གཅིག
གལ་སྲིད། རང་གི་འདོད་པ་བཞིན་ཡོང་ཐབས་མེད་ན། དལ་འབྱོར་ཚང་བ་ཞེས་པའི་མི་ལུས་འདིས་ཅི་ཞིག་བྱ། དུས་ད་ལྟ་འདི་ལ། ངས་འུ་གཉིས་ཆལ་ཆིལ་བཞུར་བའི་གཙང་བོ་ཞིག་ཡིན་ན་སྙམ། གཅོང་རོང་ལ་འབབ་ན། བྲག་འཕྲང་ལ་བརྡབས་ན། མཐའ་མར་མུ་མཐའ་བྲལ་བའི་རྒྱ་མཚོར་འདྲེས་ན། ཡང་ན་ཙད་ཀྱིས་སྐམ་ནས་ཆེས་མཐའ་མཇུག་གི་ཆུ་ཐིགས་ཤིག་ཏུ་གྱུར་ན། ངས་དེ་ལ་ཁ་ཡ་བྱེད་གི་མིན། རྒྱུ་མཚན་ནི་ང་ཁྱོད་དང་མཉམ་དུ་ཡོད། སྙིང་ཉེ། ང་ཁྱོད་དང་མཉམ་དུ་ཡོད། ངའི་རེ་འདོད་འདི་ཅི་ཙམ་དྲག་པ། ཁྱོད་ཀྱིས་ཁྱོན་ནས་ཤེས་མི་སྲིད།
ངས་ཅ་ལག་དག་སྒྲུག་ཉར་བྱེད་སྐབས། འབྲི་དེབ་རྙིང་བ་ཞིག་གི་བར་དུ་སྔོན་ཆད་སྔོན་ཆད་ཅིག་ལ་བྲིས་པའི་གོང་གི་འཕྲིན་པ་འདི་རྙེད། དགོད་བྲོ་བ་ལ། དེ་དུས་ཇི་ལྟར་བསམ་པ་ཡིན་ནམ།
གཉིས།
ཁྱོད་ཀྱིས་དུས་ཚོད་མང་པོ་བཏང་། སེམས་ཤུགས་མང་པོ་བརླགས། མཐར་མི་གཞན་ཞིག་དང་དགའ་རོགས་ཀྱི་འབྲེལ་བ་ཡིན་པར་གཏན་ཁེལ། ཁྱོད་ཀྱང་ཡིད་ཚིམས། འོན་ཀྱང་ཉིན་ཞིག སྟེས་དབང་ཞིག་གིས་ཁྱོད་མི་གཞན་ཞིག་ལ་འཕྲད། མི་དེའི་གཟུགས་བྱད། སྤྱོད་ལམ། སྐད་གདངས། རྣམ་འགྱུར་ཆ་ཚང་བློར་བབས། སེམས་ཀྱི་གཏིང་ནས་འདི་ནི་ད་གཟོད་ངའི་དགའ་རོགས་སྐྱོ་རོགས་དེ་རེད། འདི་ནི་ད་གཟོད་ངའི་ཚེ་རོགས་སྐྱ་ཡ་ཡིན་འོས་དྲན། དེ་དུས་ཁྱོད་ཀྱིས་ཅི་ཞིག་བྱ་སྲིད།
ཁྱོད་གཉེན་བསྒྲིགས་ཡོད་ནའང་འདྲ། རྙོག་ཅིང་འཛིང་བའི་གོ་རིམ་འགྲོ་རིམ་ཆ་ཚང་རྫོགས། འཇིག་རྟེན་ལྷ་མི་གཉིས་ནས་དཔང་པོ་བྱས། ཁྲིམས་ཀྱིས་དཔང་ཡིག་བྲིས། ཡོད་ཚད་ས་ས་རྡོ་རྡོ་རུ་ཐག་ཆད། ཉིན་ཞིག ད་གཟོད་མིག་དབང་དང་བྱང་ཁོག་འཕྲོགས་འགྲོ་བ་ཞིག་ལ་ཕྲད་ཚེ། ཁྱོད་ཀྱིས་ཅི་ཞིག་བྱ་སྲིད།
སྟབས་ཉེས་ཟེར་དགོས་རེད་དམ་ག་རེ་ཟེར་དགོས་པ་རེད། ང་རང་གཉེན་བསྒྲིགས་ནས་ལོ་བཅོ་ལྔ་འགོར། གོང་གི་དོན་འདི་གཉིས་ཀར་སྔ་ཕྱིར་འཕྲད།
གསུམ།
དེ་ནི་ཉི་འོད་ངུར་སེར་སྡུག་གུར་འཕྲོ་བའི་ས་སྲོད་ཅིག་ལ་སྟེ། གསེར་ཚོན་བསྲེས་པ་ལྟ་བུའི་ཉི་འོད་དེ་སྦྲའི་ཁ་ཚུབ་ལས་གཡས་ཀྱི་སྦྲ་ངོས་སུ་འཕྲོས། ང་རང་ཏག་ཏག་སྦྲ་དེའི་ནང་དུ་ཡོད། ངས་ཆོན་བར་ནས་ཕྱི་ལ་བལྟས་པར། སྦྲ་ཕྱིའི་མི་རིང་བའི་སར་བུ་མོ་གཉིས་ཀྱིས་སྤང་ཐོག་ཏུ་ལས་ཀ་ཞིག་བྱེད་ཀྱི་འདུག ལས་ཀ་དེ་ཅི་ཡིན་མི་གསལ་མོད། ངས་གཡས་ཀྱི་བུ་མོ་བྱུ་རུའི་རྣ་ཏོག་ཅན་དེ་ལ་དོ་སྣང་བྱུང་། དེས་ཀྱང་སྟབས་ཁེལ་ནས་ཆོན་བར་གྱི་ང་ལ་དོ་སྣང་བྱུང་། ངེད་གཉིས་ཀྱི་མིག་ཟུང་ཐོག་དང་པོར་ཕྲད། ཡིད་སེམས་གཡོ་བ་ཞིག་བྱུང་། ཚོར་བ་དེ་རྒྱུས་ཡོད་རྒྱུས་ཡོད་ཅིག་རེད་མོད། ངས་བརྩེ་དུངས་ཀྱི་སྦྲང་རྩི་མྱངས་ཚར་ནས་ད་ནི་ལོ་མང་པོ་ཕྱིན་པས་སྦྲང་རྩིའི་བྲོ་བ་ཧ་ལམ་གཏིང་བརྗེད་དུ་གྱུར་འདུག
ཐེངས་གཉིས་པར་ཕྲད་དུས། ངོ་ཤེས་པའི་སྣང་བ་ཞིག་སྐྱེ། བསམ་བློ་བཏང་བར་ངོ་ནི་ཤེས་ཀྱི་མི་འདུག ངས་གང་ཞིག་ནས་མཐོང་མྱོང་བ་ཡིན་ནམ། གཉེན་སྟོན་ཞིག་གི་སྟེང་ཡིན་ནམ། འདུ་འཛོམས་ཤིག་གི་སྐབས་ཡིན་ནམ། ཚོང་ར་ཞིག་གི་ནང་ཡིན་ནམ། ཧ་ལམ་མིན་པ་འདྲ།
ཐེངས་གསུམ་པར་ཕྲད་དུས། ལས་དབང་གི་མདུད་པ་ཞིག་ངེད་གཉིས་ཀྱི་བར་དུ་ཐེབས་ཡོད་པའི་གདེང་རྙེད། མདུད་པ་དེ་ཆེ་ན་ཆུང་ན། ཞིབ་ན་རྩིང་ན། གང་ལྟར་མདུད་པ་ཞིག་ཡོད་ཐག་ཆོད། མོའི་མིག་མདངས་ལས་མོས་ཀྱང་མདུད་པ་དེ་མཐོང་འདུག་པའི་ངེས་ཤེས་བྱུང་། ངའི་ཡིད་ཀྱི་རྟ་ཕོས་ཆུ་འཐུང་མགོ་བོ་དགྱེས། འགྲེ་ལྡོག་ལན་གསུམ་བྱས། འཚེར་འཚེར་ལན་གསུམ་བྱས། ཀྱེ་མ་ལས་དབང་། ཀྱེ་མ་ཐོད་པའི་ཁ་ཡིག་སྙམ་པ་ཞིག་ང་ལ་བྱུང་།
