ཚེ་སྲོག་དང་དུང་ཞེན།

ཨ་པན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


གཅིག
མཐོ་སྒང་གི་མཁར་གྲོང་འདིར་སྟོན་རླུང་བསིལ་མོ་ཞིག་ལྡང་འགོ་ཚུགས་སོང་། ལམ་འགྲམ་གྱི་ལྗོན་ཤིང་དག་མགོ་སྐྲ་བྱིལ་བའི་རྒད་པོ་ཀླད་སངས་བཞིན་སྐྱ་ཤུར་ཤུར་དུ་གྱུར་ཡོད་ལ། སེར་ཐིག་བབ་པའི་ལོ་འདབ་དག་རྡུལ་ཚིལ་ཉིལ་ལེར་རླུང་གིས་བསྐྱིལ་ཏེ་གང་ཞིག་ཏུ་དེད་ནས་བུད་འགྲོ། ཕྱི་དྲོའི་ཉི་ཟེར་གྱི་འོད་ཐིག་རེ་རེར་སྒེའུ་གཡོལ་གྱི་བར་གསེང་བརྒྱུད་ནས་ཁོ་མོའི་གདོང་ལ་འཕྲོས་འོང་ཞིང་། བཞིན་མདངས་ཉམས་ཤིང་ཁུར་རས་མཐོན་པོ་དེའི་ཁྲོད་ན་འོད་མེད་པའི་མིག་ཟུང་གཉོམ་པོ་ཞིག་མདུན་ཐད་ཀྱི་གྱང་ངོས་སུ་ཅེར་ནས་ཡུན་རིང་འགོར། སྐབས་དེར་གོས་དཀར་གྱོན་པའི་སྨན་གཡོག་མ་གཅིག་ཁོ་མོའི་རྩིབ་ལ་སླེབས་ཤིང་། གནམ་ཁབ་ཀྱི་དམ་བུ་སྟོང་བ་དེ་བརྗེས་ནས་སླར་ཡང་སྨན་ཆུའི་དམ་བུ་ཞིག་ཀླད་ལ་བཀལ་བྱུང་། ཁོ་མོ་དེ་མུར་བསམ་གཞིགས་ཀྱི་ཀློང་ནས་ཧར་གྱིས་སད་པས། ཁོག་སྟོད་ཡར་ནུར་ཙམ་བྱེད་བཞིན་སྐམ་རིད་ཀྱི་ལག་པས་གདོང་ཡོང་ལ་ཕུར་ཙམ་བྱས། སྨན་ཆུའི་ཐིག་པ་རེ་རེར་སྲོག་སྐྱོབ་ཀྱི་ར་མདའ་སྦྲན་པ་ལྟར་མོའི་ལུས་ཀྱི་རྩ་ལམ་སོ་སོར་ཁྱབ་ནས་འགྲོ་བཞིན་ཡོད་ནའང་། ཁོ་མོ་ནི་སྣུམ་ཟད་པའི་འཕྲུལ་ཆས་ཤིག་ལྟར་དེ་གར་འཕག་འགུལ་ཙམ་ཡང་བྱེད་མི་འདོད་པར་ཉལ་ནས་འདུག སྐྱུར་མེར་ལངས་ཏེ་ཡི་ག་འགག་པ་དང་མགོའི་སྐྲ་བྱིལ་བ་ནི་རྫས་འགྱུར་སྨན་བཅོས་ཀྱི་གཡོལ་ཐབས་མེད་པའི་ལྡོག་ནུས་དེ་ཡིན་ལ། དྲང་བོར་བརྗོད་ན་འཇིག་རྟེན་འདིར་འཚོ་བའི་མི་སུ་ཞིག་ཡིན་ཡང་མགོའི་སྐྲ་བྱིལ་ན་འདོད་མཁན་སུ་ཡང་ཡོད་མི་སྲིད་དེ། དེ་ནི་ཡག་ལ་དགའ་བའམ་ཕྱི་ཚུལ་སྡུག་པོ་ཆགས་འགྲོ་བསམ་པ་ཁོ་ན་ག་ལ་ཡིན། ནད་འདིའི་རིགས་སྨན་བཅོས་བྱེད་པའི་གོ་རིམ་ཁྲོད་ལུས་ཀྱི་སྐྱེས་སྟོབས་ཀྱི་ཟུང་ཤུགས་དག་རྨང་ནས་ཉམས་པར་བྱེད་ཅིང་། སེམས་ཁམས་ལ་བཟོད་དུ་མེད་པའི་གནོན་ཤུགས་ལྕི་མོ་རེ་ཐེབས་འོང་ལ། ལྷག་པར་དུ་སྐྲ་ལོའི་ཉག་མ་ཤང་ཤང་དུ་ཡོད་པའི་དབུ་མེད་ཅིག་སྐྲ་ཚུན་གང་ཙམ་ཡང་མི་བསྐྱུར་བའི་མགོ་རིལ་ཞིག་ཏུ་གྱུར་ཚེ། དེ་ནི་འཁོར་བ་སྤངས་པའི་རབ་བྱུང་བ་ཞིག་མིན་ཚེ། འཕངས་སེམས་ཏིལ་ཙམ་ཡང་མེད་པར་དང་