འདི་ནི་ཀེ་ཅུན་གྱིས་རླངས་འཁོར་བཀག་ནས་ངལ་གསོ་བཞིན་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཡུས་རུའེ།
མཚོ་སྔོན་ལྷོ་ནུབ་རྒྱུད་ཀྱི་མུ་མཐའ་མེད་པའི་ཐང་རྒོད་སྐྱ་མོའི་སྟེང་དུ་སྦྲག་ལམ་ཞིག་ཤུར་རེར་འཐེན་ཡོད།
སྲོག་གནས་དཀའ་ཁུལ་དེར་ཀྲུང་གོ་སྦྲག་སྲིད་ཚོགས་པ་གོར་མོ་གྲོང་ཁྱེར་ཡན་ལག་ཀུང་སིའི་སྦྲག་སྐྱེལ་བ་ཀེ་ཅུན་གྱིས་ལོ་10ལྷག་ཙམ་བསྐྱོད།
“གཟའ་འཁོར་རེར་ཐེངས་རེ་འགྲོ་དགོས། གཟའ་ལྷག་པའི་ཉིན་ཐོན་པ་དང་། ཕར་ཚུར་ལ་ཉིན་གཉིས་འགོར་བ་དང་ལམ་ཐག་ཧྲིལ་པོར་ང་རང་གཅིག་པུ་ཡིན”
རྡོག་ཐོན་མ་བྱས་གོང་གི་དགོང་མོ་དེར། གསར་འགོད་པར་ཀེ་ཅུན་འཕྲད་བྱུང་། ཕར་འཚམས་འདྲི་མ་བྱས་གོང་ནས་དགོད་འཚེར་འཚེར་ངང“སྐུ་ཁམས་བཟང་། ང་ཀེ་ཅུན་ཡིན”ཞེས་ལག་པ་ཆེན་པོ་དེ་བཏང་ནས་བཤད། ཁ་བསངས་ཤིང་བག་ཡངས་པའི་དགོད་སྒྲ་ལས་ནུབ་བྱང་མིའི་ཁ་རི་ཁ་ཐུག་གི་གཤིས་ཀ་མངོན། འོན་ཀྱང་ཁོང་གིས་སྤྱི་སྐད་ཆུ་རྒྱུག་རྒྱུག་ཤོད་པ་དེས་གསར་འགོད་པར་དེ་བས་བག་ཆགས་ཟབ་མོ་བཞག་བྱུང་།
1954ལོར་ཀེ་ཅུན་གྱི་སྤོ་བོས་འབོད་སྐུལ་དང་ལེན་བྱས་ཏེ་ཧྲང་ཧའེ་ནས་ནང་མི་ཚང་མ་འཁྲིད་དེ་ནུབ་བྱང་ཁུལ་དུ་ཡོང་ནས་སྦྲག་སྲིད་ཁོངས་གཏོགས་སུ་མཚོ་བོད་གཞུང་ལམ་བསྐྲུན་རྒྱུར་ཞབས་འདེགས་ཞུས་ནས་བསྡད་པ་དང་། གཞུང་ལམ་བསྐྲུན་རྗེས་གོར་མོར་གཞིས་ཆགས། 1972ལོར་ཀེ་ཅུན་གྱི་ཨ་ཕའང་སྤོ་བོ་དང་འདྲ་བར་སྦྲག་སྐྱེལ་བ་ཞིག་ཏུ་གྱུར།
“རྨོ་བོ་ལགས་ཁྲང་ཧྲ་ནས་ཡིན་པ་དང་ངའི་མནའ་མ་མཚོ་སྔོན་ནས་ཡིན་པས་ཁྱིམ་དུ་ཡུལ་སྐད་མི་འདྲ་བ་རྒྱག་པ་ནི་སྔ་ས་ནས་གོམས་འདུག ཁྱིམ་དུ་སྐྱེས་པ་གསུམ་གྱིས་དུས་རྒྱུན་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ས་ཕྱོགས་གང་སར་བསྐྱོད་དེ་མི་མང་པོ་དང་འབྲེལ་འདྲིས་བྱེད་དགོས་པས། ས་ཆ་མང་པོ་ཞིག་གི་ཡུལ་སྐད་ཤོད་ཤེས་ཀྱི་ཡོད་ཀྱང་། ཚང་མས་གོ་ཐུབ་པ་ནི་སྤྱི་སྐད་ཡིན་པས་ཡུན་རིང་པོ་སོང་རྗེས་ངས་ཀྱང་སྤྱི་སྐད་བྱང་ཆུབ་པ་ཤོད་ཐུབ་ཀྱི་འདུག”ཅེས་བཤད།