ང་མོའི་སར་ཕར་འགྲོ་རྩིས་བྱས། ལག་གཡོན་པས་སྟེང་དུ་པ་ཏྲའི་རི་མོ་གཙགས་ཡོད་པའི་སྦྲའི་སྒོ་ཡོལ་དེ་ཡར་བཀྱགས་མ་ཐག་མོ་རང་མཐོང་བྱུང་། མོ་བུ་མོ་དེར་འགྲོགས་ནས་སྦྲ་ནང་དུ་ཡོང་གི་འདུག མོ་ནི་ཧ་ལམ་ལོ་ཉི་ཤུ་ཡས་མས་ཀྱི་ཚད་ཙམ་དུ་སྣང་ཞིང་། ཆ་ག་ཅན་གྱི་མིག་གཉིས་ཆེ་ཆུང་རན་ལ་ཤིན་ཏུ་གསལ། ཆུ་མིག་ལ་བལྟས་པ་དང་འདྲ། ཆུ་གཏིང་གི་ལྡེའུ་ཡང་ཁྲ་ལམ་མེར་མཐོང་། སྣ་མཐོ་དམའ་རན། མཆུ་འདབ་མཐུག་སྲབ་ཐིག ནེམ་ཤ་དོད། མོའི་མཛེས་པ་ནི་མཐོང་མ་ཐག་ངོ་མཚར་བའི་རིགས་དེ་མིན་པར། ཡུན་གྱིས་གཞི་ནས་ཚོར་ངེས་པ་དང་ཚོར་རྗེས་ཡང་ཡང་ཞེ་ལ་འཆར་བའི་རིགས་དེ་རེད། མོས་མཛུམ་ཤོར་ཙམ་བྱས་རྗེས་ངའི་གམ་བརྒྱུད་སྦྲ་ནང་དུ་འཛུལ། འཛུམ་དེ་ངའི་སེམས་ལ་རྦབ་ཆུ་བཞིན་ལྷུང་ལྷུང་བབས། ཕར་ཇེ་ཉེར་བཏང་ན་ཚུར་ཡང་ཇེ་ཉེར་གཏང་ངེས་པའི་གདེང་ཞིག་ཅུང་ཟད་རྙེད།
མ་གཞི་ང་སྒོ་ལ་འགྲོ་རྩིས་ཡིན་མོད། ད་ནི་འགྲོ་དོན་ག་ལ་ཡོད། འོན་ཀྱང་དེ་ལྟར་སླར་ལྡོག་ན་ནི་དོགས་མི་བདེ། ང་སྒོར་བུད་ནས་ས་ལྟ་ཡུལ་ལྟ་བྱས། འོན་ཀྱང་ངའི་མིག་ལམ་དུ་སྤང་ཐང་དང་། ན་གཤོང་དང་། རྒྱང་རིང་གི་མིང་མི་ཐོགས་པའི་རི་བོ་དང་། རི་རྩེར་ཕོག་པའི་སྲོད་ཀྱི་ཉི་འོད་ལ་སོགས་པའི་མ་གཞི་འཆར་འོས་པ་དག་གཅིག་ཀྱང་མ་ཤར། ངས་གཅིག་ཀྱང་མ་མཐོང་། ངའི་མིག་ལམ་དུ་ལང་ཚོའི་རྦབ་ཆུ་ཞིག་ཤམ་ཤམ་ཤག་ཤག་བབས། ཡིད་ཀྱི་རྟ་ཕོ་རྦབ་ཆུའི་འོག་རོལ་དུ་སོང་ནས་ལུས་པོ་བརླན། ཆུ་ཡི་སིལ་མ་ཁྲི་སྟོང་། སིལ་མ་རེ་རེ་རྟ་ཕོ་རྐྱང་རྐྱང་དེའི་ལུས་ཀྱི་བ་སྤུའི་རྩ་བར་བབས་ཤིང་། རྩ་བར་འཇུས་ནས་སྐེད་དང་དེ་ནས་རྩེ་མོའི་བར་ཤུད་དེ་རྒྱང་ལ་མཆོང་།
ང་སླར་སྦྲ་ནང་དུ་སོང་། བུ་མོས་བང་ཁ་ལས་ཐབ་ལ་ཨོང་བ་དེད། མིག་གི་ཟུར་ལས་ང་མཐོང་མོད་ང་ལ་བལྟས་མ་བྱུང་། ཕོ་ཁྱིམ་ཡར་སྒྱེད་དུ་བཏིང་བའི་ས་གདན་སྨུག་ཁྲ་དེ་ནི་གསར་དུ་ང་ལ་བཏིང་བ་ཐག་ཆོད། དེ་སྔ་དེར་མི་འདུག ང་དགའ་ཐག་ཆོད་ནས་གཡས་རྒྱབ་ཏུ་ཡོད་པའི་ཕུ་རུང་གཡས་པ་པང་དུ་ལེན་ཞོར་དེར་དཀྱིལ་དྲུང་དུ་ཙོག ཕྱུ་པའི་ཕུ་རུང་གཡོན་པའང་ཕུད། བུ་མོས་ལག་པ་ཟུང་གིས་ཇ་དཀར་པོ་དཀར་ཡོལ་གང་ངའི་ལག་ལ་གཏད། དཀར་ཡོལ་དེའི་འགྲམ་པར་མདོག་སྔོན་པོ་ཡིན་པའི་དགའ་འཁྱིལ་གྱི་རི་མོ་གཉིས་སྣ་སྦྲེལ་དུ་འདུག་ཅིང་། དཀར་ཡོལ་ལས་འོ་ཇ་ཚ་བོའི་རླངས་པ་ཐོལ་བུར་ལྡང་། ངས་མོའི་ལག་པ་ཚ་བར་དོགས་ནས་མྱུར་ཏུ་མོའི་ལག་ནས་བླངས། མོའི་ལག་པར་དཀར་དམར་གྱི་མདངས་རྒྱས། མཛུབ་མོ་ཕྲ་ལ་རིང་། སེན་ངོས་སུ་འོད་ཆགས། མོ་ཕར་འཁོར་ནས་འགྲོ་སྐབས། ངས་མོའི་སྐེ་རགས་གློ་དམར་དེ་ལ་དོ་སྣང་བྱུང་། དེ་ཡང་མོའི་བོད་ལྭའི་སྟེང་དེར་ཅི་བས་འཕྲོད།
ངས་ཕུ་ཞིག་བཏབ་ཏེ་འོ་ཇ་ཁམ་གང་དལ་བུར་བཏུང་། ཐབ་ཀ་ལས་མེ་དཔུང་ལྷོད་ལ་དམར་བ་ལྷབ་ལྷུབ་འབར། མེ་འོད་སྦྲ་ངོས་དང་ངའི་ངོ་གདོང་དུ་འཕྲོས། དེ་དུས་གཞི་ནས་ས་རུབ་འདུག་པ་ཤེས། ད་ནི་གནས་ཚང་གཡར་བ་ལས་འོས་མི་འདུག ངས་ཅི་ཞིག་བཤད་དགོས་དྲན་མོད་ཅི་ཞིག་བཤད་རྒྱུ་མ་ཤེས། སླར་ཡང་ཇ་ཁམ་གང་བཏུང་བར། ཇ་དེའི་བྲོ་བས་ང་རང་སྔོན་ཆད་སྔོན་ཆད་ཅིག་ལ་ཨ་ཕས་ང་ཁྲིད་ནས་གནས་སྐོར་ཞིག་ལ་ཕྱིན་པར་གནས་ཁང་དེར་བཞུགས་པའི་གཉེར་བས་འོ་ཇ་བསྐོལ་ནས་ངེད་གཉིས་ལ་དྲངས་པ་དེའང་ཝལ་ཝལ་དྲན་དུ་བཅུག དེ་དུས་ལམ་ཐག་རིང་དྲགས་ནས་ཐང་ཆད་པས་མིན་འགྲོ ཚེ་ཐོག་དེར་ཇ་དེ་འདྲའི་ཞིམ་པོ་ཞིག་འཐུང་མྱོང་མེད་པ་དྲན་མྱོང་།