ལེན་བྱ་ཐུབ་མཁན་གྱི་བུད་མེད་ག་ཙམ་མཆིས་ཨང་། ཁོ་མོར་ངོ་མ་སེམས་སྲ་མོ་ཞིག་མེད་པས་ཡིན་ནའང་ཐང་། དྲང་མོ་བཤད་ན་མོས་རང་ཉིད་ཀྱི་ཕྱི་ཚུལ་དེ་བལྟ་མི་བཟོད་པ་ཞིག་ཏུ་གྱུར་ན་མི་འདོད། མོས་རང་གིས་ནུས་ཚོད་ཀྱིས་རྒྱུན་གཏན་ལྟར་རང་སེམས་ལྷོད་ལ་འབབ་ཅི་ཐུབ་བྱས་ཤིང་། སེམས་ཁམས་ཀྱི་གནོན་ཤུགས་དང་ཟུག་རེག་གི་ཚོར་བ་རྣམས་ཇེ་ཉུང་དུ་འཕྲི་ཅི་ཐུབ་ལ་འབད། དེ་ལྟར་བྱས་ཚེ་མོའི་སྨན་བཅོས་ཐད་ལ་ཕན་ནུས་ངེས་ཅན་ཐོབ་སྲིད་སྙམ།

དེ་བས་འབྲས་སྐྲན་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་ཀྲུའུ་རིན་དེས་ཁོ་མོའི་ནད་ལ་བརྟགས་སྐབས་མོས་ཁོ་བོར་སྨན་སྔར་བས་རྩ་ཆེན་ཡོད་དམ། ཐ་ན་རྫས་འགྱུར་སྨན་བཅོས་བྱེད་སྐབས་སྐྲ་ལོ་བྱི་མི་འགྲོ་བའམ་ཡང་ན་ཉུང་ཙམ་ལས་མི་བྱི་བ་ཞིག་ཡོང་ཐབས་འདྲ་མེད་དམ་ཞེས་ཁོ་བོར་རེ་བ་ཞུས། ཁོས་བཤད་ན། ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྨན་ཡོད། དུག་གཤིས་ཅུང་ཆུང་། ཡིན་ཡང་ནང་འདྲེན་བྱས་པའི་སྨན་གྱི་རིན་གོང་ཧ་ཅང་མཐོ། རྫས་འགྱུར་སྨན་བཅོས་བྱ་ཐེངས་རེར་མ་མཐའ་ཡང་སྒོར་ཆིག་ཁྲི་བཞི་སྟོང་ཙམ་གྱི་འགྲོ་སོང་ཕུད་དགོས་ཟེར། སྨན་བཅོས་དུས་ཡུན་གཅིག་ལ་ཉུང་མཐར་ཡང་ཟླ་བ་གསུམ་གྱི་དུས་ཚོད་དགོས་ཤིང་། རྫས་འགྱུར་གསོ་བཅོས་ཐེངས་དྲུག་པོར་ཆགས་མེད་དུ་བྱ་མ་ཐུབ་ཚེ། གསོ་བཅོས་ཕན་འབྲས་མངོན་གསལ་ཐོན་ཐུབ་རྒྱུ་དཀའ་ཟེར། ཀྲུའུ་རིན་དེས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱེད་བཞིན་ནད་ཐོ་ཞིག་ལ་ཞིབ་བལྟ་བྱ་བཞིན་དེ་ལྟར་གླེང་བྱུང་། སྒོར་མོ་གལ་ཆེན་རེད་ཟེར་རུང་ཚེ་སྲོག་གི་རིན་ཐང་དང་བསྡུར་ན་དེ་འདྲའི་གལ་ཆེ་རྒྱུ་གང་ན་ཡོད། ཅི་བྱས་རུང་སྒོར་ཁྲི་བཅུ་ལ་ཉེ་བ་ཞིག་འགྲོ་སོང་གཏོང་དགོས་པས་དངུལ་གྲངས་ཉུང་ཉུང་ཤིག་མ་རེད་ཨང་། མོས་རང་གི་བྱིས་པའི་བསམ་ཚུལ་ལ་ཉན་དགོས། འཇིག་རྟེན་འདིར་ཁོ་མོར་ཞེ་ཐོགས་སའི་མི་གཅིག་ཡོད་པ་ནི་བུ་གཅིག་པུ་ཡིན་ལ། ཁོ་བོ་ཡོད་པས་ད་གཟོད་མོས་འཆི་གསོན་གྱི་སྒོ་འགྲམ་འདི་ནས་སྲོག་བསྡོས་ཀྱིས་འཕག་འཚག་བྱེད་བཞིན་གསོན་པའི་རེ་བ་འཆའ་ཞིང་། ཁོ་རང་གཅིག་པུར་ཁེར་ཧྲེང་ངེར་འཚོ་བཞིན་དཀའ་སྡུག་སྣ་ཚོགས་གདོང་གིས་བསུ་བར་ཞེ་བློས་མ་ཐོངས་པ་ཡིན། མོ་སྨན་ཁང་དུ་བསྡད་དེ་བཤགས་བཅོས་བྱས་པ་ནས་བཟུང་། མོའི་སྙིང་གི་ཕྱེད་ཀར་གྱུར་པའི་བྱིས་པ་འདི་ཉིད་ཉིན་གཅིག་གི་རིང་འཚར་ལོངས་བྱུང་སྟེ་གསར་བུ་དར་མ་ཞིག་ཏུ་གྱུར་སྣང་ཤར་བྱུང་། ད་ནི་ཁྱིམ་གཞི་འདིའི་མགོ་སྔ་ཚང་མ་ཁོས་སྐྱོང་ན་འགྲིག