རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་ལེགས་སུ་གཏོང་དགོས

ཞི་ཅིན་ཕིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-13


ཉེ་བའི་ལོ་འགའི་རིང་། དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། སྤྲིན་རྩིས། མིས་བཟོས་རིག་ནུས། ཚན་ཚན་ཕྲེང་འབྲེལ་སོགས་ཀྱི་ལག་རྩལ་གསར་གཏོད་ཇེ་མགྱོགས་སུ་གཏོང་བ་དང་། ཉིན་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་བྱས་ནས་རྒྱལ་ཁབ་ཁག་གིས་འགྲན་རྩོད་ངང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྐུལ་སློང་སྲིད་ཇུས་འདོན་པ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་དང་། འགྱེད་འཕྲོ་ཁྱབ་རྒྱ་ཆེ་བ། ཤུགས་རྐྱེན་ཕོག་ཚད་གཏིང་ཟབ་པ་བཅས་སྔར་བྱུང་མྱོང་མེད་པས། གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བསྐྱར་སྒྲིག་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆ་བསྐྱར་སྐྲུན་བྱེད་པ། གོ་ལ་ཧྲིལ་པོའི་འགྲན་རྩོད་རྣམ་པ་འགྱུར་ལྡོག་གཏོང་བ་བཅས་ཀྱི་འགག་རྩའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད།

དུས་ཡུན་རིང་པོའི་ནང་ངས་ཐོག་མཐའ་བར་གསུམ་དུ་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། 2000ལོར་ངས་ཧྥུ་ཅན་དུ་ལས་ཀ་སྒྲུབ་རིང་“གྲངས་འཛིན་ཧྥུ་ཅན་”འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་པ་དང་། 2003ལོར་ཀྲེ་ཅང་དུ་ལས་ཀ་སྒྲུབ་རིང་ཡང་“གྲངས་འཛིན་ཀྲེ་ཅང་”འཛུགས་སྐྲུན་བྱེད་དགོས་ཞེས་བཏོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ངས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་ཐེངས་མང་བྱས་མྱོང་ཡོད། 2016ལོར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སོ་དྲུག་པའི་ཐོག་གྲངས་འཛིན་དཔལ་འབྱོར་རྒྱ་ཆེར་དང་སྟོབས་ལྡན་དུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་ཆེར་གཏོང་དགོས་ཞེས་ནན་བཤད་དང་། ལོ་དེར་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པས་ཧང་ཀྲོའུ་དབུ་ཚོགས་ཐོག་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་ཐོག་མར་བཏོན་པར་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་ཁེ་ལས་པས་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ་པ་དང་། 2017ལོར་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་ཐོག་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གཞི་གྲངས་འགག་རྩའི་རྒྱུ་རྐྱེན་གཙོ་བོར་བྱེད་པའི་གྲངས་འཛིན་དཔལ་འབྱོར་བསྐྲུན་ཏེ་དངོས་གཞིའི་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས། 2018ལོར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་5Gདང་། མི་བཟོས་རིག་ནུས། བཟོ་ལས་དྲ་སྦྲེལ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་བྱས། 2021ལོར་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང་གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བྱེད་དགོས་པ་དང་། གྲངས་འཛིན་སྲིད་གཞུང་གི་ཕན་ནུས་ཆེ་རུ་གཏོང་བ། གྲངས་འཛིན་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། གྲངས་འཛིན་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ། གྲངས་འཛིན་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་སྐྲུན་པ་བཅས་བྱས་ནས་གྲངས་འཛིན་དཔལ་ཡོན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་འཁོད་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་དེ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤར་བྱས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་འཐབ་ཇུས་ལག་ལེན་བསྟར་བ་དང་། དྲ་རྒྱའི་དཔལ་འབྱོར་གྱི་བར་སྟོང་རྒྱ་ཆེར་གཏོང་བ། དྲ་སྦྲེལ་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དྲ་སྦྲེལ་ལ་བརྟེན་པའི་གསར་གཏོད་སྣ་ཚོགས་ལ་རྒྱབ་སྐྱོར་བཅས་བྱེད་དགོས་ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས། དངོས་གཞིའི་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲངས་འཛིན་ཀྲུང་གོ་དང་བློ་ལྡན་སྤྱི་ཚོགས་བསྐྲུན་དགོས་ཞེས་བཏོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཀྱི་ཚོགས་སྤྱི་ཞིག་གཏོད་དགོས་ཞེས་བཏོན་ཡོད། ང་ཚོས་《དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་རྩ་གནད་》དང་《གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཀྱི་རྩ་གནད་》དངོས་སུ་བཏོན་པ་དང་། རྒྱལ་ཁབ་ཀྱི་ངོས་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ཡོད། ལོ་འདི་དག་གི་རིང་ལ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཅུང་མགྱོགས་ཤིང་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད། 2021ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་གཞི་གྲངས་ལྟར་ན། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གཞི་ཁྱོན་ལོ་མང་བསྟུད་མར་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

