ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-15



ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས།
བསམ་བློ་བཅིངས་འགྲོལ་དང་། གསར་འབྱེད་གསར་གཏོད། མཐུན་སྒྲིལ་འབད་འཐབ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་གང་མགྱོགས་སྐྲུན་དགོས་ཞེས་ནན་བཤད་གནང་བ།

ཟླ་4ཚེས་10ནས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ཀྲེ་ཧྲན་གྲོང་ཁྱེར་ཧྲུའེ་མན་ཤང་མའོ་ན་གྲོང་ཚོར་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།


ཟླ་4ཚེས་10ནས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་12ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་དབྱང་ཕུའུ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་ཞའོ་ཁྲན་ཐན་གྲུ་ཁ་ཁུལ་དུ་ཕེབས་ནས་དེ་གའི་ལས་དོན་མི་སྣ་དང་གནས་སྦྱར་ལས་བྱེད་པའི་འཐུས་མི་སོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ཧའེ་ཁའུ་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་། གསར་འབྱེད་གསར་གཏོད། མཐུན་སྒྲིལ་འབད་འཐབ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་གང་མགྱོགས་བསྐྲུན་པ་དང་། ཧའེ་ནན་འདི་ཉིད་དུས་རབས་གསར་པའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དཔེ་སྟོན་ལ་འགྱུར་བ་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
        ཟླ་4ཚེས་10ནས་13ཉིན་བར། ཞི་ཅིན་ཕིང་ཧའེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་དང་ཧྲེང་ཀྲང་ཧྥེང་ཧྥེ་ཡི་ཕེབས་རོགས་འོག སྔ་རྗེས་སུ་སན་ཡ་དང་། ཝུའུ་ཀྲི་ཧྲན། ཏན་ཀྲོའུ་སོགས་ཀྱི་ཚན་ཞིབ་ཚན་པ་དང་། རྒྱལ་ཁབ་སྤྱི་གླིང་། ལི་རིགས་ཀྱི་གྲོང་སྡེ། གྲུ་ཁ་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
        ཚེས་10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དང་ཐོག་སན་ཡ་གྲོང་ཁྱེར་ཡ་ཀྲོའུ་དབན་ཚན་རྩལ་གྲོང་དུ་ཡོད་པའི་ཡ་ཀྲོའུ་དབན་ས་བོན་ཚོད་ལྟ་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཞི་ཅིན་ཕིང་གིས་ཚན་རྩལ་གྲོང་འཆར་འགོད་འཛུགས་སྐྲུན་དང་ཚོད་ལྟ་ཁང་གི་ཁྱོན་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་། ཚོད་ལྟ་ཁང་གིས་ལས་སྟེགས་བཙུགས་ནས་འདེབས་འཛུགས་ལས་རིགས་ལ་རྒྱབ་སྐྱོར་བྱས་པའི་སྐོར་གྱི་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་མ་ཟད། ཞིང་ལས་ཚན་རྩལ་གསར་གཏོད་བྱེད་སྟངས་འཚོལ་ཞིབ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འདེགས་སྐྱོར་དང་འགན་ལེན་བྱེད་པའི་ཧའེ་ནན་ཞིང་ཆེན་གྱི་བྱེད་སྟངས་ལ་གདེང་འཇོག་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་དཔྱད་ཆས་ཆེ་གྲས་ཀྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་གནད་སྨིན་འདུས་རྡུལ་ཇུས་འགོད་དང་སོན་གསོའི་ལྟེ་གནས་ལ་སྔ་རྗེས་སུ་ཕེབས་ནས་ཚན་ཞིབ་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པར་ངེས་པར་དུ་ས་བོན་འདི་ཉིད་རང་གི་ལག་ཏུ་དམ་པོར་འཛིན་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་གཅིག་སྡུད་འགག་སྒྲོལ་ལ་དམིགས་ནས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རང་ཚུགས་རང་འབད་དང་ས་བོན་འབྱུང་ཁུངས་རང་རྟེན་ཚོད་འཛིན་བྱས་ཏེ། ཀྲུང་གོའི་ས་བོན་ལ་བརྟེན་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས། ཞིང་ལས་ཚན་ཞིབ་ལས་དོན་པ་རྒན་རབས་རྣམས་ཀྱིས་མེས་རྒྱལ་སེམས་ལ་བཅངས་ཤིང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཤིས་རྒྱུད་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། གྲི་དངོ་བརྡར་བའི་ལོ་བཅུའི་སྙིང་རུས་ལ་བརྟེན་ནས་ཞིང་ལས་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
