རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན།

དེབ་འདིའི་རྩོམ་སྒྲིག་ཁང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-13


“གྲངས་འཛིན་དཔལ་འབྱོར་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།” “ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ན། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་གསར་པ་སྟངས་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན།”

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་དུ་ལངས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་གྱིས་འཆར་འགོད་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གསར་པའི་འཕེལ་རྒྱས་འགྲོ་ཕྱོགས་དང་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྣམ་བཤད་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས།

2021ལོའི་ཟླ་10ཚེས་18ཉིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་སོ་བཞི་པ་སྤེལ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། 《རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས་》ཞེས་པའི་རྩོམ་ཡིག་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཆ་ཤས་གཙོ་བོ་ཞིག་རེད། རྩོམ་ཡིག་གལ་ཆེན་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་གསལ་བཤད་ཡག་པོ་གནང་བ་དང་། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་མངོན་གསལ་དང་གནད་དོན་གཙོ་བོ་ཚན་རིག་དང་མཐུན་པར་ཕྱོགས་བསྡོམས་གནང་སྟེ་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བླང་བྱ་གསལ་པོ་རབ་དང་རིམ་པ་བཏོན།

——གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱོགས་དང་ཆོས་ཉིད་གསལ་བཤད་ཡག་པོ་བྱས་པ་སྟེ། གྲངས་འཛིན་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བསྐྱར་སྒྲིག་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆ་སླར་གསོ། གོ་ལ་ཧྲིལ་པོའི་འགྲན་རྩོད་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་བཅས་ཀྱི་འགག་རྩའི་སྟོབས་ཤུགས་ཤིག་ཏུ་འགྱུར་བཞིན་ཡོད་པ་ནན་གསུང་གནང་།

——རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ཅན་དང་། གནད་དོན་གཙོ་བོ། དོན་སྙིང་གལ་ཆེན་བཅས་གསལ་བཤད་གཏིང་ཟབ་བྱས་པ་སྟེ། གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་གཙིགས་སུ་བཟུང་ན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཕན་པ་ཡོད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ཕན་པ་དང་། རྒྱལ་ཁབ་ཀྱི་འགྲན་རྩོད་དགེ་མཚན་གསར་པ་གཏོད་རྒྱུར་ཕན་པ་ཡོད་པ་ནན་གསུང་གནང་།

——རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་གསལ་བཤད་ཡག་པོ་བྱས་པ་སྟེ། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ། གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་པ་བཅས་བྱེད་དགོས་པ་ནན་གསུང་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་དེས་ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་ནང་དང་རྒྱལ་སྤྱི་ཟུང་འབྲེལ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་གནད་དོན་གསལ་བཤད་ཡག་པོ་བྱས་ཡོད་པས། རིགས་པའི་གཞུང་ལུགས་དང་མཛུབ་སྟོན་གྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དེའི་དགོངས་དོན་དང་གྲངས་འཛིན་དཔལ་འབྱོར་སྐོར་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན། མཆན་བཀོད་སློབ་སྟོན། རྟེན་འབྲེལ་ཞུ་ཡིག་བཅས་ཀྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་དང་ལེགས་སུ་གཏོང་དགོས།

གོ་སྐབས་གསར་པའི་འཐབ་ཇུས་ཀྱི་གདམ་ག་དམ་འཛིན་བྱེད་པ།

དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། སྤྲིན་རྩིས། མི་བཟོས་རིག་ནུས། ཚན་ཚན་ཕྲེང་འབྲེལ་ལ་སོགས་པའི་ལག་རྩལ་གསར་གཏོད་ཇེ་མགྱོགས་དང་། དྲ་ཐོག་ཉོ་སྒྲུབ་དང་། སྒུལ་བདེའི་གཏོང་སྤྲོད། མཉམ་སྤྱོད་དཔལ་འབྱོར་སོགས་ཀྱི་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། བཟོ་ལས་དྲ་སྦྲེལ་དང་། རིག་ནུས་བཟོ་གྲྭ། རིག་ནུས་གྲུ་ཁ། རིག་ནུས་ཞིང་ལས་སོགས་ཀྱི་བྱེད་སྟངས་གསར་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་སྟེ། དེང་གི་འཛམ་གླིང་དུ་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་མྱུར་ཚད་དང་། ཁྱབ་རྒྱ་ཆེ་ཚད། ཤུགས་རྐྱེན་ཐེབས་ཚད་མཐོ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན།