དུས་མཚུངས་སུ། འཛམ་གླིང་གི་གྲངས་འཛིན་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་དང་སྟོབས་ལྡན་རྒྱལ་ཁབ་དང་བསྡུར་ན། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་ཆེ་ཡང་སྟོབས་ལྡན་མིན་པ་དང་། མགྱོགས་ཀྱང་ལེགས་པོ་མིན་པ་ང་ཚོས་མཐོང་ཐུབ་དགོས། ད་དུང་མཐོང་དགོས་པ་ཞིག་ལ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་ཁྲོད་དུ་ཡང་སྐྱོན་དང་ལྡན་ཞིང་ཚད་དང་མི་མཐུན་པའི་མྱུ་གུ་དང་འཕེལ་ཕྱོགས་འགའ་ཤས་བྱུང་ཡོད། གནད་དོན་དེ་དག་གིས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་ཤུགས་རྐྱེན་བཟོ་བ་མ་ཟད། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་བདེ་འཇགས་ལ་འཇིགས་སྐུལ་བཟོས་ཡོད་པས། ངེས་པར་དུ་ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ན། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ནི་ཚན་རྩལ་གསར་བརྗེ་གསར་པ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། གཅིག་ནས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཕན་པ་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ལས་འགན་གལ་ཆེན་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱ་རྒྱུ་དེ་རེད། གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་གྱིས་ཐོན་ཁུངས་སྣ་ཚོགས་ཀྱི་རྒྱུ་རྐྱེན་གཙོ་བོ་མགྱོགས་མྱུར་འཁོར་སྐྱོད་དང་རིགས་སོ་སོའི་ཚོང་རའི་བྱེད་པོ་མགྱོགས་མྱུར་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་། ཚོང་རའི་བྱེད་པོའི་རྩ་འཛུགས་ཀྱི་དཔེ་དབྱིབས་བསྐྱར་འཛུགས་བྱེད་པར་རོགས་རམ་བྱེད་ཐུབ་པ། ས་མཚམས་ལས་བརྒལ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་པ། ཡུལ་དུས་ཀྱི་ཚད་བཀག་མེད་པ་བཟོ་བ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་ཐུབ་པ། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་བཅས་བྱེད་ཐུབ། གཉིས་ནས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་ཕན་པ་ཡོད། གཞི་གྲངས་ནི་ཐོན་སྐྱེད་རྒྱུ་ཆ་གསར་པ་ཞིག་ཡིན་པའི་ཆ་ནས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ཀྱི་འཕོ་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གྲངས་འཛིན་དཔལ་འབྱོར་ལ་གསར་གཏོད་རང་བཞིན་ཆེ་བ་དང་། སིམ་ཤུགས་ཆེ་བ། ཁེབས་རྒྱ་ཆེ་བ་བཅས་ཡོད་པས་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཡིན་པ་མ་ཟད། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤར་གྱི་འདེགས་གནས་ཤིག་ཀྱང་ཡིན་པས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་སྲིད། གསུམ་ནས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ན། རྒྱལ་ཁབ་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་གཏོད་རྒྱུར་ཕན་པ་ཡོད། དེང་གི་དུས་རབས་འདིར། གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་ནི་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་སྔོན་ཐོབ་གོ་སྐབས་ཡིན་པ་དང་། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྱབ་ཁོངས་གཙོ་བོ་ཡིན་པས། ང་ཚོས་ངེས་པར་དུ་སྔོན་ལ་གོ་སྐབས་དམ་འཛིན་དང་མ་འོངས་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་མྱུར་འཛིན་བྱེད་དགོས།