        དེ་རྗེས་ཞི་ཅིན་ཕིང་ཀྲུང་གོ་རྒྱ་མཚོ་སློབ་ཆེན་སན་ཡ་རྒྱ་མཚོ་ཞིབ་འཇུག་ཁང་དུ་ཕེབས་ཏེ། རྒྱ་མཚོའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་ཆ་འཕྲིན་ཞབས་ཞུའི་མ་ལག་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱས་ཚུལ་མཁྱེན་རྟོགས་གནང་ཞིང་། “མཚོ་འཇིངས་ཨང་དང་པོའི”ལས་སྒྲུབ་ལས་སྟེགས་དང་སྦྲེལ་མཐུད་གནང་བར། ལས་ཐོག་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་འཐབ་ཕྱོགས་དང་པོའི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་བ་དང་འབྲེལ་བདེ་འཇགས་ལ་དོ་སྣང་དང་གཟུགས་པོར་བདག་གཅེས་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་རེད། རྒྱ་མཚོའི་ཚན་རྩལ་ཆུ་ཚད་མཐོ་བའི་རང་ཚུགས་རང་འཕེལ་ལ་སྐུལ་འདེད་གཏོང་བར་ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཆས་བཟོ་སྐྲུན་རང་གི་ལག་ཏུ་དམ་པོར་འཛིན་པ། ང་ཚོ་རང་ཉིད་ཀྱི་སྒྲིག་ཆས་ལ་བརྟེན་ནས་སྣུམ་རླངས་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱེད་པ། ནུས་རྒྱུ་རང་མཁོ་རང་སྤྲོད་ཐུབ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        རྟོག་ཞིབ་གནང་བའི་ལམ་བར་དུ། ཞི་ཅིན་ཕིང་གིས་རླངས་འཁོར་ནས་བབས་གནང་སྟེ་མཚོ་རྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གཟིགས་ཞིབ་གནང་བ་མ་ཟད། ཁོང་གིས་ལོ་12གོང་བཏབ་གནང་བའི་ཐང་ཤིང་གི་སྡོང་པོ་གཅིག་ལ་ལུད་དང་ཆུ་བརྒྱབ་གནང་བ་རེད། ཞི་ཅིན་ཕིང་གིས་ས་གནས་དེ་གའི་འགན་འཁུར་བློ་མཐུན་ལ་སྐམ་ས་དང་རྒྱ་མཚོར་སྤྱི་འདོམས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་སྲུང་སྐྱོང་ལས་དོན་དེ་ཉིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
        ཧའེ་ནན་ཞིང་ཆེན་གྱིས་2011ལོའི་ཟླ་4ཚེས་20ཉིན་ནས་གླིང་ཚོམ་དཔྱ་ཁྲལ་རྩ་ཆག་སྲིད་ཇུས་ཚོད་ལྟའི་སྒོ་ནས་ལག་ལེན་བསྟར་ཡོད། ཚེས་11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་སན་ཡ་རྒྱལ་སྤྱིའི་དཔྱ་ཁྲལ་རྩ་ཆག་གྲོང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་གླིང་ཚོམ་དཔྱ་ཁྲལ་རྩ་ཆག་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་སོགས་མཁྱེན་རྟོགས་གནང་ཞིང་། ཞི་ཅིན་ཕིང་གིས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ནང་གི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་པ། ཁྲོམ་རའི་ཁོར་ཡུག་དང་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་གཏོད་པ། ཡིད་རྟོན་གཉེར་སྐྱོང་དང་སྤུས་ལེགས་ཞབས་ཞུར་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་འགུགས་ཐབས་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་བ་རེད།