ཞིང་ལས་དཔལ་འབྱོར་དང་བཟོ་ལས་དཔལ་འབྱོར་རྗེས་ཀྱི་དཔལ་འབྱོར་རྣམ་པ་གཙོ་བོ་ཞིག་ཡིན་པའི་གྲངས་འཛིན་དཔལ་འབྱོར་ནི་གཞི་གྲངས་ཐོན་ཁུངས་འགག་རྩའི་རྒྱུ་རྐྱེན་དང་། དེང་རབས་ཀྱི་ཆ་འཕྲིན་དྲ་རྒྱ་གཞི་རྟེན་གཙོ་བོ། ཆ་འཕྲིན་འཕྲིན་གཏོང་ལག་རྩལ་མཉམ་སྦྲེལ་བེད་སྤྱོད། རྒྱུ་ཆ་ཡོངས་ཀྱི་གྲངས་འཛིན་ཅན་དེ་སྐུལ་འདེད་གཏོང་ཤུགས་གལ་ཆེ་རུ་བསྒྱུར་ནས་དྲང་གཞག་དང་ལས་ཕྱོད་དེ་བས་གཅིག་གྱུར་གྱི་དཔལ་འབྱོར་རྣམ་པ་གསར་པ་ཞིག་ཏུ་སྤེལ་ཐབས་བྱས། ཉིན་བཞིན་གྲངས་འཛིན་ཅན་དུ་འགྱུར་བའི་དུས་རབས་འདིར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་གོ་སྐབས་དམ་འཛིན་དང་འབྱུང་འགྱུར་ཐོབ་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད།

“དུས་ཡུན་རིང་པོའི་ནང་ངས་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད།” ཡར་སྔོན་གྱི་2000ལོར། ཧྥུ་ཅན་ཞིང་ཆེན་འགོ་འཛིན་གྱི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་བློ་སྤོབས་དང་བློ་གྲོས་ཆེན་པོའི་ངང་རྒྱལ་ཡོངས་སུ་སྔོན་ལ་“གྲངས་འཛིན་ཧྥུ་ཅན་”འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་པ་མ་ཟད། “གྲངས་འཛིན་ཧྥུ་ཅན་”འཛུགས་སྐྲུན་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གྱི་འགན་འཁུར་ཏེ། “གྲངས་འཛིན་ཧྥུ་ཅན་”དེ་ཞིང་ཆེན་ཨུ་ལྷན་གྱི་“ལོ་ལྔའི་འཆར་གཞི་བཅུ་པའི་”རྩ་གནད་ཀྱི་ནང་དུ་འབྲི་བའི་གྲོས་འགོ་བཏོན་ནས་ཧྥུ་ཅན་གྱི་གྲངས་འཛིན་ཅན་གྱི་རིགས་བསྒྱུར་བྱེད་འགོ་བརྩམས་པ་རེད། ད་ལྟ་“གྲངས་འཛིན་ཧྥུ་ཅན་”དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཕྱོགས་གང་ཅིའི་ཐད་མཉམ་འདྲེས་ཟབ་མོ་བྱུང་ནས་ཧྥུ་ཅན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད། 2003ལོར་ཀྲེ་ཅང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོའི་སྒོ་ནས་“གྲངས་འཛིན་ཀྲེ་ཅང་”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ཇུས་ཐག་བཅད་དེ། “གྲངས་འཛིན་ཀྲེ་ཅང་”འཛུགས་སྐྲུན་བྱ་རྒྱུ་དེ་“བརྒྱད་བརྒྱད་འཐབ་ཇུས་”ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། “གྲངས་འཛིན་ཀྲེ་ཅང་”གི་མཛེས་སྡུག་ལྡན་པའི་འཆར་འགོད་བཟོས་ཤིང་། ཀྲེ་ཅང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་བཏང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཚད་མཐོའི་ཤེས་ཚོར་སྐྱེན་པོ་དང་གཏིང་ཟབ་པའི་གསལ་རྟོགས་ནུས་པར་བརྟེན་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ལུགས་ནན་གསུང་ཐེངས་མང་གནང་བ་མ་ཟད། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། གསར་གཏོད་ཀྱི་ལྟ་བ་རབ་དང་རིམ་པ་གསལ་བཤད་གནང་བ་དང་འཐབ་ཇུས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་གནང་།