མ་འོངས་པར་ཁ་ཕྱོགས་པ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་ནས་ལངས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་གྱིས་འཆར་འགོད་དང་། གྲངས་འབོར་ཆེ་བའི་གཞི་གྲངས་དང་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་རྣམ་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། གྲངས་འཛིན་ལག་རྩལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ནུས་སྤྲོད་ཀྱི་སྲོལ་རྒྱུན་ཐོན་ལས་རིགས་བསྒྱུར་རིམ་སྤར་བྱེད་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་ཆེར་དང་སྟོབས་ལྡན་དུ་གཏོང་དགོས།

དང་པོ། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱག་དགོས། གྲངས་འཛིན་གྱི་འགག་རྩའི་སྲོག་ཤིང་ལག་རྩལ་རང་བརྟེན་གསར་གཏོད་བྱེད་པའི་“སྣ་ཐག་”འདི་དམ་འཛིན་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་། རྒྱལ་ཁབ་ཀྱི་སྒྲིག་སྲོལ་རྣམ་པ་གསར་པའི་དགེ་མཚན་དང་། ཚད་བརྒལ་གྱི་གཞི་ཁྱོན་ཆེ་བའི་ཚོང་རའི་དགེ་མཚན་བཅས་འདོན་སྤེལ་བྱས་ཏེ། གྲངས་འཛིན་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཆུ་ཚད་མཐོན་པོའི་རང་ཚུགས་རང་འབད་གང་མགྱོགས་མངོན་འགྱུར་བྱས་ཏེ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རང་བདག་དབང་ཆ་རང་གི་ལག་ཏུ་དམ་པོར་འཛིན་དགོས།

གཉིས་པ། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། འཐབ་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་5Gདྲ་རྒྱ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ལྟེ་གནས་མ་ལག་དང་། རྒྱལ་ཁབ་ཀྱི་ཐོན་ལས་དྲ་སྦྲེལ་སོགས་འཆང་གཟུང་བྱས་པའི་མྱུར་བགྲོད་དང་། གནམ་ས་གཅིག་གྱུར། སྤྲིན་དྲ་མཉམ་འདྲེས། རིག་ནུས་རྣོ་བ། ལྗང་མདོག་ཐཱན་ཉུང་། བདེ་འཇགས་ཚོད་འཛིན་བཅས་ཀྱི་རིག་ནུས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་འཛིན་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་མགྱོགས་སུ་བསྐྲུན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་འཕྲིན་“འཕར་རྩ་ཆེན་མོ་”ཤར་གཏོང་ཐུབ་པ་བྱེད་དགོས། ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་མཉེན་ཆས་ཁེ་ལས་ཆེ་གྲས་སྐྱེད་སྲིང་བྱས་ནས་འགག་རྩའི་མཉེན་ཆས་ཚད་བརྒལ་ཡོང་བ་བྱེད་པ་དང་། མཉེན་ཆས་ཐོན་ལས་རྒྱ་ཆེར་དང་སྟོབས་ལྡན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འགག་རྩའི་མཉེན་ཆས་ལག་རྩལ་གསར་གཏོད་དང་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

