང་ཤས་་”དམ་འཛིན་བཅས་བྱས་ཏེ། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་སྔར་བས་སྟོབས་ལྡན་དུ་བཏང་ཡོད། ལྷག་པར་དུ་ང་ཚོའི་ཏང་གིས་སྨན་བཙན་པོ་བཏང་ནས་གཅོང་ནད་བཅོས་རྒྱུ་དང་། ཁྲིམས་ལྗིད་པོ་བཟུང་ནས་ཟིང་འཁྲུག་བཅོས་རྒྱུའི་ཆོད་སེམས་དང་། རུས་འབྲད་དུག་བཅོས་དང་དཔའ་བོས་རང་ལག་གཅོད་ཕོད་པའི་བློ་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས་“སྟག་རྡུང་”དང་། “སྦྲང་རྡུང་།” “ཝ་རྔོན་”བཅས་བྱས་ནས་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་གཙང་སེལ་བྱས་ཡོད། འཛམ་གླིང་ཐོག་སྲིད་འཛིན་ཏང་དེ་འདྲ་མང་པོའི་ནང་དུ་ང་ཚོའི་ཏང་ལྟ་བུའི་གཞི་ཁྱོན་ཆེ་བ་དང་། ཤུགས་ཚད་ཆེ་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་ཕོད་མཁན་ག་ཚོད་ཡོད་དམ། མི་ལ་ལས་ནུབ་ཕྱོགས་སུ་ཏང་མང་གིས་རེས་མོས་ཀྱིས་སྲིད་དབང་སྐྱོང་ལུགས་དང་། “དབང་གསུམ་སྒེར་ཚུགས་”ཀྱི་བྱེད་སྟངས་ལ་ངོ་བསྟོད་བྱེད་ཀྱི་ཡོད་པ་དང་། ང་ཚོའི་ཏང་གིས་གྲི་ཁ་ནང་ལ་བསྐོར་ནས་རང་གི་ཤ་རུལ་གཅོད་ཐུབ་པ་ལ་ཡིད་ཆེས་བྱེད་ཀྱི་མེད། ཀྲུང་གོའི་གུང་ཁྲན་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་ལག་ལེན་དེས་ཁོ་ཚོར་སྐད་གསང་མཐོ་ཞིང་ནུས་པ་ལྡན་པའི་སྒོ་ནས་ལན་བཏབ་ཡོད་པ་རེད།
ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ཕྲག་བརྒྱུད་ཅིང་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་པས། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བསྔགས་བརྗོད་མང་པོ་ཐོབ་ཡོད། དེ་ལྟར་ཇི་ཙམ་བྱས་ན་དེ་ཙམ་གྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་ལས་ཐལ་སྒྲའི་ཁྲོད་ནས་རང་ཉིད་མགོ་འཐོམས་པ་གཏན་ནས་བྱེད་མི་རུང་། དེ་ནི་“སྙན་གྲགས་ལས་བསླུ་བྲིད་མི་ཐེབས། སྐུར་འདེབས་ལ་འཇིགས་སྐྲག་མི་བྱེད་”ཅེས་པ་ལྟར་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ལམ་བུའི་ཐོག་ཏུ་གནས་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པ་ལས་ནན་པོ་བྱས་ཚར་སྙམ་པའི་བསམ་བློ་གཏན་ནས་སྐྱེ་མི་རུང་། ཉེ་ཆར་བསྟུད་མར་ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་གཞི་ཆེན་པོ་དང་གྱོད་གཞི་གལ་ཆེན་དག་ལ་བལྟས་ན། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དེ་ངེས་པར་དུ་འཁྱུག་ཙམ་ཡང་ལྷོད་གཡེང་མེད་པར་དམ་འཛིན་དང་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད་པ་ཤེས་ཐུབ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་རྣམ་པ་དང་། ཏང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རིག་པ་དྭངས་གསལ་སྲུང་འཛིན་བྱེད་དགོས་པ་དང་། ཏང་ཡོངས་ཀྱི་བསམ་བློ་དང་། རྩ་འཛུགས། ཀུན་སྤྱོད། སྤྱོད་གཙང་སོགས་ཀྱི་གནས་ཚུལ་ལ་ཕྱི་རོལ་ཡུལ་དང་མཐུན་པའི་ངོས་འཛིན་ཡང་དག་པ་དང་སྟངས་འཛིན་ཡང་དག་པ་འཛིན་དགོས་ཤིང་། གནད་དོན་གདོང་གཏོད་ཕོད་པའི་བློ་སྟོབས་དང་གྲི་ཁ་ནང་དུ་བསྐོར་བའི་རང་རྟོགས་ཀྱི་སྒོ་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