——2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སོ་དྲུག་པ་གཙོ་སྐྱོང་གནང་སྐབས་“འཛམ་གླིང་དཔལ་འབྱོར་དེ་དྲ་རྒྱའི་ཆ་འཕྲིན་ལག་རྩལ་ཐོན་ལས་ནང་དོན་གཙོ་གནད་དུ་འཛིན་པའི་དཔལ་འབྱོར་བྱེད་སྒོར་མགྱོགས་མྱུར་ངང་འགྱུར་བཞིན་ཡོད་པས།” “གྲངས་འཛིན་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་ཆེར་གཏོང་དགོས་”ཞེས་ནན་གསུང་གནང་བ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་དང་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲོས་འགོ་》བཟོ་རྒྱུ་སྐུལ་འདེད་བཏང་ནས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་བསྣན།

——2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པ་གཙོ་སྐྱོང་གནང་སྐབས་“གཞི་གྲངས་ཆེན་མོ་ནི་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཡིན་པ་”དང་། “གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་”ཞེས་དང་། “གཞི་གྲངས་འགག་རྩའི་རྒྱུ་རྐྱེན་གཙོ་བོར་བྱེད་པའི་གྲངས་འཛིན་དཔལ་འབྱོར་བསྐྲུན་དགོས་”ཞེས་དང་། “དངོས་གཞིའི་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་”ཞེས་ནན་གསུང་གནང་།

——2018ལོར་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཆ་འཕྲིན་ཅན་གྱིས་ཀྲུང་ཧྭ་མི་རིགས་ལ་ཐོབ་དཀའ་བའི་གོ་སྐབས་བསྐྲུན་ཡོད།” “དྲ་འཕྲིན་བྱ་གཞག་གིས་ཐོན་སྐྱེད་ནུས་ཤུགས་གསར་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་མཚོན་ཡོད།” “བློ་བརྟན་འགྱུར་མེད་ངང་དྲ་འཕྲིན་ཁེ་ལས་རྒྱ་ཆེར་དང་སྟོབས་ལྡན་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད་ཚད་ལྡན་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དེ་ཉིད་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་”ཞེས་ནན་གསུང་གནང་བ་དང་། ལོ་མཇུག་གི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་5Gདང་། མིས་བཟོས་རིག་ནུས། བཟོ་ལས་དྲ་སྦྲེལ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་ནན་གསུང་གནང་།

——2019ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་དཔལ་འབྱོར་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་“གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག མིའི་རིགས་ཀྱི་ཤེས་དཔལ་འཕེལ་རིམ་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད་”ཅེས་དང་། “ཀྲུང་གོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་”ཅེས་དང་། “གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་སྦྲེལ་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡོད་”ཅེས་ནན་གསུང་གནང་།

——2020ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་“གྲངས་འཛིན་དཔལ་འབྱོར་དང་། གྲངས་འཛིན་སྤྱི་ཚོགས། གྲངས་འཛིན་སྲིད་གཞུང་བཅས་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ཁྱབ་ཁོངས་ཁག་གི་གྲངས་འཛིན་ཅན་གྱི་ལེགས་སྒྲིག་རིམ་སྤར་ལ་སྐུལ་འདེད་བཏང་སྟེ་གྲངས་འཛིན་དངུལ་ལོར་དང་གྲངས་འཛིན་དཔྱ་ཁྲལ་སོགས་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བའི་ནང་ཧུར་ཐག་ཞུགས་ནས་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས་”ཞེས་ནན་གསུང་གནང་།

——2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྱི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་“གྲངས་འཛིན་ལག་རྩལ་ནི་འདུ་ཤེས་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ལ་བརྟེན་ནས་མིའི་རིགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱོན་ཡོངས་ནས་འདྲེས་བཞིན་ཡོད་པས། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཐེབས་བཞིན་ཡོད་”ཅེས་དང་། “གྲངས་འཛིན་དཔལ་འབྱོར་གྱི་འཕེལ་ཤུགས་རྒྱས་པར་བྱེད་དགོས་པ་དང་། གྲངས་འཛིན་སྲིད་གཞུང་གི་ལས་ཕྱོད་ཆེ་རུ་གཏོང་བ། གྲངས་འཛིན་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། གྲངས་འཛིན་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ། གྲངས་འཛིན་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་ཡོན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དུ་འཇུག་དགོས་ཞེས་”བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་རབ་དང་རིམ་པ་དེས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ཆེན་པོ་དང་ཟུང་འབྲེལ་དམ་པོ་བྱས་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་འགྲོ་ཕྱོགས་དང་ཆོས་ཉིད་གསལ་སྟོན་བྱས་ཤིང་། “གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་དོན་གང་ཡིན་པ་དང་། གྲངས་འཛིན་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་གཏོང་དགོས་པའི་”གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།

སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་སྐུལ་འདེད་གཏོང་བ།

“སྐུ་ངོ་མས་”བར་སྣང་ས་ཚིགས་འཕེན་གཏོང་གི་བརྒྱུད་རིམ་ཧྲིལ་པོར་མྱོང་ཚོར་བྱེད་པ་དང་། འཇིག་རྟེན་འཕུར་སྐྱོད་པར་“རྣམ་པར་སྤྲུལ་ནས་”མཁའ་དབྱིངས་སུ་བསྐྱོད་པ། གྲངས་འཛིན་ལག་རྩལ་གྱིས་ཚད་རྡུལ་འཕྲིན་གཏོང་དང་། ཚད་རྡུལ་རྩིས་རྒྱག ཚད་རྡུལ་ཚོར་སྐྱེལ། AIབརྙན་ལམ་ཞིག་གསོ། བཟོ་ལས་དྲ་སྦྲེལ། ཚན་ཚན་ཕྲེང་འབྲེལ་སོགས་ཁྱབ་ཁོངས་སུ་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་ནུས་སོགས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ནང་སྤྱོད་བཞིན་ཡོད།

2021ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ཚོགས་རར་སྒྲིག་བཀོད་བྱས་པའི་གྲངས་འཛིན་དཔལ་འབྱོར་དམིགས་བསལ་འགྲེམས་སྟོན་ཐོག་སྔོན་ཐོན་གྱི་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་འབོར་ཆེན་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེའི་ཐོག་ནས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་གང་ལེགས་མངོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་གྲངས་འཛིན་དཔལ་འབྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག རང་རྒྱལ་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་གྲངས་འཛིན་དཔལ་འབྱོར་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གལ་ཆེན་མཁོ་འདོན་བྱས།

རྩོམ་ཡིག་གལ་ཆེན་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ཏེ་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཕྱིར་མིག་བལྟ་ཞིང་ཕྱོགས་བསྡོམས་གནང་བ་དང་། མདུན་དུ་ལྷགས་པའི་གནད་དོན་གཙོ་བོ་གསལ་སྟོན་གནང་བ། ཚན་རིག་དང་མཐུན་པའི་སྒོ་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གནང་བ་བཅས་བྱས་ཏེ་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་དང་ལེགས་སུ་གཏོང་བར་གོམ་གང་མདུན་སྤོས་ཀྱིས་ཁ་ཕྱོགས་གསལ་སྟོན་བྱས།

གྲུབ་འབྲས་མངོན་གསལ་དོད་པོའི་སྐོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ལོ་འདི་དག་གི་རིང་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཅུང་མགྱོགས་ལ་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད་”ཅེས་དང་། “2021ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་གཞི་གྲངས་ལ་གཞིགས་ན། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་ལོ་མང་པོར་བསྟུད་མར་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་། ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་”ཅེས་བསྟན།

——རྩེ་རིམ་ཇུས་འགོད་ཀྱི་ངོས་ནས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་དེ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤར་བྱས་ཡོད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་འཐབ་ཇུས་ལག་ལེན་བསྟར་བ་དང་། དྲ་རྒྱའི་དཔལ་འབྱོར་གྱི་བར་སྟོང་རྒྱ་སྐྱེད་པ། དྲ་སྦྲེལ་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དྲ་སྦྲེལ་ལ་བརྟེན་པའི་གསར་གཏོད་སྣ་ཚོགས་ལ་རྒྱབ་སྐྱོར་བཅས་བྱེད་དགོས་ཞེས་བཏོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས། དངོས་གཞིའི་དཔལ་འབྱོར་བཅས་མཉམ་སྦྲེལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲངས་འཛིན་ཀྲུང་གོ་དང་བློ་ལྡན་སྤྱི་ཚོགས་བསྐྲུན་དགོས་ཞེས་བཏོན་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་སྦྲེལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཀྱི་ཁྱུ་ཚོགས་ཤིག་གཏོད་དགོས་པ་བཏོན།