“ཇ་འདི་ཇི་འདྲའི་ཞིམ་པ་ལ།” ངའི་ངག་ལས་དེ་ལྟར་ཤོར། མོས་ཅི་ཡང་མི་ཟེར་བར་ཇ་དེམ་ཁྱེར་ཡོང་བ་ལ། ངས་ཀྱང་མྱུར་བར་ལག་གཉིས་ཀྱིས་ཕྱེད་སྟོད་ཙམ་བཏུང་ཟིན་པའི་དཀར་ཡོལ་ཕར་བཟེད། མོས་དེའི་ནང་དུ་ཇ་ཉུང་ཙམ་བླུགས་རྗེས་ཕར་མོ་ཁྱིམ་དུ་སོང་། ཐབ་མེའི་འོད་ངོགས་ནས་མོས་དཀར་ཡོལ་ནས་འབྲུ་མ་ཆུང་ངུ་ཞིག་ལག་གཉིས་ཀྱིས་ཡར་བཏེགས་ཏེ་ཇ་ཁམ་གང་བཏུང་བ་ངས་གསལ་བོར་མཐོང་།
ངེད་གཉིས་སྨྲ་བ་མེད་པར་བསྡད། སྦྲ་ནང་ཆེས་ཤིན་ཏུ་ལྷིང་ཞིང་འཇགས། འོན་ཀྱང་ལྷིང་འཇགས་དེ་ནི་དོགས་མི་བདེ་བ། ཅི་བྱེད་དགོས་མི་ཤེས་པའི་རིགས་དེ་མ་རེད། དེ་ནི་ཕན་ཚུན་གྱི་བློ་ཤེས་པའི་གྲོགས་པོ་རྙིང་བ་གཉིས། ཡང་ན་སེམས་འདྲིས་ལུས་འདྲིས་སུ་སོང་བའི་དགའ་རོགས་ཟུང་ཞིག་ལྷན་དུ་ཡོད་སྐབས་ཀྱི་མཉམ་མི་འཇོག་པའི་ཆེས་སྤྱིར་བཏང་གི་ལྷིང་འཇགས་གི་དུས་སྐབས་ཕྲ་མོ་དེའི་རིགས་རེད། སྙན་ངག་ལྟ་བུའི་ལྷོད་ཡངས་ཀྱི་ལྷིང་འཇགས་དེའི་རིགས།
ང་རང་མ་ཉལ་སྔོན་དུ་ངས་གསལ་ལེར་དྲན་པ་ནི། སྒྱེད་པུ་སུམ་ཚུགས་དེའི་དབུས་སུ་མེ་ལྕེ་དམར་པོ་ལྷབ་ལྷུབ་ལྷོད་ཀྱིས་འཕྱོ།
དེ་ནས་ངའི་སྣང་བ་སད་དུས། ང་གཡོན་གྱི་ཕོ་ཁྱིམ་སར་ཉལ་འདུག་ཅིང་། སྔས་མགོའི་སྟོད་ཕྱོགས་སུ་ཡོད་པའི་མཆོད་ཁྲིའི་སྟེང་དུ་མར་མེ་རྐང་གཅིག་བསྒྲོན་ཡོད་པ་གསལ་བོར་མཐོང་། ཐབ་མེ་ད་དུང་འཕྱོ་ཙམ་འཕྱོ་ཙམ་བྱེད། མོ་གང་དུ་ཡོད་དམ། ངས་ཁོག་སྟོད་ཡར་དགྱེ་ནས་བལྟས། ཐབ་ཀའི་གཡས་འགྲམ་གྱི་མོ་ཁྱིམ་སར་མི་ཞིག་ཉལ་འདུག དེ་མོ་ཡིན་ནམ། ངས་འཕྱོ་ཙམ་འཕྱོ་ཙམ་གྱི་ཐབ་མེའི་འོག་ཏུ་མོ་ཡིན་མིན་གྱི་དན་རྟགས་ཅི་ཐུབ་ཀྱིས་བཙལ་བར། མི་དེའི་སྔས་མགོར་སྐེ་རགས་གློ་དམར་ཞིག་འདུག་པ་མཐོང་། ངའི་གདོང་དང་ལུས་པོར་འཛུམ་དྲུག་ཁོངས་ནས་རྒྱས། ང་མོའི་སར་སོང་། མོའི་རུམ་དུ་འཛུལ། གོམས་ལོབས་སུ་སོང་བའི་ཞི་ལ་ཞིག་ལྟར། མོ་ཕར་འཁོར་འདུག ང་མོ་ལ་འཁྱུད། ཁེམ་བུ་ཞིག་གི་རྒྱབ་ལ་ཁེམ་བུ་ཞིག་བསྙེས་པ་ལྟར། མོའི་རྣ་རྒྱབ་དང་སྐྲ་གསེང་དུ་ངོས་མི་ཟིན་པའི་མེ་ཏོག་ཅིག་གི་དྲི་མ་འདུག ཅུང་ཟད་ནས་སུས་ཀྱང་དྲན་ཐུབ་པ་བཞིན། ངེད་གཉིས་ཀྱི་ལུས་ཀྱི་ས་གཞི་གཅིག་ཏུ་གྱུར། དབུགས་ཀྱི་རླུང་བུ་མཉམ་དུ་བསྲེས། རེད་འདུག སྤང་རྒྱན་མེ་ཏོག་རེད་འདུག མོའི་ལུས་སྟེང་ན་སྤང་རྒྱན་མེ་ཏོག་གི་དྲི། མེ་ཏོག་གི་དྲི་ཁོ་ན་ཡང་མིན་པ། དབྱར་དུས་གསར་དུ་བཞོས་མ་ཐག་པའི་འོ་དྲི། འོ་དྲི་ཁོ་ན་ཡང་མིན་པ། དེ་གཉིས་ཡོངས་སུ་འདྲེས་པ་ཞིག་ཡོད་ལ་མེད་པའི་ཚུལ་དུ་འདུག་ཅིང་། ལུས་པོའི་འདེགས་འཇོག་དང་ཡན་ལག་ཅུང་ཟད་འགུལ་བའི་བར་ནས་ཆད་མ་མཐུད་དུ་ངའི་སྣ་སྒོར་འཐུལ་ཡོང་། དྲི་མ་དེས་ངའི་སྣང་བ་ཟ་ཟི་རུ་བཏང་། དགོས་འདོད་ཀྱི་མེ་ལྕེ་མཉམ་དུ་འབར། ཚོར་ཤེས་ཀྱི་ཆུ་བོ་ལྷན་དུ་གདུས།
སྐབས་དེར་འཁྱགས་རླུང་ཤུར་མོ་ཞིག་ལྡང་། ཆར་བ་འབབ་བཞིན་པའི་ཤག་ཤག་གི་སྒྲ་ཞིག་ཀྱང་རྣ་ལམ་དུ་མཆེད། ངས་མགོ་ཅུང་ཟད་དགྱེ་ནས་རླུང་བུ་ལྡང་ཕྱོགས་སུ་བལྟས་པར་སྒེའུ་ཁུང་བརྒྱབ་མི་འདུག་པ་མཐོང་ལ། ཉལ་ལྭ་སྨུག་ནག་གྱོན་པའི་ཆུང་མ་ངའི་གམ་དུ་ཕར་འཁོར་ནས་གཉིད་འདུག ཨ་ཁ། མ་གཞི་རྨི་ལམ་ཞིག་རྨིས་འདུག