ཀེ་ཅུན་ཆུང་དུས་ནས་གོར་མོར་འཚོ་བ་བསྐྱལ་ཅིང་། ངར་ལ་མཆོང་ཕོད་པའི་ཕོ་རྒོད་ཅིག་རེད། ལོ་18ལ་སླེབས་སྐབས། ཁོང་དམག་མིར་ཞུགས་ནས་འཕྲུལ་ཆས་ཉམས་བཟོའི་དམག་མི་ཞིག་ཏུ་གྱུར། དམག་ཞབས་ཐིམ་རྗེས། མཚོ་སྔོན་སྦྲག་སྲིད་སློབ་གྲྭར་རྒྱུགས་འཕྲོད་པ་དང་ལོ་དེར་ཏང་ནང་ཞུགས། སློབ་གྲྭ་ཐོན་རྗེས་ཀེ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་སྦྲག་སྲིད་ཅུས་སུ་ལས་བགོས་བརྒྱབ་ནས། སྦྲག་སྐྱེལ་བ་དང་ལས་གཉེར་ཚོམས་ཆེན་གྱི་ལས་སྒྲུབ་པ་སོགས་སྦྲག་སྲིད་ཁོངས་གཏོགས་ཀྱི་ལས་སྣ་ཚང་མ་བྱེད་མྱོང་།
2009ལོར། ཀྲུང་གོ་སྦྲག་སྲིད་ཚོགས་པ་གོར་མོ་གྲོང་ཁྱེར་ཡན་ལག་ཀུང་སིས་གོར་མོ་གྲོང་ཁུལ་ནས་གདང་ལ་གྲོང་རྡལ་བར་གྱི་རླངས་འཁོར་སྦྲག་སྐྱེལ་ལམ་བུ་ཤར་གཏོང་བྱས་པ་དང་། ལམ་རྒྱུད་དུ་སྦྲག་ཐོག་བསྐུར་མ་རྩིས་སྤྲོད་རྩིས་ལེན་བྱ་ཡུལ་23བཙུགས་ནས་མཚོ་བོད་གཞུང་ལམ་ལམ་རྒྱུད་དང་གདང་ལ་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ལ་ཞབས་འདེགས་ཞུ་ཡི་ཡོད།
2010ལོར་ཀེ་ཅུན་ལོ་34ལ་སླེབས་པ་དང་། ལོ་ཚོད་དེ་ནི་སེམས་ཤུགས་ཆེ་སྒང་ཡིན་ཞིང་། སྐབས་དེ་དུས་སྦྲག་སྐྱེལ་ལམ་བུ་དེའི་སྦྲག་སྐྱེལ་བ་དང་པོ་གཟུགས་གཞིས་རྐྱེན་པས་ལས་བསྒྱུར་བྱེད་དགོས་བྱུང་། “ལས་ཁུངས་ལ་རླངས་འཁོར་ཆེ་གྲས་གཏོང་ཤེས་མཁན་དཀོན་པའི་ཁར་ང་རང་ཏང་ཡོན་ཡིན་པས། ངས་མ་ཕྱིན་ན་ག་ནས་འགྲིག”ཅེས་ཀེ་ཅུན་གྱིས་རང་འགུལ་ངང་རེ་འདུན་ཞུས་ནས་ལས་འགན་ལྕི་པོ་དང་དུ་བླངས་རྗེས་ལམ་བུ་དེའི་ཐོག་ལོ་10ལྷག་ཙམ་བསྐྱོད།
“སྤྱིར་ན་གཟའ་འཁོར་རེར་ཐེངས་རེ་འགྲོ་དགོས་པ་དང་གཟའ་ལྷག་པའི་ཉིན་ཐོན་གྱི་ཡོད། ཕར་ཚུར་ཉིན་གཉིས་འགོར་བ་དང་ལམ་ཐག་ཧྲིལ་པོར་ང་རང་གཅིག་པུ་ཡིན། སྦྲག་ཐོག་བསྐུར་མ་རྩིས་སྤྲོད་རྩིས་ལེན་ས་ཚིགས་ཁག་གཅིག་མཚོ་བོད་གཞུང་ལམ་དང་བར་ཐག་ཅུང་རིང་བས་ད་དུང་རླངས་འཁོར་