——འཐབ་ཇུས་ཀྱི་བཀོད་སྒྲིག་ངོས་ནས་བལྟས་ན། ཏང་དང་རྒྱལ་ཁབ་ཀྱིས་《དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་རྩ་གནད་》དང་། 《གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་རྩ་གནད།》 དེ་བཞིན་《“ལོ་ལྔ་ཚན་བཅུ་བཞི་པའི་”གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་འཆར་འགོད་》སོགས་བཏོན་ནས་རྒྱལ་ཁབ་ཀྱི་ངོས་ནས་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་མ་ཟད། ས་གནས་དང་སྡེ་ཚན་ཁག་གཅིག་གིས་ཀྱང་འབྲེལ་ཡོད་འཆར་འགོད་དང་མ་ལག་ཚང་བའི་སྲིད་ཇུས་བཟོས་ནས་བཏོན་པ་དང་འབྲེལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་།

——ལག་ལེན་གྱི་གྲུབ་འབྲས་ངོས་ནས་བལྟས་ན། 2020ལོར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་སྲོག་ཤིང་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་ཀྱི་7.8%བཟུང་བ་དང་། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གོ་ལ་ཧྲིལ་པོའི་སྔོན་ཐོན་ཡིན་པ། ཐོན་ལས་གྲངས་འཛིན་ཅན་གྱི་རིགས་བསྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་བ། ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་བཏང་བ། གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པ། གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་ཡོད་པ་བཅས་སོ།།

གནད་དོན་གཙོ་བོའི་སྐོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་ལ་འཁེལ་བའི་སྒོ་ནས་“འཛམ་གླིང་གི་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་དང་སྟོབས་ལྡན་རྒྱལ་ཁབ་དང་བསྡུར་ན། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་ཆེ་ཡང་སྟོབས་ལྡན་མིན་པ་དང་། མགྱོགས་ཀྱང་ལེགས་པོ་མིན། ད་དུང་མཐོང་དགོས་པ་ཞིག་ལ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་ཁྲོད་དུ་ཡང་སྐྱོན་དང་ལྡན་ཞིང་ཚད་དང་མི་མཐུན་པའི་མྱུ་གུ་དང་འཕེལ་ཕྱོགས་འགའ་ཤས་བྱུང་ཡོད། གནད་དོན་དེ་དག་གིས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཐེབས་པ་མ་ཟད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་བདེ་འཇགས་ལ་འཇིགས་སྐུལ་བཟོས་ཡོད་པས། ངེས་པར་དུ་ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་”བསྟན།

དོན་སྙིང་གལ་ཆེན་གྱི་སྐོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཕན་ཡོད་གསུམ་”ལ་བརྟེན་ནས་གསལ་འགྲེལ་ཟབ་མོ་བྱས།

——འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བའི་ཕན་ཡོད་ལྡན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་ལས་འགན་གལ་ཆེན་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱེད་དགོས་པ་དེ་རེད། གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་གྱིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་མགྱོགས་མྱུར་འཁོར་སྐྱོད་དང་རིགས་སོ་སོའི་ཚོང་རའི་བྱེད་པོ་མགྱོགས་མྱུར་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་། ཚོང་རའི་བྱེད་པོའི་རྩ་འཛུགས་ཀྱི་དཔེ་དབྱིབས་བསྐྱར་སྒྲིག་བྱེད་པར་རོགས་རམ་བྱེད་ཐུབ་པ། མཐའ་མཚམས་ལས་བརྒལ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་པ། ཡུལ་དུས་ཀྱི་ཚད་བཀག་མེད་པ་བཟོ་བ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་ཐུབ་པ། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་བཅས་བྱེད་ཐུབ།

——དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཕན་ཡོད་ལྡན། གཞི་གྲངས་ནི་ཐོན་སྐྱེད་རྒྱུ་ཆ་གསར་པ་ཞིག་ཡིན་པའི་ཆ་ནས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ཀྱི་འཕོ་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། གྲངས་འཛིན་དཔལ་འབྱོར་ལ་གསར་གཏོད་རང་བཞིན་ཆེ་བ་དང་། སིམ་ཤུགས་ཆེ་བ། ཁེབས་རྒྱ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཡིན་པ་མ་ཟད། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤར་གྱི་འདེགས་གནས་ཤིག་ཀྱང་ཡིན་པས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།