མོ་སུ་ཡིན་ནམ། ངས་དེ་འདྲ་ཞིག་རྨི་དོན་ཅི་ཡིན་ནམ། ངས་དེ་ལྟར་སྙམ་ཞོར་ཅི་ཐུབ་སྒྲ་མེད་པར་བྱས་ནས་ཡར་ལངས་ཏེ་སྒེའུ་ཁུང་གཏན། ལར་རྨི་ལམ་ཞིག་ཡིན་པ་དྲག་འདུག སླར་ཉལ་ཐུལ་དུ་འཛུལ་བ་དང་ཆུང་མའི་ཁོག་སྟོད་དུ་ཉལ་ཐུལ་འདེད་ཙམ་བྱས། མོ་རང་ཡང་གཉིད་ལས་སད་ལ་ཁད་དུ་འདུག ཁ་ཚུར་འཁོར་ཞིང་མིག་གཉིས་ཟམ་ཟུམ་ངང་ང་ལ་ལྟ་ཙམ་བྱས་རྗེས་མུ་མཐུད་གཉིད་དུ་ཡུར།
ངའི་ཆུང་མ་དང་ངེད་གཉིས་ནི་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ཡིན། དེ་དུས་ངེད་གཉིས་ལོ་ན་བཅོ་བརྒྱད་ལ་སོན་ཙམ་ཡིན། སློབ་ཆེན་ལོ་རིམ་དང་པོ་རྫོགས་རྗེས། རང་ཉིད་གཞི་ནས་ནར་སོན་པའི་སྣང་བ་ཞིག་རྒྱུ་མཚན་མེད་པར་སྐྱེས། འཇིག་རྟེན་ཕོ་མོའི་སྣང་བ་ཟེར་བར་ཡང་ངོས་ཟིན་གསར་བ་རེ་ཐོབ། ལང་ཚོ་སྨིན་ཐག་ཆོད་ནས་རྒྱུགས་མཆོང་འཕེན་གསུམ་སོགས་ཅི་ལའང་སེམས་ཀྱིས་ཕོད་ན་ལུས་ཀྱིས་མི་ནུས་པ་ཞིག་མེད་ཚོད་ཤར། ངའི་ཨ་མྱེས་རྒོད་པོ་སེང་ཆེན། མཱ་ཇག་མང་བོ་གསོད་མྱོང་མཁན། མཱ་ཇག་གི་ཆེས་མཐོའི་དམག་དཔོན་ལ་འགྲམ་ལྕག་སྟེར་མྱོང་མཁན་གང་དེའི་བཤད་ཕྱོགས་ལྟར་བྱས་ན་མགོ་ན་གནམ་མ་གཏོགས་མེད་སྣང་སྐྱེས། འོན་ཀྱང་། མི་ནུས་པ་གཅིག་ནི་མོ་ལ་གདོང་གཏད་མི་ནུས། མོ་ཉེ་འགྲམ་དུ་སླེབས་དུས་ང་ལ་དགའ་བ་དང་འཚུབ་ཆ་རྐྱ་འཐབ་ནས་སྐྱེ་ཞིང་། དེས་ངའི་སྙིང་སྡོད་མི་ཚུགས་པར་ལུ་གུ་ལྟར་རྩེ། སྙིང་བརྩེས་ཚེ་རྐང་བ་གང་ལ་སྤོ་དང་ལག་པ་གང་ལ་འཇོག་འོས་མི་ཤེས་པར་འདུག་ལ། ངའི་གདོང་དང་སྐྲ་ཁེབས་དང་། གྱོན་ཆས་གྱོན་སྟངས་ཐད་ནས་སྐར་མ་འཆོར་བར་སེམས་ཁྲལ་འབྱུང་། དེ་བས་ངས་ཁྱོན་ནས་མི་ནུས་པར་འདུག
མོ་ནི་རང་དང་འཛིན་གྲྭ་གཅིག་པ། སློབ་ཁྲིད་སྐབས་རྟག་པར་མདུན་ནས་མར་བརྩིས་པའི་གྲལ་ཤར་གསུམ་པར་སྡོད་མཁན་ལྷ་མོ་སྒྲོལ་མ་རེད། ང་ཡང་ཐོག་མར་གྲལ་ཤར་དང་པོ་དང་གཉིས་པར་སྡོད་མཁན་ཡིན་མོད། ལྷ་མོ་སྒྲོལ་མར་དོ་སྣང་བྱུང་རྗེས། ང་སློབ་ཁང་གི་ཆེས་རྒྱབ་ཏུ་སྤར། དེ་ཡང་གཡས་ཕྱོགས་ཀྱི་རྒྱབ་དང་ཡང་ན་གཡོན་ཕྱོགས་ཀྱི་རྒྱབ་ཏུ་སྡོད་པ་ལས། དྲང་ཐད་ཀྱི་རྒྱབ་ཏུ་སྡོད་ཀྱི་མེད་དེ། དྲང་ཐད་ཀྱི་རྒྱབ་ནས་བསྡད་ཚེ་ངས་ཟུར་ངོས45°ནས་མོ་ལ་ལྟ་མི་ཐུབ། ཟུར་ངོས45°ནི་ཡུལ་ལྗོངས་ལྟ་བུའི་མོ་ལ་ལྟ་ས་ཆེས་ཡག་ཤོས་དེ་ཡིན། ངས་དགེ་རྒན་དག་གི་སློབ་ཁྲིད་ལས་ཉན་རྒྱུ་ཡོད་དུས་སློབ་ཁྲིད་ལ་ཉན། ཉན་རྒྱུ་ཅང་མེད་དུས་ཡུལ་ལྗོངས་དེ་ལ་བལྟས་སྡོད་ཀྱི་ཡོད། ཡུལ་ལྗོངས་དེར་མེ་ཏོག་གི་འདབ་མ་ཕྱེ། ཕྱེ་ལེབ་ཀྱིས་ལྡིང་སྐོར་རྒྱག ཞོགས་ཉི་དང་པོ་འཆར། སྲོད་སྤྲིན་ངུར་སེར་བཀྲ།
ཡུལ་ལྗོངས་དེའི་དྲིན་ལ་སྐབས་དེའི་སྙན་ངག་སློབ་ཁྲིད་སྐབས་ཀྱི་“དཔུང་པ་འཁྲི་ཤིང་ལག་པ་ནི།། པདྨ་རྐང་པ་ཡལ་འདབ་གཡོ།།”ལྟ་བུ་དང་། “པདྨ་རྣམས་ནི་མི་ཟུམ་ཞིང་།། ནམ་མཁའ་ལ་ཡང་མི་འགྲོ་བ།། ཁྱོད་གདོང་ཟླ་བས་བདག་གི་ནི།། སྲོག་རྣམས་འཕྲོག་པ་ཉིད་དུ་ལྟ།།”ལྟ་བུའི་རྩ་བའི་དཔེར་བརྗོད་དག་དགེ་རྒན་གྱིས་མ་ཁྲིད་གོང་ནས་ངས་གོ་བ་དམིགས་བསལ་བ་རེ་ལེན་ཐུབ་པར་གྱུར་པར་མ་ཟད། བོད་མཁས་པའི“ལྷ་ཡི་ལྕམ་གཅིག་ཁྱོད་ཞལ་ལྟ་ན་སྡུག། ཡིད་ཙམ་ཕྱེ་བའི་མཆུ་སྒྲོས་པདྨའི་རླབས།། མཛེས་བྱེད་ཚེམས་ཀྱི་གེ་སར་ངང་མོའི་ཁྱུ།། དཀར་བའི་ཕུན་ཚོགས་གཅིག་ཏུ་བཀྲ་ལྡན་ནོ།།”ལྟ་བུའི་དཔེ་བརྗོད་དག་ནི་ཁྲིད་ཚར་རྗེས་བློར་ཡང་ཤར་ཤར་འགྲོ དེའི་ཕྱིར་སྙན་ངག་དགེ་རྒན་གྱིས་བཞག་པའི་དཔེར་བརྗོད་འཇོག་པའི་ལས་བྱ་དག་ངས་ལས་སླ་བོར་འབྲི་ཐུབ་ཀྱི་ཡོད་ལ། དཔེ་བརྗོད་རེ་འགའ་མ་གཏོགས་ཆ་ཚང་ཡང་ཡུལ་ལྗོངས་དེ་ལ་བྲིས། དེ་ཁོ་ན་བྲིས། དེའི་ཆེད་དུ་བྲིས།