        ཚེས་11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧའེ་ནན་ཏའོ་ཡི་ལྷོ་རྒྱུད་དུ་གནས་པའི་ཝུའུ་ཀྲི་ཧྲན་གྲོང་ཁྱེར་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཧའེ་ནན་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5ཡི་གྲས་ཤིག་རེད། ཞི་ཅིན་ཕིང་གིས་ཝུའུ་ཀྲི་ཧྲན་ཡུག་ཁུལ་གྱི་གདུང་འདེགས་འཕྲང་ལམ་རྒྱུད་ཞབས་ཐང་མར་ཕེབས་ཏེ། སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་ཞིང་། ལམ་བར་དུ་ཕེབས་མཚམས་ཡང་ཡང་བཞག་སྟེ་ལྗོན་ཤིང་སྐྱེ་འཚར་དང་། ཆུ་འགོ་གསོ་འཁྱོངས། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་གིས་ཧའེ་ནན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྱོང་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་ཤིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཁར། ཆར་ཆུ་འབེལ་བའི་ཚ་ཁུལ་ནགས་ཚལ་ལ་སྲུང་སྐྱོང་ནན་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ནས། འཛམ་གླིང་ལ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཡུར་དུ་ཟ་བའི་གྲུབ་འབྲས་སྟོན་དགོས་ཞེས་བསྟན་གནང་བ་རེད།
        ཧྲུའེ་མན་ཤང་མའོ་ན་གྲོང་ཚོ་ནི་ཝུའུ་ཀྲི་ཧྲན་གྲོང་ཁྱེར་གྱི་ལི་རིགས་གྲོང་སྡེ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས་ཏེ། གྲོང་ཚོའི་ལམ་བུར་ཕེབས་ཀྱིན་དུ་གཟིགས་ཞིབ་གནང་ཞིང་། ལི་རིགས་ཀྱི་གྲོང་མི་ཝང་པོ་ཧོ་དང་བཅས་པའི་ནང་མིས་སེམས་རྩ་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་གདན་འདྲེན་ཞུས་པ་རེད། ཞི་ཅིན་ཕིང་གིས་སྒོ་ར་དང་། ཚོམས་ཆེན། ཉལ་ཁང་སོགས་ལ་གཟིགས་པ་དང་། ཇ་ལོ་ལས་སྣོན་ཁང་དུ་ཕེབས་ནས་ཇ་བརྔོས་གནང་བ་མ་ཟད། ཇ་ལོ་འགྱིག་ཤོག་གཉིས་ཀྱང་ཉོས་གནང་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་ཇ་ལོ་གཉེར་སྐྱོང་ཡག་པོ་བྱས་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད།
        གྲོང་ཚོའི་བསིལ་ཁང་ནང་ཞི་ཅིན་ཕིང་གིས་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་། ཤང་གྲོང་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་རུ་ཁག་གི་རུ་དཔོན། གྲོང་ཚོ་ཀྲི་པུའི་ཧྲུའུ་ཅི། ཏང་ཡོན་རྒན་གྲས། ཕྱུག་འགྱུར་སྣེ་ཁྲིད་པའི་འཐུས་མི་སོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ། ས་གནས་དེ་གས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་འགག་རྩ་མིར་ཐུག་ཡོད། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་ཕྱུག་འགྱུར་སྣེ་ཁྲིད་པ་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ། དམག་ཞབས་ཐིམས་པའི་དམག་མི་སོགས་ཚུད་པའི་ཤེས་ལྡན་མི་སྣ་སྣ་ཚོགས་གྲོང་གསེབ་དར་རྒྱས་གཏོང་བའི་ནང་བྱས་རྗེས་འཇོག་པར་ཡོང་རྒྱུའི་འགུགས་ཐབས་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཁྱམས་རིང་བརྒྱུད་ལི་རིགས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། ལི་རིགས་ཀྱི་གོས་ཆེན། སྦ་བྱད་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ལ་གཟིགས་པ་རེད། ཐང་ཆེན་དུ་སྙན་འཇེབས་ལྡན་པའི་གླུ་གར་དང་འགྲོགས་ནས་གྲོང་མི་ཚོས་སྨྱུག་མའི་ཞབས་བྲོ་འཁྲབ་སྟེ་ཐག་རིང་གི་མགྲོན་པོ་བསུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ངང་ལི་རིགས་ཀྱི་སྤུན་ཟླ་ཚོར་ལྟ་བར་ཡོང་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་པ་མཐོང་སྐབས་ང་ཧ་ཅང་བློ་བདེ་པོ་བྱུང་། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་རྗེས། མུ་མཐུད་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་མངོན་འགྱུར་ཡོང་བའི་འབད་བརྩོན་བྱས་ཏེ། སྐྱེ་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་། གྲོང་གསེབ་ཡུལ་སྐོར། སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་མུ་མཐུད་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་། ཏང་གི་རྩ་བའི་དམིགས་ཡུལ་ཡིད་ལ་བརྟན་པོར་འཆང་བ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བཅས་བྱས་ཏེ། སེམས་ནུས་ཡོད་རྒུ་མི་སེར་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་པའི་ཐད་འཇོག་དགོས་ཞེས་གསུངས་པ་རེད།