བཤགས་བཅོས་བྱེད་པའི་སྔ་ཉིན་དུ་ཁྱིམ་མིས་མིང་རྟགས་འགོད་དགོས་པས། ཁོ་མོར་ཐད་ཀར་དུ་ཤ་ཁྲག་གི་འབྲེལ་བ་ཡོད་པའི་གཉེན་ཉེ་གཅིག་པུ་ནི་མོའི་བུ་མ་གཏོགས་མེད། ཡིན་ཡང་མིང་རྟགས་འགོད་སྐབས་སྨན་པས་གཤགས་བཅོས་ཁྲོད་འབྱུང་སླ་བའི་ཉེན་ཁ་སྣ་ཚོགས་ཕྲ་ཞིང་ཞིབ་ལ་དངས་སྐྲག་སློང་བ་ཞིག་ཏུ་འཆད་པས། གྲོགས་པོ་ཚོས་ཁོ་བོ་སྐྲག་མི་འགྲོའམ་ཁོས་འགན་འདི་ཐེག་ཨེ་ཐུབ་བམ་སྙམ་ནས་སེམས་ཁུར་བྱེད། ཡིན་ནའང་ཁོ་མོས་བྱིས་པས་མིང་རྟགས་འགོད་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས། ཁོ་བོ་ལོ་ན་ཉི་ཤུའི་ཁིས་གོང་དུ་སོ་མ་བུད་པ་ཞིག་ཡིན་པས། ད་དུང་མགོ་བོས་མི་ཐེག་པའི་དོན་དག་ཆེན་པོ་གཅིག་ཀྱང་ཐོག་ལ་ཡོང་མྱོང་མེད་ལ། གཞན་ལ་འགན་ཁུར་བའི་སེམས་ཁམས་ཀྱི་གནོན་ཤུགས་ནི་དེ་བས་ཀྱང་བརྒྱུད་མ་མྱོང་བ་ཞིག་རེད། དེ་ལྟར་ན་ཁོ་བོས་ཚེ་སྲོག་གཞན་ཞིག་ལ་འགན་འཁུར་བའི་སྐབས་སུ། མོས་འདི་ལྟར་བསམ་འོང་ཏེ། དུས་སྐབས་འདི་ལྟ་བུ་ཞིག་གི་འོག་ཁོས་ཡང་སྙིང་འཚོ་བ་དེ་ཅི་ཞིག་ཡིན་པ་ཧ་གོ་ངེས་ལ། ཇི་ལྟ་བུ་ཞིག་ལ་མི་ཟེར་བའི་མཚན་ཉིད་རྡོག་རྡོག་དེའང་རྟོགས་ཐུབ་ངེས་སྙམ་བྱུང་། གོ་ཐོས་སུ་ཁོ་བོས་སྨན་པའི་ཉེན་འཚབ་ཀྱི་སྐད་ཆ་དག་ལ་ཉན་རྗེས། གདོང་ལ་གཟབ་བརླིང་གི་ཉམས་ཤིག་མངོན་འདུག་ལ། ཁོས་གཤགས་བཅོས་སྙན་ཞུའི་སྟེང་མིང་རྟགས་འགོད་སྐབས་ལག་འདར་ཀིན་མེད་ལ་སེམས་ཀྱང་འཚབ་ཀིན་མེད་རབས་བཤད། བྱིས་པའི་སེམས་རྒྱ་དང་ཁོག་དཔུང་དེ་མོའི་བློ་ཡིད་ལས་འགོངས་པར་གྱུར། མོས་རྫས་འགྱུར་སྨན་བཅོས་བྱེད་སྐབས་རང་ངོས་ནས་སྒོར་ཁྲི་བཅུ་ཙམ་གྱི་འགྲོ་སོང་གཏོང་དགོས་ཚུལ་ལབ་པ་ན། ཁོས་ཕྱིར་འདང་ཅི་ཡང་མི་རྒྱག་པར་བཤད་རྒྱུར། ངེས་པར་དུ་སྨན་རྩ་ཆེན་བཀོལ། སྒོར་ཁྲི་ཉི་ཤུ་སོང་རུང་། ངས་གཞུག་ནས་འཚོལ་ཐུབ་ངེས་ཡིན་ཟེར།

གཉིས།