ཉིན་ཞིག ངས་གོ་སྐབས་ཡག་ཤོས་ལ་བལྟས་ཏེ། སྤོབས་པ་ཆེན་པོས་མོའི་སར་སོང་ནས“ཕྱི་དྲོའི་སློབ་ཐུན་གྲོལ་རྗེས། ཁྱོད་རྩལ་སྦྱོང་ར་བར་ཡོང་རོགས། མི་ཞིག་གིས་ཁྱོད་འཚོལ་གྱི་འདུག”ལབ། དེ་ནི་ངས་ཡུན་རིང་བོར་བསམ་བློ་བཏང་ནས་ཡིད་ལ་ཤར་བའི་ཐབས་ཡག་ཤོས་དེ་ཡིན།
མོས “སུ་རེད”ཅེས་དྲིས།
ངས་ལན་མ་བཏབ་པར་ཐད་ཀར་སྒོར་སོང་། སློབ་ཐུན་རྗེས་མ་དེར་ང་དེ་ལྟར་ཞུགས་མ་ཐུབ། འོན་ཀྱང་སློབ་ཁྲིད་ལ་ངས་ཁ་ཡ་ག་ལ་བྱེད། མོ་རང་འཐུང་རྒྱུར་དགའ་བའི་ཇ་མངར་མོ་དེ་ཉོས། མེ་ཏོག་དམར་པོ་རྐང་གཅིག་ཀྱང་ཉོས། སྔ་ས་ནས་རྩལ་སྦྱོང་ར་བར་ཆས། སློབ་ཁྲིད་ནི་དེ་སྔ་ནས་གྲོལ་ཚར། མོ་རང་ཡོང་རྒྱུ་མ་བྱུང་། ངས་ནུབ་མོའི་ཆུ་ཚོད་བཅུ་བའི་བར་དུ་སྒུགས་རྗེས། འོ་ཇ་དེ་རང་གིས་བཏུང་། མེ་ཏོག་རྐང་གཅིག་དེ་མལ་ཁང་དུ་ཁྱེར། འོན་ཀྱང་ང་རང་སེམས་ཕམ་པ་ལས་ལྡོག་སྟེ། སྔར་བས་དགའ་སྤྲོ་རྒྱས། ངའི་བསམ་པ་ལ་གཅིག་ནས་ངས་མི་ཞིག་གིས་ལབ་བྱུང་ཞེས་པ་ལས། མི་དེ་ང་རང་ཡིན་ཞེས་མ་ལབ་པས་མོ་ལ་ཁག་མེད། གཉིས་ནས་དོན་དེ་ཡང་མོ་རང་གང་བྱུང་བྱེད་མཁན་ཞིག་མིན་པའི་དན་རྟགས་ངོ་མ་དེ་མ་ཡིན་ནམ་དྲན།
ཕྱི་ཉིན་ང་མོའི་སར་མ་སོང་བར། བརྡ་འཕྲིན་ཞིག་བསྐུར། “སློབ་གྲོགས་ལྷ་མོ་སྒྲོལ་མ་ལགས། ཁ་སང་གི་མི་དེས་ཁྱོད་ལ་ཡུན་རིང་བོར་སྒུགས་སོང་།”མོས་མགོ་ཕྱིར་དཀྱོགས་ནས་ང་ལ་ཐེངས་གཅིག་བལྟས་རྗེས། “སློབ་གྲོགས་རབ་བརྟན་ལགས། མི་དེ་དོན་ངོ་མ་སུ་རེད”ཅེས་པའི་བརྡ་འཕྲིན་འབྱོར། དེ་ནས་བཟུང་ངའི་སེམས་ཀྱི་གཙང་པོ་ཡུལ་ལྗོངས་དེའི་ནང་དུ་འབབ་ཅི་ཐུབ་བྱས། ཡུལ་ལྗོངས་ལས་རླུང་བུ་ཕྲན་ཙམ་ཡང་ངའི་གཙང་པོའི་ངོས་སུ་ལྡང་།
འོན་ཀྱང་ཟླ་ངོ་གཅིག་ཙམ་ཕྱིན་ནའང་། གཟུགས་མེད་པའི་ར་བ། མོའི་བརྩེ་འདང་ཞོ་ལྟར་བསྙལ་ཡོད་སའི་ར་བ་དེ་བརྒལ་མ་ཐུབ། ང་ལ་མཚོན་ན་ར་བ་དེ་མཐོ་དྲགས་འདུག མཐུག་དྲགས་འདུག སྲ་དྲགས་འདུག
ངའི་སེམས་དོན་དེ་ཉམས་མྱོང་ཅན་གྱི་བློས་ཐུབ་གྲོགས་པོ་བསོད་ནམས་དར་རྒྱས་གྱིས་ཤེས་པས། གནས་སྟངས་ལ་མི་རིང་བར་འགྱུར་བ་བྱུང་། མ་གཞི་ཁོས་ངའི་སྙན་ངག་སློབ་ཁྲིད་ཀྱི་ལས་བྱ་ཆ་ཚང་ཁྱེར་ནས་ལྷ་མོ་སྒྲོལ་མར་བསྟན་འདུག་པ་མ་ཟད། དེ་དག་ལ་ཚིག་འགྲེལ་དོན་འགྲེལ་བརྒྱབ། ཐ་ན་དཔེ་ཐམས་ཅད་ཀྱི་ཁུངས་དེ་ཧ་ལམ་གང་ཡིན་སྐོར་ནས་ཀྱང་མང་པོ་ཞིག་བཤད་ཡོད་པ་རེད།
གང་ལྟར། དེ་ནས་བཟུང་། མོས་ང་ལ་ལྟ་ཕྱོགས་ཁྱོན་ནས་འགྱུར་འདུག་ལ། དུས་ཆད་ཐེངས་འགར་བཏབ། བརྡ་འཕྲིན་མང་པོ་བསྐུར། ཟླ་ངོ་གཅིག་དང་ཕྱེད་ཙམ་རྗེས། ངེད་གཉིས་ནས་མཛའ་མཐུན་གྱི་ལག་རྡང་སྦྲེལ་ཐུབ་པར་གྱུར། ངའི་མི་ཚེའི་ནང་གི་ནོར་བུ་ཐོབ་སོང་སྙམ། ལྷག་པར་ཅུང་ཟད་འདྲིས་ལོབས་སུ་སོང་རྗེས། མཛའ་གཅུགས་བརྩེ་འདང་གིས་ཕན་ཚུན་འབྲལ་མི་ཐུབ་པ་ལྟ་བུ་ཆགས།