བཏང་ནས་མྱ་ངམ་ཐང་དུ་གང་འཚམ་འགྲོ་དགོས། ཕར་ཚུར་ཁྱོན་བསྡོམས་སྤྱི་ལེ་900ཙམ་ཡོད”ཀེ་ཅུན་གྱིས་ལམ་བུ་དེར་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་ཅིང་། ལོ་10ལྷག་ཙམ་རིང་ཁོང་གིས་ས་ཆ་གཉིས་དབར་སྤྱི་ལེ་ཁྲི་17.5འགྲོ་འོང་བྱས་ཡོད།
“ཁོང་ཚོས་ང་ལ་རོགས་རམ་བྱེད་མྱོང་ཡོད་ལ་ངས་ཀྱང་ཚང་མར་ཞབས་འདེགས་ཞུ་མྱོང་ཡོད། ང་ཚོ་ཚང་མ་ཕར་རོགས་ཚུར་རོགས་བྱས་ནས་ཡོང་བ་ཤ་སྟག་རེད”
ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་གོར་མོ་གྲོང་ཁྱེར་ནས་ཐོན་ཏེ་ལྷོ་ཕྱོགས་སུ་སྐྱོད། སྣུམ་ཞག་དོད་པའི་རི་བོ་དང་། དུང་ལྟར་དཀར་བའི་རི་རྩེ། སྒེག་ཉམས་ཀྱིས་ཕྱུག་པའི་སྨུག་སྤྲིན། བང་རིམ་བརྩེགས་པའི་སྤྲིན་དཀར་སོགས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག སྦྲག་སྐྱེལ་ལམ་བུ་ཧ་ཅང་རིང་ཞིང་རྩིས་སྤྲོད་རྩིས་ལེན་ས་ཚིགས་དབར་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱིས་ཆོད་ཡོད། གྲོང་ཁྱེར་ནས་ཐོན་ཏེ་ཆུ་ཚོད་གཅིག་ཙམ་སོང་རྗེས་སྦྲག་སྐྱེལ་རླངས་འཁོར་གཞི་ནས་བབས་ཚུགས་དང་པོ་སྟེ། ཁུ་ནུ་རི་བོའི་ལྷོ་རིའི་སྣུམ་སྣོན་ས་ཚིགས་སུ་འབྱོར།
ཀེ་ཅུན་གྱིས“སྦྲག་ལམ་ཤར་གཏོང་བྱས་ནས་ད་བར་ལམ་རྒྱུད་དུ་སྦྲག་ཐོག་བསྐུར་མ་ཇེ་མང་དུ་ཕྱིན་པས་རླངས་འཁོར་ཡང་ཆེ་རུ་བཏང་སྟེ་ཕི་ཁཱ་རླངས་འཁོར་ནས་ཟོག་སྒྲོམ་རླངས་འཁོར་ལ་བརྗེས་ཡོད། ད་ལྟ་གཏོང་བཞིན་པ་ནི་རླངས་འཁོར་ལྔ་པ་དེ་རེད”ཅེས་བཤད།
མུ་ཏིག་ཚ་ཆུ་ཁ་དང་། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས། སྨུག་སའི་སོག་ལམ་སོགས་ས་བབ་ཇེ་མཐོར་ཕྱིན་པ་དང་སྦྲགས་དྲོད་ཚད་ཀྱང་རིམ་བཞིན་ཆག ས་ཚིགས་རེར་སླེབས་རིམ་བཞིན་སྦྲག་ཐོག་བསྐུར་མའི་དོ་པོ་འབེབས་དགོས་ཀྱི་ཡོད་པས་འཁོར་སྒྲོམ་ནང་དྲོད་ཕྲན་བུ་སླེབས་པ་དེའང་སྒོ་ཕྱེ་མ་ཐག་ཚང་མ་ཤོར་གྱི་ཡོད།
རླངས་འཁོར་མདུན་ཕྱོགས་སུ་སྐྱོད་བཞིན་དུ་མུ་ནས་མུ་སྦྲེལ་བའི་མཚོ་བོད་གཞུང་ལམ་ཡང་འཁྲུག་ཆེ་རུ་སོང་ཞིང་། ལྡང་མ་ལྡིང་དུ་འགུལ་བའི་རྣམ་པ་དེ་ནི་གྲུ་གཟིངས་ནང་བསྡད་པ་དང་གཉིས་སུ་མ་མཆིས། “འདི་ནི་ས་མཐོའི་འཁྱགས་སའི་ཁུལ་ཡིན་པས། དབྱར་ཁ་འཁྱག་ས་བཞུར་བ་དང་དགུན་ཁ་འཁྱག་པ་ཐེབས་པས་ལམ་ཁ་ཡང་མཚོ་རླབས་བཞིན་དུ་གྱུར་ནས་བདེ་པོ་མེད” “ལམ་སྙོམས་པོ་མེད་པས། ཉེན་ཁ་ཆེན་པོ་ཡོད། ང་ཐོན་ཐེངས་དང་པོ་དེར་ལས་འཛོལ་ཐོན་བྱུང”ཞེས་ཀེ་ཅུན་གྱིས་ཁ་ལོ་སྒྱུར་ཆས་དམ་པོར་བཟུང་སྟེ་བཤད།
2010ལོའི་ཟླ་9པར་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ཕྱི་ལ་སྐྱོད་ཐེངས་དང་པོ་ཡིན་པའི་ཀེ་ཅུན་ལ་ཆུ་རུད་ཐོན་པ་དང་ཏག་ཏག་འཁེལ་ནས་རླངས་འཁོར་འདམ་རྫབ་ནང་ལུས། ཐབས་ཤེས་གཏན་ནས་མེད་པས་ཁོང་གིས་རྐང་ཐང་མར་རོགས་པ་འཚོལ་བར་བསྐྱོད་ཅིང་། འབྲོག་པ་བཅུ་གྲངས་ཀྱི་རོགས་རམ་འོག་སྦྲག་སྐྱེལ་རླངས་འཁོར་གཞི་ནས་འདམ་ནས་འདོན་ཐུབ་ཙམ་བྱུང་ཡོད། རླངས་འཁོར་འདོན་ཐུབ་ཀྱང་ཨིན་ཇི་འཕྲོ་བརླག་ཕྱིན་པས། གོར་མོ་ནས་གདང་ལའི་བར་གྱི་སྦྲག་ལམ་སྟེང་བསྐྱོད་ཐེངས་ཐོག་མ་དེ་མཚམས་བཞག་ནས་ཕྱིར་མ་ལོག་ཀ་མེད་དུ་གྱུར། “ཁྱིམ་དུ་ལོག་རྗེས་ནང་མིས་ཀྱང་ང་ལ་སྦྲག་སྐྱེལ་རླངས་འཁོར་གཏོང་བར་མ་འགྲོ ང་ཚོ་སེམས་ཁྲལ་ལངས་ཀྱི་འདུག་ཅེས་ཁ་ཏ་བྱེད་མྱོང”“འོན་ཀྱང་འབྲོག་པ་མང་ཚོགས་ཀྱིས་ང་ལ་རོགས་པ་བྱས་པ་དང་ཁོང་ཚོས་སྦྲག་ཐོག་བསྐུར་མ་ལེན་སྐབས་ཀྱི་མིག་ཟུང་དེ་མཐོང་སྐབས་ངའི་བསམ་པར་ལས་ཀ་དེ་ནི་རྒྱུན་འཁྱོངས་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་འདུག”ཅེས་ཀེ་ཅུན་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