——རྒྱལ་ཁབ་ཀྱི་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ཕན་ཡོད་ལྡན། དེང་གི་དུས་རབས་འདིར་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་ནི་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་སྔོན་ཐོབ་གོ་སྐབས་ཡིན་ལ། རེས་སྐོར་གསར་པའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྱབ་ཁོངས་གཙོ་བོ་ཡིན་པས། ངེས་པར་དུ་སྔོན་ལ་གོ་སྐབས་དམ་འཛིན་དང་མ་འོངས་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་མྱུར་འཛིན་བྱེད་དགོས།

གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་པ།

“ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་ནས་ལངས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་གྱིས་འཆར་འགོད་དང་། འབོར་གྲངས་མང་བའི་གཞི་གྲངས་དང་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་རྣམ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲངས་འཛིན་ལག་རྩལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་རིགས་བསྒྱུར་རིམ་སྤར་བཅས་བྱས་ནས་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།”

རྩོམ་ཡིག་གལ་ཆེན་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་ཁ་ཕྱོགས་ནས་“རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་ལེགས་སུ་གཏོང་དགོས་པའི་”ཐད་སྤྱིའི་བླང་བྱ་བཏོན་པ་མ་ཟད། ད་དུང་ཕྱོགས་བདུན་གྱི་ཐད་ནས་བཀོད་སྒྲིག་བྱས་པ་སྟེ།

གཅིག་ནས་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱག་པ།འགག་རྩའི་སྲོག་ཤིང་ལག་རྩལ་ནི་སློང་རྒྱུ་མེད་པ་དང་། ཉོ་རྒྱུ་མེད་པ། བཏུ་རྒྱུ་མེད་པ་བཅས་ཡིན་པས། ངེས་པར་དུ་རང་བརྟེན་གྱིས་གསར་གཏོད་བྱེད་པར་བརྟེན་ནས་ཆུ་ཚད་སྔར་ལས་མཐོ་བའི་རང་སྟོབས་རང་སྤེལ་གྱི་ལམ་བུར་བསྐྱོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། གྲངས་འཛིན་གྱི་འགག་རྩའི་སྲོག་ཤིང་ལག་རྩལ་རང་བརྟེན་གསར་གཏོད་བྱེད་པའི་“སྣ་ཐག་”འདི་དམ་འཛིན་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་། རྒྱལ་ཁབ་ཀྱི་སྒྲིག་སྲོལ་རྣམ་པ་གསར་པའི་དགེ་མཚན། གཞི་ཁྱོན་ཆེས་ཆེ་བའི་ཚོང་རའི་དགེ་མཚན་བཅས་འདོན་སྤེལ་བྱས་ཏེ། གྲངས་འཛིན་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། ཆུ་ཚད་མཐོ་བའི་རང་ཚུགས་རང་འབད་གང་མགྱོགས་མངོན་འགྱུར་བྱས་ཏེ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རང་བདག་དབང་ཆ་རང་གི་ལག་ཏུ་དམ་པོར་འཛིན་དགོས་ཞེས་བསྟན།

གཉིས་ནས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་གང་མགྱོགས་བྱེད་པ། གྲངས་འཛིན་དུས་རབས་སུ་5Gདྲ་རྒྱ་དང་། གཞི་གྲངས་ལྟེ་གནས། བཟོ་ལས་དྲ་སྦྲེལ་སོགས་“རྨང་གཞིའི་འཛུགས་སྐྲུན་གསར་པ་”ནི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། 5Gདྲ་རྒྱ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ལྟེ་གནས་མ་ལག རྒྱལ་ཁབ་ཐོན་ལས་དྲ་སྦྲེལ་སོགས་འཆང་གཟུང་བྱས་པའི་རིག་ནུས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་བསྐྲུན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་འཕྲིན་གྱི་“འཕར་རྩ་ཆེན་མོ་”ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་བའི་བཀོལ་སྤྱོད་སྐུལ་འདེད་དང་། མཉེན་ཆས་ཐོན་ལས་རྒྱ་ཆེར་དང་སྟོབས་ལྡན་དུ་གཏོང་བར་སྐུལ་འདེད། འགག་རྩའི་མཉེན་ཆས་ལག་རྩལ་གསར་གཏོད་དང་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