        ཚེས་12ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཧའེ་ནན་གླིང་ཕྲན་གྱི་ནུབ་བྱང་རྒྱུད་དུ་ཡོད་པའི་ཏན་ཀྲོའུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འགྲེམས་ཁང་དུ་ཞི་ཅིན་ཕིང་གིས་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད། གསར་སྤེལ་ཁུལ་གྱི་འཕེལ་རྒྱས་བྱུང་རིམ་དང་། འཛུགས་སྐྲུན་གྲུབ་འབྲས། འབྱུང་འགྱུར་འཆར་འགོད། དེ་བཞིན་བཅའ་སྡོད་ཁེ་ལས་ཀྱི་གྲུབ་འབྲས་སོགས་ཀྱི་འགྲེམས་སྟོན་ལ་ཞིབ་ཚགས་གཟིགས་པ་རེད། ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་སྔོན་སྐྱོད་ཁུལ་དང་དཔེ་སྟོན་ཁུལ་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས། ཧའེ་ནན་དུ་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་བའི་ཉམས་མྱོང་ལ་ཕྱོགས་སྡོམ་ཡག་པོ་བྱས་ཏེ། “ཀྲུང་གོའི་དབྱང་ཕུའུ་གྲུ་ཁའི”གྲུ་ཁོངས་གྲུ་ཁའི་སྲིད་ཇུས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས་བློ་ཁོག་ཆེན་པོས་གསར་གཏོད་དང་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།
        དེ་རྗེས་ཞི་ཅིན་ཕིང་དབྱང་ཕུའུ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་ཞའོ་ཁྲན་གྲམ་པའི་གྲུ་ཁའི་ཁུལ་དུ་ཕེབས་ནས་གྲུ་ཁ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་ལས་ཡུལ་དངོས་ཀྱི་ལས་དོན་མི་སྣ་དང་གནས་སྦྱར་ལས་བྱེད་པའི་འཐུས་མི་སོགས་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་གྲུ་ཁ་དར་རྒྱས་གཏོང་བ་དང་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་གཏོང་བར་ངེས་གནས་གསལ་པོ་ཁོང་དུ་ཆུད་པ་དང་། འཚམ་མཐུན་རང་བཞིན་ཆེ་རུ་གཏོང་བ། འབྱུང་འཕྲོད་འཕེལ་རྒྱས་དང་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་མཐའ་འཁྱོངས་གཏོང་བ། གྲུ་ཁ་འཕེལ་རྒྱས་གཏོང་བ་དང་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་ལམ་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ཆར་པ་ཆུ་གྲོགས་དང་ཕན་ཚུན་སྐུལ་འདེད་གཏོང་བ་བཅས་བྱས་ནས། ནུབ་རྒྱུད་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་འཛུགས་སྐྲུན་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་གིས་ལས་བྱེད་པ་ཚོང་དོན་གྲུ་ཁར་གནས་སྦྱར་བྱེད་པར་མངགས་པ་ལས། ཏང་ཀྲུང་དབྱང་གིས་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་མཚོན་གྱི་ཡོད་ལ། ལས་བྱེད་པར་གསོ་སྦྱོང་དང་སྦྱོང་བརྡར་སྤྲོད་པ་ཞིག་ཀྱང་རེད། གནས་སྦྱར་ལས་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཁོ་ཚོའི་ཤེས་རྒྱ་དང་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