ཁ་གཏན་ཚིག་གནས། བྱིས་པའི་བརྩེ་ཞེན་གྱིས་ཕྱུག་པའི་སྐད་ཆ་འདི་དག་ཐོས་འཛིན་གྱི་ལམ་དུ་རྒྱུ་མ་ཐག ཁོ་མོའི་ནད་གཞི་དེའང་ཕྱི་ནས་ནང་འདྲེན་བྱས་པའི་སྨན་ལས་ལྷག་པར་དྲག་བསྐྱེད་འབྱུང་ཐུབ་པའི་ཡིད་ཆེས་རྙེད། ངོ་མ་གོང་ཚད་རེ་ལ་དངོས་པོ་རེ་ཞེས་པ་བདེན་པར་འདུག ནང་འདྲེན་སྨན་གྱིས་རྫས་འགྱུར་སྨན་བཅོས་བྱ་སྐབས་མཚམས་རེར་ཡི་ག་ཅུང་འགག་མོད། དོན་དངོས་སུ་གཞན་གྱིས་བཤད་པའི་ཞེད་སྣང་གི་སྣང་ཚུལ་དེ་འདྲ་རྩ་བ་ཉིད་ནས་མི་འདུག ཉུང་མཐར་གནམ་ཁབ་འཛེར་བའི་ཉིན་ལྔ་དྲུག་འདིའི་རིང་ལ་མོའི་སེམས་ཁམས་ལྷིང་འཇགས་ཡིན་ཞིང་། མགོའི་སྐྲ་ཤད་སྐབས་སྐྲ་ཉག་རེ་གཉིས་ལྷུང་བ་མ་གཏོགས་ཚོམ་བུ་ཚོམ་བུ་བྱིལ་ནས་ཡོང་བའི་སྣང་ཚུལ་གཏན་ནས་མི་འདུག འོན་ཀྱང་ནང་འདྲེན་བྱས་པའི་སྨན་དེ་དགོས་འདོད་ཀུན་འབྱུང་མ་ཡིན་ལ། མཐར་གཏུགས་ནས་བཤད་ན་རྫས་འགྱུར་སྨན་བཅོས་ཡིན་པས། གཟུགས་མེད་དྲི་མེད་ཀྱི་སྨན་རྫས་འདི་དག་ཅི་བྱས་རུང་ལུས་ཕུང་ཁྲོད་ཀྱི་སྐྲན་ནད་འབུ་ཕྲ་གསོད་སྤྱད་ཡིན་པས་དུག་གཤིས་དྲག་པོ་ལྡན་པ་སྨོས་མ་དགོས་པ་ཞིག་རེད། སྨན་རྫས་ཞིབ་འཇུག་ཆེད་མཁས་པ་ཞིག་གིས་ངོ་སྤྲོད་བྱས་པ་ལྟར་ན། ཕྱི་ལུགས་སྨན་གྱིས་རྫས་འགྱུར་སྨན་བཅོས་བྱེད་སྐབས་སྐྲན་ནད་ཀྱི་འབུ་ཕྲ་གཅིག་གསོད་པའི་དུས་མཚུངས་སུ་ལུས་ལ་མཁོ་བའི་ཕྲ་ཕུང་བདུན་ལ་གནོད་འཚེ་གཏོང་ཀིན་ཡོད། དེ་ནི་ཧ་ཅང་ཡ་ང་བའི་འཐབ་འཁྲུག་ཞིག་ལྟར་ནད་སྲིན་གྱི་འབུ་ཕྲ་གཅིག་ཚར་གཅོད་བྱེད་ཆེད་སྐྱེ་མཁོའི་ཕྲ་ཕུང་བདུན་མེད་བརླགས་སུ་གཏོང་དགོས་ཡོད་པ་རེད། མིའི་ལུས་ལ་མཁོ་བའི་འབུ་ཕྲ་ཕོན་ཆེན་དག་ལ་དོན་མེད་དུ་གནོད་འཚེ་ཐེབས་ཤིང་། མིའི་ལུས་ཕུང་གི་ནད་རིགས་འགོག་སྲུང་གི་ནུས་པ་དེ་མ་ཉིད་དུ་ཉམས་དམས་སུ་གཏོང་ཀིན་ཡོད་པས། ཕྱིར་ནས་ནང་འདྲེན་བྱས་པའི་སྨན་ཅི་འདྲའི་རྩ་ཆེན་ཞིག་ཡིན་རུང་རྫས་འགྱུར་སྨན་བཅོས་ཀྱི་ལྡོག་ནུས་ནི་ནམ་ཡང་སེལ་ཐབས་མེད་པ་ཞིག་རེད། དེ་བས་མོའི་ནད་དཔྱད་ཀྱི་རྫས་འགྱུར་སྨན་བཅོས་འཆར་འགོད་ནི་མཉམ་འབྲེལ་རྫས་འགྱུར་སྨན་བཅོས་བྱེད་ཐབས་ཏེ་ཡུན་ཐུང་གི་དུས་ཚོད་ནང་སྨན་མང་བོར་བཀོལ་རྒྱུ་དེ་ཡིན་ལ། ཅུང་གོ་བདེ་བར་བཏང་ན་གཅིག་སྡུད་རང་བཞིན་གྱི་འགད་གཏོར་དེ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