གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་བླངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-15



ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་ཐང་རེན་ཅན་གྱིས་2022ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོར་འགྲེལ་བཤད་བརྒྱབ་པ།


        ཤིན་ཧྭ་གསར་འགྱུར་ཁང་ནས་སྤྱི་ཟླ་2པའི་ཚེས་22ཉིན་ཆོག་མཆན་ལྟར《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2022ལོར་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས། འདི་ནི་དུས་རབས་གསར་པའི་ཚུན་དུ“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ཐེངས་19པ་རེད། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་ཐང་རེན་ཅན་གྱིས་དེ་ཉིན་ཡིག་ཆའི་སྙིང་དོན་ལ་ཁྱོན་ཡོངས་ནས་གསལ་འགྲེལ་བྱས།

བརྟན་ཐོག་ཡར་རྒྱས་ཡོང་བར། མ་མཐའི་མཚམས་ཐིག་གཉིས་དང་གཙོ་གནད་གསུམ་ཡོད།
        ཐང་རེན་ཅན་གྱིས། མིག་སྔར་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་བསྣོལ་མར་འདྲེས་ཡོད། ཕྱིའི་ཁོར་ཡུག་སྔར་བས་རྙོག་འཛིང་ཆེ་ཞིང་གཏན་འཁེལ་མི་ཐུབ་པས། ངེས་པར་དུ་བརྟན་པོ་ཡོང་རྒྱུ་གཙིགས་སུ་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཀྱི་རྨང་གཞི་བརྟན་པོ་ཡོང་བ་དང“ཞིང་གསུམ་”ལས་དོན་ཡག་པོ་བསྒྲུབས་ནས་ཞིང་ལས་བརྟན་པོའི་ངང་ཐོན་འཕར་དང་། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ། གྲོང་གསེབ་བརྟན་བརླིང་དང་བདེ་འཇགས་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་། བརྟན་བརླིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་འཁོད་ཀྱི་སྤྱི་ཚོགས་ཁོར་ཡུག་རྒྱུན་འཁྱོངས་ཡོང་རྒྱུར་སྲ་ཞིང་བརྟན་པའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།
        རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་མི་ཡོང་བའི་མ་མཐའི་མཚམས་ཐིག་འདི་གཉིས་དམ་པོར་བསྲུང་དགོས་ཏེ། ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་།ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཏན་ཏིག་དང་རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་ནན་སྲུང་བྱེད་པ། འབྲུ་རིགས་འདེབས་འཛུགས་ཀྱི་གཞི་ཁྱོན་བརྟན་པོ་དང་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་པ་དང་། སྲན་ཆེན་དང་སྣུམ་རྒྱུ་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བར་ངེས་པར་དུ་དཔྱད་ཞིབ་བྱེད་འོས་པའི་ཕན་འབྲས་ཐོན་པར་བྱེད་དགོས།
        གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ཞིང་པར་རང་ས་གནས་ནས་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་དངོས་ཡོད་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་རང་སྐྱོང་དང་།ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་དུ་སྦྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་གསུངས།

ཟས་ཕོར་བརྟན་པོར་འཛིན་དགོས་ན། ཐོན་འབབ་བརྟན་པོ་དང་། སྒྲིག་གཞི་ལེགས་སྒྲིག །རྨོ་ཞིང་འགན་ལེན་བྱེད་དགོས།