དེ་ལྟར་སློབ་ཆེན་ལོ་རིམ་བཞི་པར་སླེབས། སློབ་མཐར་ཕྱིན་རྗེས། ངས་ཕ་ཡུལ་ཕྱོགས་སུ་གཏོགས་པའི་རྫོང་ཞིག་ཏུ་གཞུང་ཞབས་པའི་ལས་གནས་ཤིག་ལ་རྒྱུགས་འཕྲོད། མོས་ཀྱང་རྒྱུགས་འགའ་ཤས་སྤྲད་མོད་མ་འཕྲོད་པས་སླར་རང་ཡུལ་དུ་ལོག་ནས་ཚབ་ཁྲིད་དགེ་རྒན་གྱི་ལས་ཀ་ཞིག་བཙལ། ངས་ལས་གྲོགས་རེ་ཟུང་ལས་རྒྱུས་ལོན་བྱུང་བ་བརྒྱུད་རྫོང་མི་རིགས་སྐད་ཡིག་ལས་ཤག་ཏུ་སྒྲིག་ཁོངས་སུ་མེད་པའི་ལས་གནས་སྟོང་བ་ཞིག་འདུག་ལ། དེ་ཚབ་ཁྲིད་དགེ་རྒན་ལས་ཕོག་མཐོ་ཞིང་ལས་ཀའང་ང་ཚོའི་ཆེད་ལས་དང་མཐུན་པའི་གནས་ཚུལ་མོ་ལ་མྱུར་དུ་བཤད། འོན་ཀྱང་མོས་རང་གི་ཕ་མ་གཉིས་ལའང་ཐག་ཉེ་བས་ཡུལ་ནས་བསྡད་པ་དགའ་ཟེར། དེ་ལྟར་ངེད་གཉིས་བར་ཐག་ན་སྤྱི་ལེ་ལྔ་བརྒྱ་ལྷག་གིས་ཆོད་པའི་ཡུལ་ཕྱོགས་གཉིས་སུ་ལས་ཀར་ཞུགས་དགོས་བྱུང་།
བརྡ་འཕྲིན་སྐུར་བ་དང་། ཁ་པར་གཏོང་བ་དང་། སྐད་འཕྲིན་དུ་བརྙན་བཀར་བ་སོགས་ནི་ངེད་གཉིས་ཀྱི་བར་ཐག་བསྟུང་ཐབས་ཁོ་ནར་གྱུར། ཐོག་མའི་ཆར་ངས་མོ་ལ་བསམ་བཞིན་དུ་སྦྲགས་སྲིད་བརྒྱུད་བརྩེ་འཕྲིན་དེ་འདྲའང་བྲིས། “བར་ཐག་གིས་བརྩེ་འདང་བསྐྲུན་ངེས”ཞེས་པའི་བཤད་ཚུལ་དེའང་བདེན་སྙམ་ཤར། འོན་ཀྱང་། ལས་གནས་སུ་ཞུགས་མ་ཐག་ཡིན་པས་ལས་ཀ་ལྕི་བའི་ཁར། ལས་ཁུངས་ཀྱི་ལས་མི་རྒན་པ་དག་གིས་ན་གཞོན་གསར་ལས་པ་ཚོར་ལས་འགན་འདྲ་མི་འདྲ་བཅོལ་རྒྱུར་དགའ་སྟེ། ལས་གནས་དེ་ནི་ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་འཐེན་ནས་ང་ཚོར་སྤྲད་པ་དང་འདྲ། དེ་བས་བརྡ་འཕྲིན་དང་ཁ་པར་དང་བརྙན་བཀར་བའི་གྲངས་ཚད་རང་བཞིན་གྱིས་ཇེ་ཉུང་དུ་གྱུར་པ་དང་། ལན་རེར་སྟབས་མི་བདེ་དུས་ངེད་གཉིས་ཀས་ཐད་ཀར་ཁ་རྒྱག་གི་ཡོད་ལ། ཕྱིར་ལན་ཡང་འཕྱི་བོ་ཆགས་ན་མ་གཏོགས་སྟེར་ཐུབ་ཀྱི་མེད།
དེ་དུས་ངེད་ཀྱི་ལས་ཀ་བྱེད་གྲོགས་གཙོ་བོ་ནི་ལས་གྲོགས་དག་གིས་མཛེས་མ་རུ་འབོད་པའི་ཚེ་རིང་ལྷ་མོ་ཞེས་པའི་བུ་མོ་ཞིག་ཡིན། མོའི་ལས་ཀ་བྱེད་གནས་ངའི་མདུན་ཅོག་གི་ཁ་གཏད་དུ་ཡོད་པའི་ཁར་ངེད་གཉིས་ཀྱིས་ལས་ཁུངས་ཀྱི་ལས་ཀ་ཆ་ཚང་མཉམ་དུ་བསྒྲུབ་དགོས་ཀྱི་ཡོད་རྐྱེན་ཉིན་དཀར་ལས་ཞུགས་བྱས་པ་ནས་ལས་ཀ་གྲོལ་རག་བར་ཧ་ལམ་ལུས་དང་གྲིབ་མ་བཞིན་འགྲོགས་ཀྱི་ཡོད། དེ་སྔའི་མི་རིགས་སྐད་ཡིག་ལས་ཤག་གི་ལས་གནས་དེ་ཡང་མོས་ང་ལ་འོས་སྦྱོར་བྱས་པ་ཡིན། མོ་ཡང་ལས་ཀར་ཞུགས་ནས་ལོ་གཅིག་ལས་ཕྱིན་མི་འདུག་ལ། ལས་ཀ་བསྒྲུབ་པའི་འཇོན་ཐང་ནི་མཚར་བོ་ཞིག་མི་འདུག་ནའང་། རྫོང་གི་ཟ་ཁང་གང་བཟང་དང་ཇ་ཁང་གང་སྐྱིད། རྫོང་མཐའི་ཁམས་གསེང་བྱ་ཡུལ་གང་བཟང་ནི་ལག་མཐིལ་གྱི་རི་མོ་ལྟར་གསལ་བས་ངོ་མཚར་བ་ཞིག་ཡིན་ལ། གཤིས་ཀ་དང་སྤྱོད་ལམ་ཡང་དགའ་ཡལ་ལེར་ཡོད་པ། འཁང་ར་དང་སྡུག་ར་མི་འཐེན་པ་ཞིག་ཡོད་གཤིས། ངེད་གཉིས་ཀྱི་ལས་ཀ་ལྕི་ནའང་བསྒྲུབ་རིམ་ལ་སུན་སྣང་མི་སྐྱེ་བ་ཞིག་ཡོད། ངེད་གཉིས་ཤིན་ཏུ་མཐུན་པོ་ཡོད་རྐྱེན་དགོང་མོར་ལས་སྣོན་བྱེད་སྐབས། ཅི་ལྟར་མི་ཁོམ་ནའང་མོས་ང་ལ་རྒྱང་རིང་གི་དགའ་རོགས་ལ་ཁ་པར་གཏོང་བའི་དུས་ཚོད་བཙལ་རོགས་དང་སྐབས་ལ་ལར་ལེགས་སྐྱེས་བདམས་རོགས་སོགས་ཀྱང་སེམས་ཞིབ་མོས་བྱེད་ཀྱི་ཡོད། ངའི་དགའ་རོགས་ནི་ཁོང་ཁྲོ་ལངས་ཚེ་ཁ་པར་དེ་མ་ཐག་ཁ་གཏན་པ་དང་། ཁོང་ཁྲོ་ལངས་ཕྱིན་ཉིན་གཅིག་གམ་ལན་རེར་ཉིན་ཧྲིལ་བོ་གཉིས་ལ་ཡ་མི་བྱེད་པར་གྲང་འཐབ་བྱེད་ལ་དགའ་བ་ཞིག་ཡིན་པས། ལན་རེར་ངའི་དགའ་རོགས་ཀྱང་ངའི་ལས་གྲོགས་ཚེ་རིང་ལྷ་མོ་ལྟ་བུ་ཞིག་ཡིན་ན་ཨང་ལྟ་བུ་དྲན་མྱོང་། ཐེངས་མང་པོ་ལ།