དགྲ་དམག་ཚར་གཅོད་བྱེད་ཐབས་ཤིག་ཡིན་ལ། དགྲ་བོར་ཚུར་རྒོལ་བྱེད་པའི་གོ་སྐབས་ཕྲན་ཙམ་ཡང་མི་སྟེར་བ་དེ་ཡིན། འདི་ལྟ་བུའི་མཉམ་འབྲེལ་རྫས་འགྱུར་སྨན་བཅོས་བྱེད་ཐབས་ཀྱིས་ཕན་ནུས་ཐོན་མིན་དང་ཚན་རིག་དང་མཐུན་མིན་སོགས་ཁོ་མོར་སྐད་ཆ་བཤད་དབང་མེད་པར། གསོ་རིག་སྟེང་གི་ཡར་བསྐྱེད་གང་ཞིག་ཡིན་རུང་ཚད་ངེས་ཅན་ཞིག་གི་སྟེང་གསོ་བཅོས་ཀྱི་ཉམས་མྱོང་ལ་གཞི་བཅོལ་བ་ཡིན་པས། ནད་པ་ཞིག་ལ་མཚོན་ན་སྨན་པའི་མངག་བཅོལ་ལ་ཉན་རྒྱུ་ལས་གཞན་རྣམ་འགྱུར་གང་ཡང་འཛིན་དབང་ག་ལ་ཡོད། རྫས་འགྱུར་སྨན་བཅོས་ཀྱི་བྲོ་བ་མྱོང་རྗེས་མོས་ད་གཟོད་སྐྱུག་མེར་ལངས་པ་དང་མགོའི་སྐྲ་བྱིལ་བ་སོགས་ནི་དེའི་ལྡོག་ནུས་ཀྱི་ཕྱིའི་མངོན་སྟངས་ཙམ་ལས་ཅི་ཡང་མ་རེད་སྙམ་ལ། ཆེས་སྐྲག་དགོས་པ་ཞིག་ནི་མིའི་ལུས་ཕུང་ཁྲོད་ཀྱི་བསྐྱེད་སྟོབས་དང་གསོན་ཤུགས་དེ་མཐོང་མི་ཐུབ་པར། གཅིག་བསྡུས་ཀྱི་འགད་གཏོར་བྱུང་རྗེས་ཡོད་ཚད་ཆག་གྲུམ་གྱི་ཕུང་བོ་ཞིག་ཏུ་གྱུར་འགྲོ་བ་བཞིན། ཁྱེད་ཀྱི་རྒྱུན་གཏན་གྱི་འགུལ་སྐྱོད་ནུས་པ་དང་མོས་པ་རྣམས་རིམ་གྱིས་ཉམས་དམས་སུ་བུད་འགྲོ་ལ། ཚོར་བའི་དབང་བོ་ཐམས་ཅད་ཇེ་ཞན་དུ་སོང་ནས་ཉལ་ན་གཉིད་མི་འོང་ཤིང་ཟས་ལ་བྲོ་བ་མེད་པར་གྱུར་འགྲོ། ཐ་ན་མི་ཞིག་གིས་ཟ་མ་བཟའ་རྒྱུ་དང་གཉིད་འོང་རྒྱུ་སོགས་གནད་དོན་ཞིག་ཏུ་གྱུར་ཚེ། དེ་ལ་ད་དུང་ཅི་ཞིག་ལྷག་ཡོད་ཨང་།

རྫས་འགྱུར་སྨན་བཅོས་ཀྱི་དུས་ཡུན་གཅིག་སྟེ་བསྟུན་མར་ཉིན་ལྔ་ལ་གནམ་ཁབ་འཛེར་བས། མོས་བལྟས་ན་ལྷིང་འཇགས་ཡིན་པ་འདྲ་ཡང། ནང་སེམས་ཁམས་སྟེང་ཉིན་རེ་ལས་ཉིན་རེར་ལུས་ཟུང་ཟད་ནས་སྟོབས་ཤུགས་མེད་པར་གྱུར་འགྲོ་བའི་ཚོར་བ་ཞིག་སྐྱེས་འོང་།

ཕོ་བ་གཤགས་བཅོས་བྱས་རྗེས་རྒྱུ་མའི་ནུས་པ་དེ་ཡོངས་སུ་དཀྲུགས་པས་ཉིན་རེ་རེར་ཁོག་པ་བཤལ་ནས་ཟ་མ་ཅི་ཡང་འཇུ་རུ་མི་འཇུག མཐོ་ཞིང་བརྗིད་པའི་ཁང་ཆེན་ཞིག་བལྟས་བལྟས་རིག་རིག་ལ་བརྩེགས་རིམ་རེ་རེར་བཞིན་མར་འགྱེལ་ནས་འགྲོ་བ་དང་མཚུངས་ལ། སྐྱོ་གདུང་གིས་གོམ་སྟབས་རེ་རེ་གྱང་ཆག་སྐྱ་ཉིལ་ཁྲོད་སྤོ་བཞིན་ཡོད་ནའང་དེ་དག་གཙང་ཉར་བྱེད་ཐབས་ཟད་ཅིང་། བསྐྱར་འཛུགས་བྱེད་པའི་ནུས་ཤུགས་དེ་བས་ཀྱང་མེད་པར་གྱུར་འདུག

གསུམ།