        ཐང་རེན་ཅན་གྱིས་མཚམས་སྦྱོར་བྱས་པར་གཞིགས་ན། ད་ལོའི་ཀྲུང་དབྱང་ཡིག་ཆ་དང་པོ་རུ་འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་དམ་འཛིན་བྱ་རྒྱུ་དེ་གནས་བབ་དང་པོར་འཛིན་པའི་དམིགས་ཡུལ་ནི་ཀྲུང་གོ་པ་དུང་ཕྱུར་14ལྷག་ཙམ་གྱི་ཟས་ཕོར་སྔར་བས་བརྟན་ལ། ཟས་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་འཇུག་རྒྱུ་དེ་ཡིན་ལ། དེ་ལ་ལས་དོན་ཕྱོགས་གསུམ་གཙོ་གནད་དུ་བཟུང་སྟེ་ལེགས་པར་བསྒྲུབ་དགོས།
        ཐོན་འབབ་བརྟན་པོ་ཡོང་བ་བྱེད་པའི་སྐོར་ནས། ན་ནིང་སྟོན་དགུན་གྱི་དུས་སུ་བཏབ་པའི་གྲོ་ཁག་གཅིག་འཕྱི་འདེབས་བྱས་པ་སོགས་ཀྱི་གནོད་རྐྱེན་ལ་ཁ་གཏད་འཇལ་ནས། དཔྱིད་རྨོད་དམ་འཛིན་ཡག་པོ་བྱེད་པ་དང་མྱུ་གུ་ཞན་པ་ནས་སྐྱེས་སྟོབས་ལྡན་པར་བསྒྱུར་ནས་ཐོན་ཚད་འདེད་ལེན་ཧུར་ཐག་བྱེད་པ་དང་། འབྲས་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་མཐོ་རུ་འོས་འཚམ་གཏོང་བ་དང་། འབྲུ་རིགས་འདེབས་འཛུགས་ཀྱི་ཞིང་པའི་ཁ་གསབ་བརྟན་དུ་གཏོང་བ། འབྲུ་རིགས་ལོ་ཏོག་ཆེ་གྲས་གསུམ་གྱི་མ་གནས་ཆ་ཚང་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་འགན་བཅོལ་གྱི་ཐོན་ཁུལ་གཙོ་བོའི་ཞིང་ཆེན་གྱི་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་ཡོངས་སུ་ཁྱབ་པར་བྱེད་པ། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཞིང་པའི་ཡོང་འབབ་ལུགས་མཐུན་ངང་འགན་སྲུང་བཅས་བྱེད་དགོས།
        སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྐོར་ནས། ནུས་ཤུགས་ཆེན་པོས་ཞིང་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་། བྱང་ཤར་ས་ཁུལ་དུ་སྲན་ཆེན་དང་མ་རྨོས་ལོ་ཏོག་ལུགས་མཐུན་གྱིས་འདེབས་རེས་དང་། ས་འོག་ཆུ་ཚད་བརྒལ་ཐོན་སྐྱེད་ཁུལ་དང་ཆུ་འབྲས་འདེབས་འཛུགས་མི་འཚམ་པའི་ས་ཁུལ་དུ“ཆུ་འདེབས་ནས་སྐམ་འདེབས”ལ་བསྒྱུར་ནས་སྲན་ཆེན་འདེབས་ཁྱོན་གོ་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་བ། རྨ་ཆུ་དང་ཧོའེ་ཧའེ། ནུབ་བྱང་། ལྷོ་ནུབ་བཅས་ས་ཁུལ་དུ་སྲན་ཆེན་དང་མ་རྨོས་ལོ་ཏོག་ཐགས་དབྱིབས་མཉམ་འདུས་ཀྱིས་འདེབས་འཛུགས་བྱ་རྒྱུ་ཁྱབ་སྤེལ་ཤུགས་ཆེར་གཏོང་བ་དང་། འབྲི་ཆུའི་འབབ་རྒྱུད་དུ་དགུན་དུས་ཀྱི་ཞིང་ཁ་གསར་སྤེལ་བྱས་ནས་སྣུམ་ལྡན་ཇ་ཤིང་འདེབས་ཁྱོན་ཆེ་རུ་གཏོང་དགོས།
        རྨོ་ཞིང་འགན་ལེན་བྱེད་པའི་སྐོར་ནས། རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དེ་འགྱུར་མེད་དམིགས་ཚད་དུ་བརྩིས་ནས་དཔྱད་ཞིབ་ནན་པོ་དང་། ཁས་གཅིག་མ་བླངས་ན། ཚེ་གང་འགན་འཁྲི་བདའ་འདེད་བྱེད་པ་བཅས་བྱས་ཏེ་རྨོ་ཞིང་མུའུ་དུང་ཕྱུར་18དེ་མིང་ངོ་མ་འགོད་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རྨོ་ཞིང་སྔོན་ལ་སྤྱོད་པའི་གོ་རིམ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་དུས་རིམ་རང་བཞིན་གྱི་ལས་འགན་ལེགས་འགྲུབ། ས་རྒྱུ་ནག་པོའི་ས་ཞིང་སྲུང་སྐྱོང་དམ་འཛིན་ལེགས་པོ་བྱེད་པ། རྨོ་ཞིང་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་ས་ཞིང་ནི་ས་ཞིང་ཡིན་པར་མ་ཟད། ངེས་པར་དུ་ས་ཞིང་ལེགས་པོ་ཡིན་དགོས།

ཐབས་མང་མཉམ་སྤྱོད་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་གི་མ་མཐའི་མཚམས་ཐིག་སྲུང་དགོས།
        ད་ལོའི་ཀྲུང་དབྱང་ཡིག་ཆ་དང་པོའི་ནང་།གཞི་ཁྱོན་རང་བཞིན་གྱི་དབུར་པོར་བསྐྱར་ལོག་མི་ཡོང་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བསྲུང་དགོས་པར་མ་ཟད། ཞིབ་ཕྲའི་བཀོད་སྒྲིག་རབ་དང་རིམ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