        ཚེས་13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧའེ་ནན་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཧའེ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཧའེ་ནན་གྱིས“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་གོ་རྟོགས་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཀྲུང་གོའི་ཉམས་འགྱུར་མཚོན་པའི་བཀྲག་མདངས་འཚེར་བའི་མིང་བྱང་དུ་སྐྲུན་པའི་ཐུགས་རེ་གནང་བ་རེད།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ཡུན་རིང་འབད་འཐབ་བྱེད་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་དགོས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ལམ་ལུགས་གཅིག་སྡུད་གསར་གཏོད་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། “ཀྲུང་དབྱང་གིས་སྤྱི་འདོམས་དང་། སྡེ་ཚན་གྱིས་རྒྱབ་སྐྱོར། ཞིང་ཆེན་གྱིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི”ལས་ཀའི་སྐུལ་འདེད་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁ་དུས་བཀག་ལྟར་འགག་སྒོ་བཀག་ནས་འཁོར་སྐྱོད་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནས་གནད་དོན་ལ་བསམ་གཞིག་དང་བྱ་བ་བསྒྲུབས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོར་སྟངས་འཛིན་ནན་པོ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཉེན་ཁ་ཆེ་རིགས་དབྱེ་འབྱེད་དང་དོགས་ཟོན་ལ་ཤུགས་སྣོན་བརྒྱབ་ནས། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ལ་སྤྱི་འདོམས་བྱས་ཏེ་སྔོན་བཙུགས་རྗེས་གཏོར་དང་མི་འཛུགས་མི་གཏོར་མཐའ་འཁྱོངས་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧའེ་ནན་སྔར་བས་འཕེལ་རྒྱས་ཡག་པོ་གཏོང་བར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་གཞི་རྩའི་ཐབས་མཆོག་ཅིག་རེད། ཡུལ་སྐོར་ལས་རིགས་དང་། དེང་རབས་ཞབས་འདེགས་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་རྒྱུད་ཁྱད་ལྡན་ནུས་ཆེའི་ཞིང་ལས་བཅས་འཕེལ་རྒྱས་གཏོང་བར་དམིགས་ནས། དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་དགོས། ཚན་རྩལ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་མགྱོགས་པོ་བྱས་ནས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐམ་མཚོ་སྤྱི་འདོམས་དང་། རི་མཚོ་མཉམ་སྒུལ། ཐོན་ཁུངས་མཉམ་འདྲེས་བཅས་མངོན་གསལ་དོད་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གི་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་ཧུར་ཐག་བསལ་ནས་ཁྱབ་རྒྱ་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་གཏིང་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་ཆགས་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཞིང་ལས་ཀྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཡུན་རིང་གི་གཞི་རྩའི་ཞིང་ཁ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་བཅས་ཀྱི་ལམ་ཐིག་གསུམ་ནན་པོ་སྲུང་དགོས། གྲོང་ཁྱེར་དང་གྲོང་གསེབ་དང་དེ་བཞིན་གསར་སྦོལ་ས་ཁུལ་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱལ་ཁབ་ཀྱི་ནན་ཧྥན་ཚན་ཞིབ་སོན་གསོའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། རང་བྱུང་འགྱིག་གི་ཐོན་ལས་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ཆེས་ནན་པའི་རྒྱ་མཚོ་སྐོར་སུབ་ཀྱི་དོ་དམ་ཚོད་འཛིན་དང་མཚོ་ངོགས་རྒྱུད་ཀྱི་གསར་སྤེལ་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་གྱི་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་གཅེས་ནོར་དང་། ཆུ་མཛོད་དང་། འབྲུ་མཛོད། དངུལ་མཛོད་བཅས་ཡིན་ལ་ཐཱན་མཛོད་ཀྱང་ཡིན་པས། ངེས་པར་དུ་དེའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ནས་གཡུར་ཟའི་གྲུབ་འབྲས་ཐོབ་གང་ཐུབ་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་ཇི་ཙམ་གཏོང་བར་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་དེ་ཙམ་གྱིས་ཤུགས་སྣོན་རྒྱག་དགོས། ཕུགས་བསམ་དད་སེམས་ཀྱི་སློབ་གསོར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་བཅས་བྱས་ནས། མི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་བཀུར་ཁྲིམས་སྲུང་དང་ཟོལ་མེད་ཡིད་རྟོན་གྱི་སྤྱི་ཚོགས་དར་སྲོལ་དར་སྤེལ་གཏོང་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ནུས་ལྡན་གྱི་བྱེད་ཐབས་སྔར་བས་མང་བ་ལག་ལེན་བསྟར་བ་དང་དམངས་སེམས་དྲོ་བའི་བྱ་སྤྱོད་སྔར་བས་མང་བ་དོན་འཁྱོལ་བྱས་ནས། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། ཐུན་མོང་འབྱོར་ཕྱུག་ཡོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཁུར་པོ་ཡང་གཏོང་དང་། ལས་གནས་བརྟན་གཏོང་། ལས་ཞུགས་ཆེར་གཏོང་བཅས་ཀྱི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་བ་བཅས་བྱས་ནས། མཚོ་འབྲེལ་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྩ་བའི་དགོངས་གཞི་ནན་པོ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་གཅིག་འདོམས་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཧའེ་ནན་ཞུང་ཡ་གཞུང་སྒྲིག་རུ་ཁག་དྲན་གསོ་ཁང་དང་གསར་བརྗེའི་བུད་མེད་དམག་དཔུང་དྲན་གསོ་ཁང་སོགས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བར་ཁྲིད་སྟོན། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ནས། གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བྱེད་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པར་ཁྲིད་སྟོན། ཐོག་མའི་བསམ་འདུན་དང་ལས་འགན་རང་རྟོགས་ངང་ལག་ལེན་བསྟར་བ། “འཇོན་ཐང་ཞན་པའི་དངངས་ཚབ”དང་ནུས་པ་ཞན་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་ཧུར་ཐག་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཏང་རྩ་འཛུགས་ནུས་ལྡན་ཁྱབ་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཏེ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་འགྱུར་བར་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ས་ཞིང་སྡེབ་གཅིག་ཏུ་བོགས་གཏོང་དང་། ས་ཁང་ཐོན་སྐྱེད་གསར་སྤེལ། ཚོང་འགུགས་མ་འདྲེན། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞན་ཆ་བསལ་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།
        ཞི་ཅིན་ཕིང་གིས་དེང་སྐབས་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་ཚབས་ཆེན་པོ་ཡོད་པས། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དེ་བས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། མཐའ་འཁྱོངས་ནི་རྒྱལ་ཁ་རེད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་མཐའ་འཁྱོངས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་སྐབས་བསྟུན་གཙང་སེལ་མཐའ་འཁྱོངས་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བྱེད་དགོས། རྣམ་གཡེང་གི་བསམ་བློ་དང་། དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་བློ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་ཀྱིས་ནད་དུག་གཞན་འགྱུར་གྱི་ཁྱད་ཆོས་གསར་པར་དམིགས་ནས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྔོན་འགོག་དང་ཚོད་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བསྟན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1