་སྤེལ་བྱེད་དགོས། ནད་ཕོག་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་དང་། སྨན་འཐུང་དགོས་ཚེ་སྨན་འཐུང་བ་དང་། གཤགས་བཅོས་བྱེད་དགོས་ཚེ་གཤགས་བཅོས་བྱེད་དགོས། གནད་དོན་གང་ཞིག་བྱུང་བ་དང་། མི་སུ་ཞིག་ལ་གནད་དོན་བྱུང་ནའང་འདྲ། གནད་དོན་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་། ལྷག་པར་དུ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་ཟམ་མི་འཆད་པར་གཙང་སེལ་དང་། ཏང་གི་གཟུགས་གཞི་བདེ་ཐང་ལ་གནོད་སྐྱོན་གཏོང་བའི་ནད་དུག་ཟམ་མི་འཆད་པར་གཙང་སེལ་བྱེད་དགོས། ལྷག་པར་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ཧམ་བཟུང་དང་། ཏང་གི་སྲིད་སྐྱོང་རྨང་གཞིར་བསླད་སྐྱོན་གཏོང་བ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་ལ་གཡོ་འགུལ་གཏོང་མཁན་དེ་དག་དང་། ཏང་ནང་དུ་ཆབ་སྲིད་ཀྱི་ཚོགས་ཁག་དང་། ཚོགས་ཁག་ཆུང་བ། ཁེ་ཕན་གྱི་ཚོགས་ཁག་བཅས་སྒྲིག་མཁན་དེ་དག་ལ་སྙིང་རྗེ་སྤུ་ཙམ་ཡང་མི་བྱེད་པར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།
མདོར་ན། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ང་ཚོས་བདེ་སྡོད་ཉེན་བསམ་བྱེད་དགོས་པ་དང་། ང་ཚོའི་ཏང་ཆེན་པོ་འདི་རྒས་འཁོགས་སུ་འགྱུར་མིན་དང་ནད་ཀྱིས་མནར་མིན་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་དགོས། ཏང་གིས་ལོ་རྒྱུས་ཐོག་བརྒྱུད་མྱོང་བའི་འཁྱོག་ལམ་དང་ཀྱག་ཀྱོག་དེ་དག་བརྗེད་ངས་རྐུན་པོར་འཁྱེར་དུ་མི་འཇུག་པ་དང། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆབ་སྲིད་ལོ་རྒྱུས་ཐོག་བྱུང་མྱོང་བའི་ཡིད་ཚིམས་ནས་སྡོད་པ་དང་། བདེ་བའི་ངང་འཆི་ཐབས་ཀྱི་བསླབ་བྱ་ཟབ་མོ་དེ་དག་བརྗེད་ངས་རྐུན་པོར་འཁྱེར་དུ་མི་འཇུག་པ། རང་ངོས་སུ་གནས་པའི་གནད་དོན་ཐད་ཚོར་བ་རྟུལ་པོར་འགྱུར་མི་རུང་སྟེ། འགུལ་སྐྱོད་དལ་ཞིང་བག་འཁུམས་ན། མི་ཤི་སྲིད་བརླག་གི་མཇུག་འབྲས་འབྱུང་ངེས་ཡིན། རང་ངོས་གསར་བརྗེ་རླབས་པོ་ཆེས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེས་རང་ངོས་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་བཏང་ནས་དུས་རབས་གསར་པར་ཏང་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས།
བློ་མཐུན་རྣམ་པ་ཚོ། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་སྐོང་འཚོག་བྱས་པའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་འདི་རྒྱལ་ཁའི་ངང་མཇུག་འགྲིལ་ལ་ཉེ། ཏང་ཡོངས་ཀྱིས་ཏང་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་རླབས་པོ་ཆེའི་ཁྲོད་དུ་སྔར་བས་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་པར་འབད་བརྩོན་བྱས་ཏེ། ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་སྔར་ལས་ཆེ་བ་བརྩོན་ལེན་བྱེད་དགོས།
འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2021ལོའི་ཟླ་11ཚེས་11ཉིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ཡིན།
རྟ་མགྲིན་སྐྱབས་ཀྱིས་བསྒྱུར།