དེ་ཡང་གཟའ་མཇུག་གི་དགོང་མོ་ཞིག་ལ། སློབ་གྲྭ་གྲོལ་རྗེས་བྱིས་པ་སྨན་ཁང་དུ་ཁོ་མོར་བལྟ་རུ་ཡོང་། ཁོ་བོ་ནད་ཁང་དུ་ཐོན་མ་ཐག་བཤད་རྒྱུར། ཨ་མ། འུ་གཉིས་མཉམ་དུ་ཕྱི་རུ་འཆམ་འཆམ་དུ་འགྲོ་ཟེར། རྨ་ཁའི་ཁབ་སྐུད་ཕྱུང་རྗེས་ཁོ་མོས་ནད་གཡོག་མ་དེ་ཕྱིར་མངགས་ཤིང་རང་ཉིད་མལ་ཁྲི་ལས་བབས་སྟེ་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ཤིང་རྒྱུན་གཏན་གྱི་ལས་ཀ་སྟབས་བདེ་དག་རང་གིས་ལག་ཟུང་འགུལ་ནས་འགྲུབ་ཐབས་བྱས་པ་ཡིན། ཉིན་རེའི་ཞོགས་པར་མོས་སྒྲ་སྡུད་འཕྲུལ་ཆས་བཟུང་ནས་གསར་འགྱུར་ལ་ཉན་ཞོར་དུ་ནད་ཁང་གི་ཁྱམས་ར་ནས་དལ་བར་དལ་བུར་གོམ་སྟབས་སླར་གསོ་བྱས་ཤིང་། དུས་ཚོད་སྐར་མ་གསུམ་ནས་ལྔ། རིམ་གྱིས་སྐར་མ་བཅོ་ལྔ་རུ་རྒྱུན་འཁྱོངས་བྱས་པས་ཕོ་ཁའི་རྨ་ཁ་དེ་ཚ་རེག་གི་ཟུག་གཟེར་དྲང་དྲང་ངེ་བ་ཞིག་སྐྱེས་པས་འཁྱོག་ཅིང་སྒུར་བའི་ལུས་ཕུང་དེ་འཁྱམས་རའི་རྐུབ་སྟེགས་སུ་འཁེན་ནས་ཅུང་ངལ་གསོས་པ་ཡིན། ཡིན་ནའང་རྫས་འགྱུར་སྨན་བཅོས་བྱས་པ་ནས་བཟུང་མལ་ཁྲི་ལས་བབས་ཏེ་ཐང་ལ་འགྲོ་སྐབས་སྒྱིད་པ་ལྷེམ་ལྷེམ་དུ་འདར་ནས་གོམ་སྟབས་འཆོར་འགྲོ་ལ། ལུས་སྟོད་ཤེད་ཀྱིས་ཡར་འགྱེད་མོད་དེ་མ་ཐག་འབུ་གློ་ནུར་བཞིན་མར་སྒུར་འགྲོ། རྩིབ་ན་བྱིས་པ་ཡོད་པས་བརྟེན་ས་འཁེན་ཡུལ་ཡོད་འདུག་སྙམ་པ་ལོས་ཡིན། ཕལ་ཆེར་ལག་ཏུ་མཁར་བ་ཞིག་བཟུང་བའི་ཡན་གྱིས་ཞེ་རྩ་བརྟན་པོར་ཡོད་པར་གྱུར། ཡིན་ཡང་མོའི་རྐང་སྣེ་ལ་རྡོ་བཏགས་པ་ལྟར་གོམ་པ་རེ་རེར་ཡར་འགྱོགས་རྒྱུ་ཤིན་ཏུ་དཀའ་ལ། གོམ་ཁ་བསྒྱུར་ཚེ་ལུས་ཡོངས་སུ་རྔུལ་ཆུའི་ཟིལ་བ་ཕྲོམ་ཕྲོམ་དུ་བཞུར་འོང་། བྱིས་པས་སུན་སྣང་མེད་པར་མོ་བསྐྱོར་ཏེ་ནད་ཁང་གི་ཁྱམས་རའི་ཤར་ནས་ལྷོ་དང་ལྷོ་ནས་བྱང་སོགས་ལ་ཁྲིད་དེ་འཆམ་འཆམ་བྱེད་པ་དང་། ཁོ་མོ་དང་བྱིས་པ་གཉིས་རེ་ཞིག་ལ་སྐད་ཆ་ཅི་ཡང་མེད་པར་ཁ་རོག་གེར་འདུག མོས་རང་གི་བྱིས་པའི་སྔུན་ནས་ཆུང་ངུའི་དུས་སུ་མོས་ཁྱོད་རང་ཁྲིད་ནས་གོམ་སྟབས་བསླབ་པའི་རྣམ་པ་དེ་ཁ་སང་བྱུང་བའི་དོན་དག་ཞིག་དང་འདྲ་བར་ནམ་ཡང་མོའི་སེམས་ངོགས་སུ་ཤར་འོང་ཞེས་བཤད་འདོད། མོའི་སེམས་ངོགས་སུ་བྱིས་པས་ནམ་ཉི་མ་ཞིག་ལ་མོ་བསྐྱོར་ནས་འགྲོ་ངེས་པ་ཞིག་རྨི་ལམ་དུའང་འཁོར་མ་མྱོང་། སྨན་ཁང་དུ་བསྡད་རྗེས་གྲོགས་པོ་སེམས་བཟང་འགའ་རེས་ཁོ་མོར་རང་གི་ལུས་ཕུང་ལ་གཅེས་སྤྲས་མི་བྱ་ཅེས་སྐྱོན་བརྗོད་གནང་ལ། ངོ་མ་བཤད་ན་མོས་རྒྱུན་དུ་རང་གིས་རང་ལ་འདི་ལྟར་བཤད་མྱོང་སྟེ། སུས་བཤད་རུང་ཚང་མས་ཁོ་མོ་བྱིས་པར་ཤ་ཞེན་ཆེ་རབས་གླེང་མོད། བྱིས་པ་ཆེས་ཤ་ཞེན་ཆེ་བའི་རྟགས་མཚན་གཅིག་པུ་ནི་རང་ལ་ལུས་ཕུང་བདེ་ཐང་ཞིག་འཛོམས་ནས་མ་འོང་བར་བྱིས་པ་སྡུག་ལ་མི་གཏོད་རྒྱུ་དེ་ཡིན་སྙམ་ལ། འདི་ནི་ངས་དཀའ་སྡུག་གི་ཉམས་མྱོང་ཁྲོད་བསག་པའི་སེམས་ཀྱི་ཚོར་འདུ་ཙམ་ཞིག་ཡིན། ལོ་ངོ་བདུན་བརྒྱད་ཀྱི་ཡར་སྔོན་དུ་ཨ་མ་རྒྱུན་དུ་འབྱུང་བཞི་ནད་ཀྱི་བཟུང་ནས་སྨན་ཁང་དུ་འདུག་དགོས་པས། མིང་སྲིང་ཚོའི་ཁྲོད་ནས་མོ་གཅིག་པུ་མ་གཏོགས་ཨ་མའི་གམ་ན་སུ་འང་མེད་རྐྱེན་རོགས་བྱ་མཁན་མེད་ལ། མོ་ཕྱོགས་གང་སར་ཡར་རྒྱུགས་མར་རྒྱུགས་བྱས་ནས་ལོ་ལོན་བདག་སྐྱོང་ཐུབ་ཚེ་བུ་ཕྲུག་ལ་ལྟ་རྟོག་བྱ་མཁན་མེད་པ་སོགས་དཀའ་ངལ་མང་བོ་འཕྲད་མྱོང་། སྐབས་དེ་དུས་མོས་རང་སྟེང་གི་གནས་བབ་ལ་ཕྱིར་འདང་བརྒྱབ་དུས། ནམ་ཞིག་ལ་རང་ཉིད་ཀྱང་རྒས་ཤིང་འཁོགས་པར་གྱུར་ཏེ་བརྟེན་ས་འཁེན་ཡུལ་མེད་པར་གྱུར་དུས་རང་གི་བུ་བུ་མོ་ཚོར་དཀའ་ལས་གཏོད་རྒྱུར་ལས་འོས་མེད་སྙམ་མོད། ཉིན་མ་དེ་འདི་ལྟར་ཐུང་མྱུར་ངང་མོའི་མགོ་ཐོག་ཏུ་བབ་ཡོང་བ་བློ་ཡིད་ལའང་མ་ཤར།

འཆམ་འཆམ་དུ་སོང་ནས་ཕྱིར་སླེབས་རྗེས་ཁོ་མོ་མལ་ཁྲིའི་སྟེང་བུད་དེ་རེ་ཞིག་ལ་མིག་ཟུང་བཙུམ་ནས་བསྡད་ཅིང་། གཉིད་གཅོག་ཐེངས་གཅིག་བརྒྱབ་རྗེས་སད་པ་ན། བྱིས་པ་རྐུབ་བཀྱག་ལ་འཁེན་ནས་གཉིད་འདུག་པ་མཐོང་། ཟིན་ཐོ་ཅིག་ཁོའི་བརླ་ཐོག་ཏུ་བཟུང་འདུག མོས་མྱུར་མོ་ཟིན་བྲིས་དེའི་ཁ་ཕྱེ་བ་ན། དེའི་ནང་གི་ཤོག་ལྷེབ་རེ་རེའི་ཚོན་མདོག་མི་འདྲ་ལ། སིལ་ཏོག་གི་མདོག་ལྟར་སྔོ་བའི་ཤོག་ངོས་རེ་གཉིས་སུ་མོའི་རྣམ་པ་དེ་རི་མོར་ཕབ་འདུག་སྟེ། ཁོ་མོར་ནད་ཁྲིའི་སྟེང་ཉལ་འདུག་ཅིང་ངོ་བསྡུས་ཤིང་མིག་ཟུང་བཙུམ་ཡོད་ལ། སྨིན་མ་གཉིས་པོ་ཀྱང་སྔར་བས་འཁྱོག་ཅིང་གུག་པ་ཞིག་བྲིས་འདུག རི་མོ་དེའི་གཡས་ཕྱོགས་ཀྱི་ཀླད་ངོས་ན་གསལ་ལ་མི་གསལ་བའི་ཡིག་འབྲུ་ཐིག་ཕྲེང་འགའ་བྲིས་འདུག་སྟེ།