        ཐང་རེན་ཅན་གྱིས་བསྟན་རྒྱུར། གཙོ་གནད་མི་ཚོགས་ལ་དམིགས་ནས་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཏེ། ས་གནས་ཁག་གིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་གནད་སྨིན་གཏན་འཁེལ་བྱས་ནས་དབུལ་པོར་བསྐྱར་ལོག་གི་ཉེན་ཁ་དང་ཐོལ་བྱུང་གི་དཀའ་ངལ་ཚབས་ཆེན་ཡོད་པའི་ཞིང་དུད་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ནང་བཅུག་ནས། དབྱེ་འབྱེད་གོ་རིམ་སྔར་བས་སྟབས་བདེ་རུ་བཏང་སྟེ་སྤྱི་ཚོགས་རོགས་སྐྱོབ་དང་སྨན་བཅོས་འགན་ལེན་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་སྔ་ཙམ་དོན་འཁྱོལ་བྱས་ནས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་གཏོགས། སྔ་ཙམ་རོགས་སྐྱོར་བཅས་བྱེད་དགོས།
        དུས་མཚུངས་སུ་དབུལ་གྲོལ་མི་འབོར་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་དེ་བས་མང་ཙམ་བརྟེན་ཏེ་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཧུར་ཐག་གཏོང་དགོས་ཏེ། མ་དངུལ་འབྲེལ་མཐུད་དང་ཞིང་འབྲེལ་མ་དངུལ་ཐོན་ལས་ལ་སྤྱོད་པའི་བསྡུར་ཚད་སྔར་བས་མཐོ་རུ་བཏང་སྟེ་རོགས་སྐྱོར་ཐོན་ལས་ལ་ལག་རྩལ་དང་།སྒྲིག་བཀོད། ཚོང་གཉེར་སོགས་ཀྱི་ཞན་ཆ་གསབ་རྒྱུར་གཙོ་གནད་རྒྱབ་སྐྱོར་བྱས་ནས། ཐོན་ལས་ལ་བརྟེན་ནས་དབུལ་གྲོལ་མི་འབོར་གྱི་ཁྱིམ་ཚང་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏང་རྒྱུར་སྐུལ་ཁྲིད་བྱེད་པ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ངལ་རྩོལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོར་འཁོར་ཁང་མང་དུ་གཏོང་བ། སྤྱི་ཕན་ལས་གནས་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དབུལ་གྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་དབུལ་གྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།
        “གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྟོབས་ཤུགས་གཅིག་སྡུད་ཀྱིས་ཞན་ཆ་ཁ་གསབ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་པ་དང་། ཚན་རྩལ་ཆེད་མངགས་ཚོགས་པ་མངགས་གཏོང་བྱེད་པ། ཐོན་ལས་ལག་རྩལ་བློ་འདྲིའི་ལམ་ལུགས་ལག་བསྟར་བྱེད་པ། འཆར་གཞི་ལྡན་པའི་སྒོ་ནས་སློབ་གསོ་དང་སྨན་བཅོས་ལས་བྱེད་པའི་འཇོན་མིའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་དགོས་པ་དང་། གནས་སྤོས་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། བཀོད་སྒྲིག་ཁུལ་གྱི་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་བྱ་སྤྱོད་སྤེལ་དགོས་ཞེས་ཐང་རེན་ཅན་གྱིས་གཙོ་གནད་ས་ཁུལ་ལ་དམིགས་ནས་རོགས་སྐྱོར་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། དབུལ་གྲོལ་གྱི་རྨང་གཞི་དེ་བས་སྲ་བརྟན་དང་དེ་བས་རྒྱུན་མཐུད་ཐུབ་པ་བྱེད་དགོས་ཞེས་གསུངས།

གྲོང་གསེབ་དར་རྒྱས་ཐད་རིམ་ལྔའི་ཧྲུའུ་ཅིས་ཐུན་མོང་ཐོག་དམ་འཛིན་བྱེད་དགོས།