ལས་གྲོགས་ཚེ་ལྷའི་ཕ་མ་གཉིས་གཙོས་ཁྱིམ་མི་ཆ་ཚང་རྫོང་དེར་འདུག་པས། མཚམས་རེར་ལས་སྣོན་ཤིན་ཏུ་འཕྱི་བོ་ཆགས་ཚེ་ངས་མོ་ཁྱིམ་གྱི་སྒོ་རའི་བར་སྐྱེལ་གྱི་ཡོད། ཡུན་གྱིས་མོའི་ཨ་ཕ་ནི་རྫོང་ཐོག་དེར་སྐད་གྲགས་ཆེ་བའི་སྨན་པ་ཞིག་ཡོད་པ་དེ་ཡིན་འདུག་པ་དང་། ཁོང་ཚང་ནི་རྫོང་ཐོག་གི་འབྱོར་བ་ཆེ་ཤོས་དེ་ཡིན་པ་ཤེས། འོན་ཀྱང་ངས་ཚེ་ལྷ་ཚང་གི་རྒྱུ་འབྱོར་བ་ལ་ཁྱོན་ནས་བསམ་པ་འཁོར་མྱོང་མེད་དེ། མོ་ལ་ཇི་ལྟར་འགྲོགས་པ་དང་བསྟུན་སེམས་ཀྱི་གཏིང་ནས་འདི་ནི་ད་གཟོད་ངའི་དགའ་རོགས་སྐྱོ་རོགས་དེ་ཡིན་འོས། འདི་ནི་ད་གཟོད་ངའི་ཚེ་རོགས་སྐྱ་ཡ་ཡིན་འོས་དྲན།
ཉིན་ཞིག་གི་ལས་གྲོགས་འདུ་འཛོམས་སྟེང་། འགོ་བས་ཨུ་ཚུགས་བྱས་པ་བརྒྱུད་ལས་གྲོགས་ཚང་མས་སྦི་རག་འཐུང་། ཚེ་ལྷས་འཐུང་མྱོང་མི་འདུག་པས། མི་རིང་བར་གདོང་ལ་དམར་མདངས་རྒྱས་ཤིང་། མིག་ལ་བཟི་ཉམས་ཐོན་ཏེ། མཛེས་པའི་གདོང་དེ་སྔར་བས་ཀྱང་ཡིད་འགུགས་པ་ཞིག་བྱུང་། ངའི་སེམས་སུ་རི་དྭགས་མིག་ཅེས་པ་ཇི་འདྲ་ཡིན་མཐོང་མྱོང་མེད་ཀྱང་། གལ་སྲིད་དེ་སེམས་འཕྲོག་པ་ཞིག་ཡོད་ན་ཚེ་ལྷའི་མིག་ཟུང་ནི་རི་དྭགས་མིག་ཏན་ཏན་རེད་དྲན་སོང་། མོ་བཟི་འདུག་པས་དགོང་མོ་དེར་ཡང་ངས་མོ་རང་ཁྱིམ་གྱི་སྒོ་ཆེན་བར་དུ་བསྐྱལ། ལམ་བར་དུ་མོས་ང་ལ་སེམས་གཏམ་དབང་མེད་དུ་ལུད། མདོ་དོན་ནི། གལ་སྲིད་ཁྱོད་ལ་དགའ་རོགས་མེད་ན། ངས་སེམས་བསམ་པའི་གློ་སྙིང་གཏོད་ས་དེ་ཁྱོད་ཡིན་སྲིད་ཟེར་བ་དང་། ཉིན་ཞིག་དེ་འདྲའི་གོ་སྐབས་ཤིག་བྱུང་ན། མོ་ལ་ལབ་རྒྱུ་དང་གལ་སྲིད་ལས་ཁུངས་གཅིག་ཡིན་པས་སྟབས་མི་བདེ་བ་སོགས་ལ་སེམས་ཁུར་ཡོད་ན། མོ་རང་ནས་ལས་གནས་བརྗེས་ཆོག་ལ། ཐ་ན་ལས་ཀ་གཡུག་དགོས་ཀྱང་ཕངས་སེམས་མེད་ཚུལ་བཤད། དེ་ལྟར་ཐོས་པས་ང་ལ་དགའ་སྤྲོ་ཡང་སྐྱེས་མོད་གདམས་ཀའི་སྡུག་བསྔལ་དུའང་ཚུད།
ང་རང་དུས་སྐབས་དེ་དག་གི་རིང་བློ་ཉིས་འགལ་དུ་སོང་། ལས་ཁུངས་ནང་དུ་དེའི་སྐོར་འདྲི་སའི་གྲོགས་པོ་བློས་ཐུབ་དེ་འདྲ་ནི་མེད། སློབ་གྲོགས་དག་ནི་ལེ་དབར་མང་པོས་ཆོད་པའི་ཡུལ་ཕྱོགས་སོ་སོར་ཡོད་ལ། དེ་ལས་བློས་ཐུབ་རེ་ལ་ཁ་པར་བཏང་མོད། “རང་གི་ཚོར་བའི་རྗེས་དེད”ཙམ་ལས་བཤད་རྒྱུ་ཆེར་མེད།
དེ་དུས། སློབ་ཆེན་སྐབས་སུ་གནའ་རྩོམ་དགེ་རྒན་ཚེ་བཀྲ་ལགས་ནས་ཕུ་བོས་ནུ་བོར་གདམས་པའི་མདོ་ཁྲིད་སྐབས། མདོ་ཞིག་དྲངས་ཏེ་ཀུ་རེ་དང་བཅས་མ་འོངས་པར་ཁྱོད་ཚོས་ཀྱང་སོ་སོའི་མི་ཚེ་སུ་ཞིག་དང་མཉམ་དུ་སྐྱེལ་ཞེས་གདམ་ཀ་བྱེད་པའི་དུས་སྐབས་དེ་འདྲ་ལ་འཕྲད་སྲིད། དེ་དུས་མདོ་འདི་ལ་ཟུར་ལྟ་ཞིག་བྱེད་ལོས་ཆོག་སོགས་གསུངས་པ་ཡང་ཞེ་ལ་ཡང་ཡང་ཤར། ཚིག་གསལ་བོར་མི་དྲན་མོད། མདོ་དེར། ནུ་བོས་ཕུ་བོ་ལ། གཉེན་བྱ་ན་ཅི་ལྟར་བྱ། ཞེས་དྲིས་པར། ཕུ་བོས། མནའ་མ་ལེན་ན། འབྱོར་བ་ཅན་དང་བློ་མཛངས་པ་ཅན་བདམས་ན་བཟང་། དེ་གཉིས་ལས་གཅིག་བདམས་དགོས་ན། འབྱོར་བ་ཅན་འདོམས་ཤིག མག་པ་འདེམས་ན། མཛངས་ཕྱུག་གཉིས་ལས་མཛངས་པ་ཅན་འདོམས་ཤིག་ཅེས་བྲིས་ཡོད།