གསུམ་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་སྦྲེལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་སྲོལ་རྒྱུན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་འདྲེས་ཟབ་མོ་བྱུང་ན་ཐོན་སྐྱེད་ཀྱི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྟོབས་ཆེར་གཏོང་ཐུབ་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། གྲངས་འཛིན་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཞིང་ལས་ལ་སོགས་པའི་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དྲ་སྦྲེལ་གྱི་ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་གྱི་ཐོན་ལས་ལ་ཕྱོགས་ཀུན་དང་ཆ་ཚང་བའི་སྒོ་ནས་བསྒྱུར་བཀོད་བྱེད་པ། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་བ། གྲངས་འཛིན་ལག་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱ་ཆེར་དང་། ལྡབ་བརྩེགས། ལྡབ་སྣོན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མི་བཟོས་རིག་ནུས་བཅས་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་“ཆེད་ལས་དང་ཞིབ་ཕྲ་དང་དམིགས་བསལ་དང་དཔེ་གསར་”བཅས་ཀྱི་ཁེ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་པའི་ཁེ་ལས་ཁག་གཅིག་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་“ཏན་ཏན་ཏིག་ཏིག་དང་ཁེ་ལས་ཀྱི་བབ་དང་བསྟུན་དགོས་པ་ལས་གྲངས་འཛིན་ཅན་གྱི་ཆེད་དུ་གྲངས་འཛིན་ཅན་ལ་འགྱུར་མི་རུང་བ་”ཡང་སྒོས་སུ་ནན་གསུང་གནང་།

བཞི་ནས་གཙོ་གནད་ཁྱབ་ཁོངས་ཀྱི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འཐབ་ཇུས་ཀྱི་མདུན་གྲལ་དང་མཐོ་གནོན་བཙན་སའི་ཁྱབ་ཁོངས་ལ་དམིགས་ཏེ་འགག་རྩའི་ལག་རྩལ་འགག་སྒྲོལ་དང་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་ལ་གཞི་ཚུགས་པ་དང་། ཐོན་ལས་སྦྲེལ་ཐག་གི་འགག་རྩའི་ལྷུ་ཚིགས་ཀྱི་འགྲན་ནུས་ཆེ་རུ་གཏོང་བ། གཙོ་གནད་ཐོན་ལས་མཁོ་སྤྲོད་ཀྱི་སྦྲེལ་ཐག་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་རྫས་དང་ཞབས་ཞུ་རིམ་འཇུག་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། འདུས་གྲུབ་གློག་ལམ་དང་། གསར་དར་ཡོལ་ཆས། འཕྲིན་གཏོང་སྒྲིག་ཆས། རིག་ནུས་མཁྲེགས་ཆས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཁེ་ལས་ཆེ་གྲས་དང་ཐོན་ལས་སྦྲེལ་ཐག་གི་ཚོད་འཛིན་ནུས་པ་ལྡན་པའི་སྣོད་བཅུད་གཙོ་ཁྲིད་རྣམ་པའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས་རང་ཚུགས་ངང་ཚོད་འཛིན་ཐུབ་པའི་ཐོན་ལས་ཁོར་ཡུག་བསྐྲུན་དགོས། ཁྱུ་འདུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་རིམ་པའི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་ཤིག་གཏོད་དགོས།

ལྔ་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ། “གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན། འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་གྱི་ཚད་གཞིའི་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ནན་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཁྲོད་ཚད་ལྡན་དང་ཚད་ལྡན་ཁྲོད་འཕེལ་རྒྱས་གཏོང་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་བཞི་གཙོ་བོར་བཟུང་ནས་ནན་གསུང་གནང་ཡོད་དེ། ཚོང་རར་ཞུགས་འཐུས་ཀྱི་ལམ་ལུགས་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས། དྲང་གཞག་འགྲན་རྩོད་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཀུན་དང་། རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ་ལས་ཀ་མ་བསྒྲུབ་གོང་དང་སྒྲུབ་བཞིན་པ་དང་བསྒྲུབས་རྗེས་བཅས་ཀྱི་ཁྱབ་ཁོངས་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཐུབ་དགོས། འཕེལ་རྒྱས་གཏོང་རིམ་དུ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་བྱ་སྤྱོད་དང་བྱེད་སྟངས་ཡོ་བསྲང་དང་ཚད་ལྡན་དུ་གཏོང་དགོས། ལས་སྟེགས་སྒེར་སྡེམ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་དུ་གཏོང་རིགས་སྔོན་འགོག་དང་། སྒེར་སྡེམ་དང་ཚུལ་མིན་འགྲན་རྩོད་བྱེད་ཚུལ་ཁྲིམས་མཐུན་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། ལས་སྟེགས་ཀྱི་ལས་གཉེར་མི་སྣ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཁྲལ་བསྡུའི་ལྟ་སྐུལ་དོ་དམ་དང་ཁྲལ་དོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