ཨ་མ་རྫས་འགྱུར་སྨན་བཅོས་བྱས་པས་ངས་ཁོ་མོ་སྐྱོར་ནས་འཆམ་འཆམ་དུ་སོང་བ་ཡིན་ལ། ཚོར་སྣང་ཞིག་ལ་ཁོ་མོ་འདི་ལྟར་བཅར་ནས་སོང་མྱོང་བའི་ལོ་རྒྱུས་ཤིག་ཡེ་ནས་མི་དྲན། ལོ་ངོ་ཉི་ཤུའི་རིང་མཉམ་གཅིག་ཏུ་འཚོ་བ་རོལ་ཡང་། ང་ཕལ་ཆེར་ཁོ་མོ་དང་འགྲོགས་ནས་འདི་ལྟར་སྤྲོ་གསེང་ལ་སོང་མ་མྱོང་བ་འདྲ་ལ། ཐ་ན་ཁོ་མོར་སེམས་ཁུར་དང་སེམས་གསོའི་སྐད་ཆ་ཙམ་ཡང་བཤད་མྱོང་བ་ཡིད་ནས་མི་དྲན། སྐབས་འདིར་ངའི་སེམས་ལ་འགྱོད་གདུང་གི་རྦ་རླབས་རེ་རེར་གཅིག་ལང་གཅིག་འཇགས་ངང་འཕྱུར་འོང་ལ། ཤ་ཚ་ཞིང་སྙིང་ཉེ་བའི་མ་དྲིན་མོ་ཆེ་ཁོང་ལ་ཐེངས་གཅིག་འཐམས་ནས་ངུ་སྙིང་ཤིག་སྐྱེ་བྱུང་། ཨ་མ་ལོ་ན་འགྲེས་འདུག ངའི་འདེགས་སྐྱོར་འོག་ཁོ་མོས་ཧ་ཅང་ཡིད་ཚིམས་པའི་ངང་གོམ་པ་རེ་རེར་ཕར་སྤོས་ནས་འགྲོ་ཞིང་། དེ་མུར་ངའི་རང་སེམས་ཀྱི་གཏིང་རིམ་ན་སྦས་པའི་གནོང་འགྱོད་དང་དངངས་འཚབ། ལེ་གདའ་སོགས་འགེབས་ཐབས་བྲལ་ཅིང་། ཨ་མ་དྲིན་མོ་ཆེའི་དཀའ་དྲིན་འདི་བསམ་ན། ངས་ཁོ་མོར་མང་བོ་མང་བོ་ཞིག་ཆད་ཡོད་ལ། ངོ་མ་བཤད་ན་ངའི་ཡུན་ཐུང་གི་མི་ཚེ་འདིས་བཀའ་དྲིན་རི་རབ་ལྟ་བུ་ཇི་ལྟར་གསོ་ནུས་ཨང་།

ཨ་མ་ནི་ངའི་མི་ཚེ་འདིའི་ཆེས་ཆེ་བའི་རྒྱུ་ནོར་ཡིན་ལ། ད་རག་བར་ངའི་བསམ་པའི་འདུ་ཤེས་ལས་ཤར་མ་མྱོང་བའི་ལོངས་སྤྱོད་འཛད་ཐབས་མེད་པ་ཞིག་རེད་ཅེས་བྲིས་འདུག

དྲོད་སོབ་སོབ་ཀྱི་སྐད་ཆ་ཐིག་ཕྲེང་གཉིས་པོས་མོའི་ཞེ་སེམས་རབ་ཏུ་སྒུལ་བས་མིག་ཟུང་མཆི་མས་སྒྲིབ་ཅིང་ འགྲམ་པའི་འཁུར་ཚོས་བརླན་པར་བཏང་། དལ་བ་དལ་བུར་ཟིན་ཐོ་དེའི་ཁ་ཟུམ་རྗེས། དགའ་འགུའི་མཆི་མ་བསྙིལ་བའི་མིག་ཟུང་དེའང་དལ་གྱིས་བཙུམ་པ་དང་དེ་མཚུངས་སུ་བྱིས་པ་ཆེས་ཤ་ཞེན་ཆེ་བའི་རྟགས་མཚན་གཅིག་པུ་ནི་རང་ལ་ལུས་ཕུང་བདེ་ཐང་ཞིག་འཛོམས་པ་དེ་ཡིན་ཞེས་མོས་རང་གིས་རང་ལ་ཁ་རོག་ངང་གསལ་འདེབས་ཀྱི་ཚུལ་དུ་གོང་གི་སྐད་ཆ་དེ་བསྐྱར་ཟློས་བྱས་ཤིང་། རང་གིས་རང་ལ་སྙིང་ཕུར་འདེབས་བཞིན་ནད་གདོན་དང་འཐབ་རྩོད་བྱེད་པའི་ཆོད་སེམས་བཅངས་ཤིང་། ཚེ་མཇུག་འདིར་བདེ་ཐང་གི་ལུས་སེམས་ཀྱིས་བྱིས་པའི་མ་འོང་བའི་འཇིག་རྟེན་ལ་མཚར་སྡུག་གི་བཀྲག་མདངས་སྩོལ་ཐུབ་པའི་སྨོན་ལམ་སྙིང་ནས་འདེབས་བཞིན་མཆིས་སོ།།



རྩོམ་ཡིག་རྗེས་མ།
ཁོང་སྨེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1