ལོ་གཅིག་རྗེས་ཀྱི་དགུན་ཁར་ས་བབ་མཐོ་ཚད་སྨི་4415ཟིན་པའི་སྨུག་སའི་སོག་ལམ་དུ་གྲང་ངར་ཤིན་ཏུ་ཆེ་ཞིང་། སོག་རིགས་ཀྱི་ཨ་མ་བཀྲ་ཡེའི་ལོ་གཅིག་ལ་སོན་པའི་ཕྲུ་གུར་གློ་བུར་དུ་ཆམ་པ་ཕོག་སྟེ་ཚ་བ་མ་འཇགས་པར་དྲན་པ་ཐོར་བས། བཀྲ་ཡེ་སེམས་ཁྲལ་ཆེན་པོ་སྐྱེས་ཏེ་གྲང་རླུང་ཁྲོད་ཉིན་གཅིག་རླངས་འཁོར་སྒུག་ཀྱང་མ་རག་པས་རྗེས་སུ་མི་གཞན་བརྒྱུད་ནས་ཀེ་ཅུན་ལ་འབྲེལ་བ་བྱས། ཁོང་གིས་མཚན་མོ་དེ་རང་དུ་གདང་ལ་གྲོང་རྡལ་དུ་བསྐྱོད་ནས་ཕྲུ་གུ་གོར་མོ་གྲོང་ཁྱེར་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་བས་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་ཡོད།
ད་ལྟའང་གངས་ཆེན་པོ་བབས་པའི་མཚན་མོ་དེ་དྲན་སྐབས་ཀེ་ཅུན་ལ་སྔར་བཞིན་སྐྱི་གཡའ་བའི་ཚོར་སྣང་ཞིག་ཡོང་གི་ཡོད། “དུས་རྒྱུན་གནམ་གཤིས་ཡག་པོ་ཡོད་དུས་ཀྱང་ཉེན་ཁ་ཡོད་པས། གངས་ཆེན་པོ་འབབ་སྐབས་དེ་བས་ཀྱང་སྨྲོས་མེད་རེད། འོན་ཀྱང་མི་མ་སྐྱོབ་པར་བཞག་ན་ག་ལ་འགྲིག”“ལོ་10ལྷག་ཙམ་རིང་ཁོང་ཚོས་ང་ལ་རོགས་རམ་བྱེད་མྱོང་ཡོད་ལ་ངས་ཀྱང་ཚང་མར་ཞབས་འདེགས་ཞུ་མྱོང་ཡོད། ང་ཚོ་ཚང་མ་ཕར་རོགས་ཚུར་རོགས་བྱས་ནས་ཡོང་བ་ཤ་སྟག་རེད”ཅེས་ཀེ་ཅུན་གྱིས་བཤད།
“ལས་ཀ་དེ་བདམས་པས་ངས་མཐའ་འཁྱོལ་བ་ཞིག་བྱེད་ཀྱི་ཡིན”
ས་རུབ་ལ་ཁད་དུ་ཆུ་ཚོད་11རིང་སྤྱི་ལེ་419ཡི་ལམ་ཐག་རིང་པོ་བསྐྱོད་རྗེས་སྦྲག་སྐྱེལ་རླངས་འཁོར་ཐོག་ཐོན་གཙང་པོའི་ཟམ་ཆེན་བསྒྲལ་ནས་སྦྲག་ལམ་གྱི་མཐའ་སྣེ་ཡིན་པའི་གདང་ལ་གྲོང་རྡལ་དུ་འབྱོར།
མུན་རིམ་བཞིན་རུབ་པས། གྲོང་རྡལ་གྱི་ལས་དོན་མི་སྣ་སྔ་ས་ནས་ལས་ཐག་བཅད་ཟིན། རྩིས་སྤྲོད་རྩིས་ལེན་ས་ཚིགས་སུ་སླེབས་རིམ་བཞིན་ཀེ་ཅུན་གྱིས་སྦྲག་ཐོག་བསྐུར་མ་རྣམས་གྲལ་འགྲིག་པོས་སྒོ་ཁར་འཇོག་གི་ཡོད་པ་དང་། ཅ་ལག་ཚང་མ་ཕབ་ཚར་རྗེས་མུན་ཡང་རྦད་དེ་རུབ་ཀྱི་ཡོད།
དེ་དུས་ཉིན་གང་བྲེལ་བརྩོན་དབང་དུ་སོང་བའི་ཀེ་ཅུན་ལ་གཞི་ནས་ངལ་གསོ་བའི་ཁོམ་པ་རག་གི་ཡོད། གདང་ལ་གྲོང་རྡལ་ནི་མཚོ་བོད་གཞུང་ལམ་གྱི་མཚོ་སྔོན་ས་ཁོངས་ཀྱི་བབས་ཚུགས་མཐའ་མ་དེ་ཡིན་ཞིང་། དེར་སྣུམ་སྣོན་ས་ཚིགས་དང་། གསོལ་མགྲོན་ཁང་། སྒོ་རྩིས་ཚོང་ཁང་། རླངས་འཁོར་ཉམས་བཟོ་ཁང་། སྣེ་ལེན་ཁང་སོགས་ཡོད་པས་མི་འབོར་ཅུང་མང་བ་དང་དངོས་ཟོག་གི་དགོས་མཁོ་ཡང་དེ་བས་ཆེ་བ་ཡོད།
མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དང་གདང་ལ་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཀྱི་ངོས་ནས་བརྗོད་ན་སྦྲག་ལམ་ནི་དངོས་རྫས་མཁོ་སྤྲོད་ཀྱི་ལམ་བུ་ཡིན་ལ། ཕྱི་རོལ་དང་འབྲེལ་མཐུད་བྱེད་པའི་ཆ་འཕྲིན་གྱི་ལམ་བུ་དེ་བས་ཀྱང་རེད།
“2012ལོའི་དབྱར་ཁའི་ས་སྲོད་ཅིག་ལ་ངས་མྱུར་སྐྱེལ་སྦྲག་ཐོག་བསྐུར་མ་བོད་རིགས་བུ་མོ་བག་བྲོའི་ལག་ཏུ་སྤྲོད་སྐབས་ཁོང་གི་མཆི་ཞག་འཁོར་བའི་མིག་ཟུང་དེ་ནམ་ཡང་བརྗེད་མི་སྲིད”ཅེས་ཀེ་ཅུན་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད། བག་བྲོ་ནི་གདང་ལ་གྲོང་རྡལ་རལ་གྲི་གྲོང་ཚོ་ནས་ཡིན་པ་དང་། སྤྱང་གྲུང་འཛོམས་ཤིང་ཚོང་འཇོན་པའི་ཁོ་མོས་ལོ་བཅུའི་གོང་ནས་རང་ཁྱིམ་གྱི་སྒོ་རའི་ནང་དམངས་སྲོལ་གནས་ཚང་ཞིག་བརྒྱབ། ཐེངས་ཤིག་ཀོང་ཏུང་ནས་ཡོང་བའི་པར་ལེན་མཁས་ཅན་ཞིག་ཁོང་གི་ཁྱིམ་དུ་བསྡད་མྱོང་། ཀེ་ཅུན་གྱིས་བསྐྱལ་བའི་མྱུར་སྐྱེལ་སྦྲག་ཐོག་བསྐུར་མ་དེ་ནི་ཏག་ཏག་པར་ལེན་མཁས་ཅན་དེས་བག་བྲོར་བརྒྱབ་པའི་པར་རེད། “པར་འདི་དག་ཁོ་མོའི་ངོས་ནས་བརྗོད་ན་ཧ་ཅང་རྩ་ཆེན་པོ་རེད”ཀེ་ཅུན་གྱི་ངོས་ནས་བརྗོད་ནའང་ཧ་ཅང་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་པར་སྙམ།
“ཉེ་དུས་ངའི་གཟུགས་པོའི་གནས་ཚུལ་རྐྱེན་གྱིས་མང་གཟའ་གྲོང་ཁྱེར་དུ་སྦྲག་སྐྱེལ་བྱེད་པར་འགྲོ་རྩིས་ཡོད། འོན་ཀྱང་གལ་ཏེ་སྦྲག་ལམ་འདིའི་ཐོག་གི་ཁ་ལོ་བར་སྐབས་འཕྲལ་ལས་ཀ་ཡོད་ཚེ་ངས་སྔར་བཞིན་ཁོང་ཚོའི་ཚབ་ཏུ་སྐྱོད་ཆོག”“ལས་ཀ་དེ་བདམས་པས་ངས་མཐའ་འཁྱོལ་བ་ཞིག་བྱེད་ཀྱི་ཡིན”ཞེས་གདང་ལ་གྲོང་རྡལ་གྱི་དབེན་ཞིང་འཇམ་ལ་གྲང་ངད་ཆེ་བའི་མཚན་མོར་ཀེ་ཅུན་གྱིས་སྐར་ཚོགས་ལ་ལྟ་བཞིན་དུ་དེ་ལྟར་བཤད།
འདི་ནི་ཀེ་ཅུན(གཡོན)གྱིས་མང་ཚོགས་ལ་མྱུར་སྐྱེལ་སྦྲག་ཐོག་བསྐུར་མ་སྤྲོད་བཞིན་པ།