དྲུག་ནས་གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་བདུན་གྱི་ཐད་ནས་བླང་བྱ་བཏོན་པ་སྟེ། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་སྐྱོང་སྡེ་ཁག་དང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འགན་འཁྲི་འཐུས་ཚང་དུ་གཏོང་བ་དང་། ལས་བགོས་མཉམ་སྒྲུབ། ཕན་ཚུན་གཞོགས་འདེགས་བཅས་བྱེད་དགོས། ལྟ་སྐུལ་དོ་དམ་གྱི་ལག་རྩལ་དང་བྱེད་ཐབས་ལེགས་སུ་བཏང་སྟེ་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱ་རྒྱུ་དེ་གསར་གཏོད་དང་། ཐོན་སྐྱེད། གཉེར་སྐྱོང་། མ་འཇོག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ལས་སྟེགས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ནས་ལས་རིགས་ཀྱི་རང་གཅུན་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་། སྨྱན་སྦྱོར་གྱི་ལྟ་སྐུལ། སྤྱི་དམངས་ཀྱི་ལྟ་སྐུལ་བཅས་བྱས་ནས་ལྟ་སྐུལ་གྱི་སྡོམ་ཤུགས་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་གྲངས་འཛིན་དཔལ་འབྱོར་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡ་དང་། སྔོན་འགོག་ཚོད་འཛིན་ལམ་སྲོལ་དང་ནུས་པ་བཅས་ཀྱི་འཛུགས་སྐྲུན་ལ་གཙོ་གནད་དུ་ཤུགས་སྣོན་བརྒྱབ་སྟེ་སྲོག་ཤིང་གི་ལག་རྩལ་དང་། ཐོན་ལས་གལ་ཆེན། འགག་རྩའི་སྒྲིག་བཀོད། འཐབ་ཇུས་ཐོན་ཁུངས། ཚན་རྩལ་གལ་ཆེན། སྣེ་འདྲེན་ཁེ་ལས་སོགས་བདེ་འཇགས་ཚོད་འཛིན་ཐུབ་པ་བྱེད་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་དགོས།

བདུན་ནས་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་པ། གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བར་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འགན་འཁྲི་འཁུར་བ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་སྒོ་འབྱེད་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་ཧུར་ཐག་གིས་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ལྟ་ཞིབ་དམ་ཚགས་དང་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གྲོས་དོན་གྲོས་མོལ་ནང་རང་འགུལ་ངང་ཞུགས་པ། ཕྱོགས་གཉིས་དང་ཕྱོགས་མང་གི་གྲངས་འཛིན་བཅོས་སྐྱོང་མཉམ་ལས་སྤེལ་བ། ཕྱོགས་མང་གི་གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་ལམ་སྲོལ་སྲུང་སྐྱོང་དང་འཐུས་ཚང་དུ་བཏང་སྟེ། དུས་ཐོག་ཏུ་ཀྲུང་གོའི་ཇུས་གཞི་འདོན་པ་དང་ཀྲུང་གོའི་སྐད་སྒྲ་སྒྲོག་དགོས།

གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩོམ་ཡིག་གལ་ཆེན་དེའི་ནང་དུ་བླང་བྱ་གསལ་པོ་བཏོན་པ་སྟེ། གཅིག་ནས་“རང་རྒྱལ་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཐུབ་ཚད་དང་ཟུང་འབྲེལ་བྱས་ཏེ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྲུན་ལེགས་པོ་བྱེད་དགོས་པ་དང་།” གཉིས་ནས་“གནས་བབ་ཞིབ་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། གོ་སྐབས་དམ་འཛིན་བྱས་ནས་རང་འགུལ་ཐོབ་པ་བྱེད་དགོས་པ།” གསུམ་ནས་“རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་གྲངས་འཛིན་དཔལ་འབྱོར་གྱི་བསམ་གཞིག་ནུས་པ་དང་ཆེད་ལས་བྱང་ཚད་མཐོ་རུ་བཏང་སྟེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་ནས་གྲངས་འཛིན་དཔལ་འབྱོར་གྱིས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་རྒྱུ་དང་མཉམ་སྦྲེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།” བཞི་ནས་“དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་ནུས་རྩལ་ཆེ་རུ་བཏང་ནས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས་པ་”བཅས་སོ། །

གཡང་འབུམ་རྒྱལ་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1