གལ་ཏེ་མདོ་དེ་ལྟར་གདམ་ཀ་བྱས་པ་ཡིན་ན། ངས་ཚེ་ལྷ་འདེམས་དགོས་འདུག འོན་ཀྱང་། དེ་དུས་ཡོན་ཏན་པའི་ནད་རོ་འཕར་ཟེར་ན་གང་ལྟར་ངའི་སེམས་ཀྱི་གཏིང་དུ་དོན་དམ་ངས་ཚེ་ལྷ་འདོད་ཀྱི་འདུག་གམ་ཚེ་ལྷ་ཚང་གི་རྒྱུ་ནོར་འདོད་ཀྱི་འདུག་ཅེས་རང་སེམས་ལ་རྟོག་བཤེར་ལྟ་བུ་ཞིག་ལན་རེར་བྱས། གལ་སྲིད་བརྩེ་དུངས་དང་རྒྱུ་ནོར་ལས་རྒྱུ་ནོར་བདམས་པ་ཡིན་ན་ཚེ་གཅིག་རིང་ངས་རང་ཉིད་ལ་ལེ་གདའ་བྱེད་སྲིད་ལྟ་བུ་ཡང་དྲན། ད་ལྟ་བསམ་ན། ངས་དེ་དུས་རྒྱུ་ནོར་བསམ་གྱི་མེད་པ་ནི་མནའ་བསྐྱལ་ཆོག་མོད། དོན་དམ་པར། རང་གིས་དེ་ལྟ་བུའི་གདམ་ཀ་ཞིག་བཟོས། དེ་ནས་ཡང་དག་པ་དེ་བདམས་ནས་རང་ཉིད་རླབས་ཆེན་ཞིག་ཡིན་ལུགས་བཟོས་པ་དེ་ག་ཙམ་རེད་འདུག མི་ཟེར་བ་འདིས། སྒོས་སུ་ཡོན་ཏན་ཅུང་ཟད་བསླབས་པའི་མི་དག་གིས་དེ་འདྲ་མང་པོ་བྱེད་ཀྱི་འདུག སེམས་རྣལ་ལ་ཕབ་སྟེ་རྟོག་དཔྱོད་བྱོས་དང་ཁྱོད་ཀྱིས་ཀྱང་ཤེས་སྲིད།
གང་ལྟར། ངའི་མི་ཚེ་འདི་མིང་དུ་ལྷ་མོ་ཡོད་པའི་བུ་མོ་ཞིག་དང་སྦྲེལ་ཡོད་པ་འདྲ། མཐར་ངས་བརྩེ་དུངས་བདམས། ཡང་ན་ང་རང་གིས་གོ་བ་ལེན་སྟངས་ཁྲོད་ཀྱི་བརྩེ་དུངས་བདམས། དེ་ལྟར་ཨུ་ཚུགས་མཐར་སྐྱེལ་བྱས་ནས་ལྷ་མོ་སྒྲོལ་མ་དང་གཉེན་བསྒྲིགས་ཏེ་ད་ནི་ལོ་ངོ་བཅོ་ལྔ་འགོར་ཟིན།
ངས་ཉལ་སའི་ནང་དེ་ལྟར་ཕྱིར་དྲན་བྱས་ཤིང་། སླར་ཡང་རྨི་ལམ་དེ་ཞེ་ལ་འཁོར། མ་གཞི་རྨི་ལམ་ནང་གི་བུ་མོ་དེ་གཅིག་ནས་བདག་ཡོད་ཀྱི་ཆུང་མ་དེ་འདྲ་མིན་པ་དང་། གཉིས་ནས་རྨི་ལམ་ཡིན་པས་ཅི་སྐྱོན་སྙམ་མོད། ང་བདག་ཡོད་ཀྱི་སྐྱེས་པ་ཡིན་པས། ཕྱིན་ཆད་གཟབ་དགོས་ལྟ་བུ་ཞིག་ཀྱང་དྲན།
དེ་དུས་ཞོགས་པའི་ཆུ་ཚོད་བདུན་པ་ལ་སླེབས་འདུག་ཅིང་། ང་ལ་ཁ་སྐོམ་པའི་སྣང་བ་ཞིག་གིས་གཙེས་པས་ཆུང་མ་གཉིད་ལས་སད་དོགས་ཀྱིས་རྐང་འཇབ་ལག་འཇབ་ངང་གཡོས་ཁང་དུ་ཆུ་འཐུང་བར་སོང་། ཐགས་ཆ་ལས་ཕོར་བ་ཞིག་ལེན་སྐབས། གཡོས་ཁང་གི་ཚལ་གདན་སྟེང་སྨིན་ཐག་ཆོད་པའི་ཀུ་ཤུ་དམར་པོ་ཞིག་བཞག་འདུག་པ་མཐོང་བས། དེ་བཟའ་འདོད་སྐྱེས་ཏེ་ཕོར་བ་བསྐྱུར། འོག་གི་འཐེན་སྒམ་ལས་གྲི་ཆུང་ཞིག་བླངས་ནས་གཏུབ་གྲབས་བྱས། སྐབས་དེར། གཡོས་ཁང་ནང་གློག་བསོག་སྟེ་བཞག་འདུག་པའི་ཆུང་མའི་ཁ་པར་སྟེང་བརྡ་འཕྲིན་ཞིག་སླེབས་བྱུང་། ཡང་ཆུང་མའི་ལས་ཁུངས་སུན་སྤྱད་དེ་ཡིན་ཐག་ཆོད། མོས་ད་དུང་ངལ་ཅུང་ཟད་གསོ་ཐུབ་ན་སྙམ་ནས་ངས་ལག་པ་བསྙབས་སྟེ་དེའི་སྒྲ་མཐེབ་མནན་ནས་སྒྲ་མེད་ཀྱི་རྣམ་པར་བསྒྱུར། དེ་ནས་ཚལ་གདན་སྟེང་གི་ཀུ་ཤུ་དམར་པོ་དེའི་སྟེང་ལ་ཕར་ཚུར་མི་ཡོ་བའི་ངང་རྒྱ་གྲམ་གྱི་ཚུལ་དུ་གྲི་ཐེངས་གཉིས་ལ་ཤེད་ཅུང་ཟད་སྤྱད་ནས་མནན་པས། ཀུ་ཤུ་དེ་ཆ་ཤས་བཞི་རུ་གྱུར། ཆུང་མའི་ཁ་པར་འཆར་ངོས་སུ་སླར་ཡང་འོད་ཅིག་ཤར། གཅིག་བྱས་ན། ལས་ཁུངས་དུ་དོན་དག་གལ་ཆེན་རེ་ཡོད་ལས་ཆེ། ངས་ཆུང་མར་སྟེར་དགོས་སྙམ་ནས་ལག་འཁྱེར་དེ་གསོག་སྐུད་ལས་ཕྲལ།
ངོ་ཤེས་གཞན་གྱིས་དུས་རྒྱུན་བྱེད་པ་ལྟར། ངས་ཆུང་མའི་ཁ་པར་ལ་ལྟ་མྱོང་མེད་ལ། ལྟ་བསམ་པ་ཡང་ཁྱོན་ནས་ཡོད་མྱོང་མེད། འོན་ཀྱང་ཏག་ཏག་ཁ་པར་ངས་ལག་ལ་བཟུང་མ་ཐག་སླར་ཡང་འཕྲིན་པ་ཞིག་འབྱོར་བས་ངས་ཀྱང་རང་བཞིན་གྱིས་མིག་གཤའ་ཞིག་བྱས། འཆར་ངོས་སུ“ང་ནམ་ཡང་ཁོམ། ཉིན་མཚན་ལ་ཁྱད་མེད”ཅེས་པའི་ཡིག་ཕྲེང་ཞིག་ཤར་བྱུང་། འདི་ཅི་ཡིན་ནམ། ངས་ལག་གི་གྲི་ཡང་འཐེན་སྒམ་དུ་སླར་འཇོག་ལོང་མ་བྱུང་བར། མྱུར་དུ་དེ་སྔོན་འབྱོར་བའི་བརྡ་འཕྲིན་དེ་གཉིས་ལ་བལྟས།
“མདང་ནུབ་ཁང་མིག་ཨང་རྟགས1823ཅན་དེར་ཁྱོད་དང་སླར་ཡང་འཕྲད་པ་རྨིས། སྟབས་བདེ་དུས་འབྲེལ་རོགས།”
“ངའི་མི་ཚེའི་འོད་སྣང་། ངའི་འདོད་པའི་མེ་ལྕེ། ལཱོ་ལི་ཐཱ།(Lolita)ཡར་བཞེངས་ཡོད་དམ།”