        ཐང་རེན་ཅན་གྱིས་བསྟན་དོན། “ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བཏང་རྗེས། དུས་རབས་གསར་པས“ཞིང་གསུམ”ལས་དོན་ལ་དམ་འཛིན་བྱེད་པ་ནི་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། གཙོ་གནད་ལས་དོན་ཁག་ལ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་གསར་པ་ཐོབ་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་དགོས་པ་གཤམ་ལྟར།
        ཐོན་ལས་ལ་དམིགས་ཏེ་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་དང་། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་བཅས་ཐོན་ལས་ཆེན་པོ་གསུམ་གཙོ་གནད་དུ་བཟུང་སྟེ་འཕེལ་རྒྱས་གཏོང་བ། ལེགས་ཆ་མངོན་གསལ་དོད་ཅིང་ཞིང་ལས་དང་གྲོང་གསེབ་ཀྱི་ནུས་པ་སྐུལ་ཁྲིད་ཆེ་བ། ལས་ཞུགས་ཤོང་ཚད་ཆེ་བ་བཅས་ཀྱི་རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་ནས། ཞིང་པས་རང་ས་གནས་དང་ཐག་ཉེ་སར་ལས་ཞུགས་ལས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་གཏོང་རྫས་ཉུང་གཏོང་ཚད་དང་སྙིགས་རོ་ཐོན་ཁུངས་ཅན་དུ་བསྒྱུར་བར་གཏིང་ཟབ་སྐུལ་འདེད་བཏང་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
        ངེས་པ་དོན་གྱིས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བྱེད་དགོས། གྲངས་ཚད་ཀྱིས་སྤུས་ཚད་ལ་བསྟུན་པ་དང་མྱུར་ཚད་ཀྱིས་ཕན་འབྲས་ལ་བསྟུན་པ་མཐའ་འཁྱོངས་བྱེད་པ་དང་། ཡག་པོར་གཉེར་ཞིང་དལ་མོར་འཛིན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་ལས་བརྒལ་ནས་མ་དངུལ་བསྡུ་རུབ་ཆེན་པོ་དང་། གསར་སྤེལ་ཆེན་པོ། འཛུགས་སྐྲུན་ཆེན་པོ་བཅས་མི་བྱེད་ལ། ཡོངས་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་དམིགས་ཏེ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་འགྲོ་ལམ་དང་འཐུང་ཆུ་མཁོ་འདོན། གློག་སྤྱོད། དྲ་རྒྱ། སྡོད་ཁང་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་རྫོང་ཁོངས་ཀྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
        གྲོང་གསེབ་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོའི་སྒོས་ལེགས་སུ་གཏོང་དགོས་ཏེ། རྫོང་རིམ་པའི་ཏང་ཨུས་ཡུལ་ཤོག་དམ་འཛིན་བྱས་ནས་གྲོང་སྡེར་སྐུལ་སྤེལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཡུལ་ཤོག་དང་གྲོང་རྡལ་ཏང་ཨུ་ཡོངས་ཀྱིས་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གིས་ཏང་འཛུགས་དམ་འཛིན་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྱོང་ལས་དོན་བྱེད་སྟངས་གསར་གཏོད་དང་། ཆ་བསགས་ལམ་ལུགས་སོགས་བཅོས་སྐྱོང་བྱེད་སྟངས་ཁྱབ་སྤེལ། གྲོང་གསེབ་ཀྱི་གཉེན་སྒྲིག་གོམས་སྲོལ་བསྒྱུར་བཅོས་ཚོད་ལྟ་དང་དུར་འཇུག་གོམས་སྲོལ་བསྒྱུར་བཅོས་ལ་སྐུལ་སྤེལ་བྱས་ཏེ། གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་དགོས།
        ཐང་རེན་ཅན་གྱིས་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན་ཏང་གི་འགོ་ཁྲིད་ལ་བརྟེན་དགོས་ཞེས་གསུངས། གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཐབས་བཟོས་ཏེ་ཞིང་ཆེན་རིམ་པའི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པ་དང་། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་རྒྱས་གཏང་རྒྱུ་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་བྱེད་དགོས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1