གསུམ་པ། གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གྲངས་འཛིན་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཞིང་ལས་སོགས་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ་དང་དྲ་སྦྲེལ་གྱི་ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒྱུར་བཅོས་བྱས་ནས་རྒྱུ་ཆ་གཙོ་བོའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་བཏང་སྟེ་གྲངས་འཛིན་ལག་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཐད་ཆེར་སྐྱེད་དང་། རྩེག་སྣོན། ལྡབ་འཕར་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མི་བཟོས་རིག་ནུས་བཅས་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་“ཆེད་ལས་དང་ཞིབ་ཕྲ་དང་དམིགས་བསལ་དང་དཔེ་གསར་”བཅས་ཀྱི་ཁེ་ལས་དང་བཟོ་སྐྲུན་ལས་རིགས་རྐྱང་པའི་ཨང་དང་པོ་ཐོབ་པའི་ཁེ་ལས་ཁག་གཅིག་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས། ཏན་ཏན་ཏིག་ཏིག་དང་། ཁེ་ལས་ཀྱི་བབ་དང་བསྟུན་དགོས་པ་ལས། གྲངས་འཛིན་དུ་བསྒྱུར་ཆེད་གྲངས་འཛིན་ཅན་དུ་བསྒྱུར་མི་རུང་བ་སྨོས་ཅི་དགོས།

བཞི་པ། ཁྱབ་ཁོངས་གཙོ་བོའི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཐབ་ཇུས་ཀྱི་མདུན་གྲལ་དང་མཐོ་གནོན་བཙན་སའི་ཁྱབ་ཁོངས་ལ་དམིགས་ནས། ལག་རྩལ་གྱི་འགག་སྒྲོལ་གལ་ཆེན་དང་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་པ་དང་། ཐོན་ལས་སྦྲེལ་ཐག་གི་འགག་རྩའི་ལྷུ་ཚིགས་ཀྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཐོན་ལས་མཁོ་སྤྲོད་ཀྱི་སྦྲེལ་ཐག་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་རྫས་དང་ཞབས་ཞུ་རིམ་འཇུག་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། འདུས་གྲུབ་གློག་ལམ་དང་། གསར་དར་ཡོལ་ཆས། འཕྲིན་གཏོང་སྒྲིག་ཆས། རིག་ནུས་མཁྲེགས་ཆས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་པང་ལེབ་རིང་པོ་བཟོ་བ་དང་ཞན་ཆ་སེལ་རྒྱུ་མགྱོགས་སུ་བཏང་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཁེ་ལས་ཆེ་གྲས་དང་ཐོན་ལས་སྦྲེལ་ཐག་གི་ཚོད་འཛིན་ནུས་པ་ལྡན་པའི་སྣོད་བཅུད་གཙོ་ཁྲིད་རྣམ་པའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས་རང་བརྟེན་ཚོད་འཛིན་ཐུབ་པའི་ཐོན་ལས་སྣོད་བཅུད་གཏོད་དགོས། ཚོགས་སྤྱི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་རིམ་པའི་གྲངས་འཛིན་ཐོན་ལས་ཚོགས་པ་གཏོད་དགོས།

ལྔ་པ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་སྐུལ་སྤེལ་དང་ལྟ་སྐུལ་དོ་དམ་ཚད་ལྡན་གཉིས་མཉམ་དུ་དམ་འཛིན་དང་མཉམ་དུ་ནན་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཁྲོད་ཚད་ལྡན་དང་ཚད་ལྡན་ཁྲོད་འཕེལ་རྒྱས་གཏོང་དགོས། ཚོང་རར་ཞུགས་འཐུས་ལམ་ལུགས་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས། དྲང་གཞག་འགྲན་རྩོད་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཀུན་དང་། རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ། ལས་ཀ་མ་བསྒྲུབ་གོང་དང་སྒྲུབ་བཞིན་པ་དང་བསྒྲུབས་པའི་རྗེས་ཀྱི་ཁྱབ་ཁོངས་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པ་མངོན་འགྱུར་དང་། ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་སེལ་བ། ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་གཏོང་རིམ་དུ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་དྲང་གཞག་འགྲན་རྩོད་བྱེད་པར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་དང་བྱེད་སྟངས་ཡོ་བསྲང་དང་ཚད་ལྡན་དུ་གཏོང་བ་དང་། ལས་སྟེགས་སྒེར་སྡེམ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བར་སྔོན་འགོག སྒེར་སྡེམ་དང་ཚུལ་མིན་འགྲན་རྩོད་བྱེད་ཚུལ་ཁྲིམས་མཐུན་ལྟར་ཞིབ་བཤེར་ཐག་གཅོད་བཅས་བྱེད་དགོས། ལས་སྟེགས་ཀྱི་ལས་གཉེར་མི་སྣ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཁྲལ་བསྡུའི་ལྟ་སྐུལ་དོ་དམ་དང་ཁྲལ་དོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

དྲུག་པ། གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་སྐྱོང་སྡེ་ཁག་དང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འགན་འཁྲི་འཐུས་ཚང་དུ་གཏོང་བ་དང་། ལས་བགོས་མཉམ་སྒྲུབ། ཕན་ཚུན་གཞོགས་འདེགས་བཅས་བྱེད་དགོས། ལྟ་སྐུལ་དོ་དམ་གྱི་ལག་རྩལ་དང་བྱེད་ཐབས་ལེགས་སུ་བཏང་ནས་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱ་རྒྱུ་དེ་གསར་གཏོད་དང་། ཐོན་སྐྱེད། གཉེར་སྐྱོང་། མ་འཇོག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་དགོས། ལས་སྟེགས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ནས་ལས་རིགས་ཀྱི་རང་གཅུན་ལམ་སྲོལ་འཛུགས་དགོས། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་། སྨྱན་སྦྱོར་གྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་བཅས་སྤེལ་ནས་ལྟ་སྐུལ་གྱི་སྡེབ་ཤུགས་ཤིག་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་གྲངས་འཛིན་དཔལ་འབྱོར་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡ་དང་། སྔོན་འགོག་ཚོད་འཛིན་ལམ་སྲོལ་དང་། ནུས་པ་འཛུགས་སྐྲུན་བཅས་ལ་གཙོ་གནད་དུ་ཤུགས་སྣོན་བརྒྱབ་སྟེ་སྲོག་ཤིང་གི་ལག་རྩལ་དང་། ཐོན་ལས་གལ་ཆེན། འགག་རྩའི་སྒྲིག་བཀོད། འཐབ་ཇུས་ཐོན་ཁུངས། ཚན་རྩལ་གལ་ཆེན། སྣེ་འདྲེན་ཁེ་ལས་སོགས་བདེ་འཇགས་ཚོད་འཛིན་ཐུབ་པ་བྱེད་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་དགོས།

བདུན་པ། གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་དགོས། ལྟ་ཞིབ་དམ་ཟབ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་གྲོས་གཞིར་རང་འགུལ་ངང་ཞུགས་པ། ཕྱོགས་གཉིས་དང་ཕྱོགས་མང་གི་གྲངས་འཛིན་བཅོས་སྐྱོང་མཉམ་ལས་བྱེད་པ། ཕྱོགས་མང་གི་གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་ལམ་སྲོལ་སྲུང་སྐྱོང་དང་འཐུས་ཚང་དུ་བཏང་སྟེ། དུས་ཐོག་ཏུ་ཀྲུང་གོའི་ཇུས་གཞི་འདོན་པ་དང་ཀྲུང་གོའི་སྐད་སྒྲ་སྒྲོག་དགོས།

གྲངས་འཛིན་དཔལ་འབྱོར་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ང་ཚོས་རང་རྒྱལ་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་སྒྲུབ་ཐུབ་ཚད་དང་ཟུང་འབྲེལ་བྱས་ཏེ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྲུན་ལེགས་པོ་བྱེད་དགོས། དུས་བབ་ཞིབ་འཇུག་དང་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་ནས་གོ་སྐབས་དམ་འཛིན་གྱིས་རང་འགུལ་ཐོབ་པ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་གྲངས་འཛིན་དཔལ་འབྱོར་གྱི་བསམ་གཞིག་ནུས་པ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་ནས་གྲངས་འཛིན་དཔལ་འབྱོར་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་ནུས་རྩལ་ཆེ་རུ་བཏང་ནས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས།

གནམ་ལྷ་རྒྱལ་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1