དུས་ཀྱི་མཁའ་ནས་ཡལ་བའི་སྒྲ་གཅན།

གཅན་རང་སད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


ར༵ང་བཞིན་གྱིས་གྲུབ་སྤོབས་པའི་བག་ཆགས་མངལ་གྱི་རྒྱ་དང་ལྷན་ཅིག་གྲོལ༵།།

མང་ཐོས་དྲི་མེད་རིག་པའི་གཤོག་རླབས་གཙུག་ལག་གནམ་གྱི་ཐོང་གར་རྩེན།།

ཤར་ནུབ་རིག་གཞུང་རྒྱ་མཚོའི་ཕ་མཐའ་ཉམས་ཞིབ་འཕུར་ལྡིང་གཅིག་གིས་གཞལ།།

དཔྱོད་ཤེས་གསེར་གྱི་མིག་དབང་བརྙེས་པའི་རིགས་ཀྱི་ཁྱུང་ཆེན་འདིར་ཡང་དྲན།།

ན་ཚོད་ཟླ་ཚེས་ཕྲ་མོའི་དུས་ནས་ཤེས་བརྩོན་རི་དྭགས་མཚན་མས་འཁྱུད།།

ལྕེ་ཞགས་འོད་རྣོན་མཚོན་གྱི་འཁོར་ལོས་ལོག་བཤད་མུན་པའི་སྲོག་སྙིང་ཟ།།

ཕྱོགས་ཀྱི་དྲེགས་ལྡན་བདེ་འབྱུང་རལ་བ་ཞབས་སྐྱེས་ནོར་བུའི་གདན་དུ་བླངས།།

དོ༵ན་གཉིས་འཕྲིན་ལས་ལྷུན་གྱིས་གྲུབ༵་པའི་རྒྱལ༵་མཚན་སྲིད་པའི་རྩེ་ལ་དེངས།།

ལང་ཚོའི་རྦབ་ཆུ་འཕྱོ་བའི་ཟིལ་གྱིས་གདོད་མའི་བྲག་ཐེམ་གཉིད་ལས་དཀྲོགས།།

རྐང་ལམ་ཕྲ་མོའི་བླ་གནས་དེད་ནས་བཙན་པོའི་བང་སོའི་ཕྱི་ནང་སྔོག།

དཔྱོད་ཤེས་སྒྲུང་གཏམ་སྒྱུ་རྩལ་ཆང་གིས་འབྲོང་སྟག་ཐང་གི་རྨ་ཁ་བཀྲུས།།

སད་ཀྱིས་བཅོམ་པའི་མེ་ཏོག་ཚོགས་ལ་གསོན་ཤུགས་འབར་བའི་ལང་ཚོ་བསྩལ།།

དྲག་ཏུ་མཆོང་ལྡིང་བྱེད་པའི་སྙིང་གིས་ཁྲག་རྒྱུན་གསར་བའི་མཆོད་ཡོན་སྦྲེངས།།

རྩྭ་ཐང་དྲན་གླུ་ལྷོད་ཀྱིས་གྱེར་ཞིང་འབོལ་རྩོམ་ཞོགས་པའི་སྐྱ་རེངས་བསུས།།

མགུར་གླུའི་ལོ་རྒྱུས་ཉི་མ་གཞོན་ནུ་རིག་པའི་ཁྱེའུའི་གྲོགས་སུ་བཀུགས།།

ཨེ་མ་མཚོ་དེ་སྔོན་པོ་ལ་ནི་མི་རིགས་ཤིག་གི་རྣམ་ཤེས་འཁོར།།

སྤྲིན་དཀར་འདབ་མའི་ཡང་ཟོར་གར་གྱིས་རྩོམ་པའི་མཁའ་ལམ་ཡངས་པོར་བཤངས།།

མི་རྟག་སྒྱུ་མའི་རྨི་ལམ་ཟབ་མོས་ཀུན་ཡིད་རབ་དགའི་དཔལ་ལ་བཀོད།།

གཞོན་ནུའི་ཡིད་ཀྱི་མཛེས་རྒྱན་མཆོག་ཅིག་མཚོ་བྱུང་ངག་གི་མཛོད་ལས་བརྐུས།།

རྒྱལ་སྲིད་སྣ་བདུན་འབེལ་གཏམ་རིང་མོས་ཚངས་ཆེན་གདོང་ལ་དམར་འོད་བྱུགས།།

དྲི་བཞོན་བུ་མོའི་ཉམས་འགྱུར་བརྗོད་པས་རང་དབང་ལྷུག་རྩོམ་སྒོ་མོ་ཕྱེས།།

བསྟོད་པ་བཀླགས་པའི་འཆར་སྣང་བརྩམས་ཏེ་ཤེས་དམན་སྙིང་ལ་ཚེར་མ་བསྣུན།།

སྤྲུལ་སྐུ་རྫུན་མའི་གདོང་འབག་དབྲལ་ཏེ་ཆོས་འཚོང་མཁན་པོའི་གསང་བ་བརྟོལ།།

མི་ལའི་རྣམ་ཐར་ཚིག་དོན་བཤད་པས་གཟུར་གནས་ཡིད་ཀྱི་བརྟན་པ་འཕྲོག།

ར་མ་ཎ་ཡི་རྟོགས་བརྗོད་འགྲེལ་བས་ཞལ་ཤུལ་མཁན་པོ་ཉལ་སར་འཕངས།།

བྱ་ལེན་མ་ཡི་ཟློས་གར་བསྒྱུར་ཏེ་དགེ་ཆོས་དཔའ་བོར་ཐོ་ཡང་བརྩམས།།

དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་བཀྲལ་བས་གཞོན་ནུ་དཔལ་ལ་བག་ཡོད་བྱིན།།

བཀའ་ཡི་ཕོ་ཉའི་འགྲོ་འོང་གླེང་སྟེ་ལྐོག་གྱུར་མུན་པའི་སེང་རས་བཤུས།།

སྙན་ངག་མགྲིན་པའི་གླིང་བུ་བསྒྱུར་ཏེ་མཚོ་བྱུང་དྲེགས་པའི་བ་དན་བསྙལ།།

སྒྲུང་གཏམ་གབ་ཙེའི་མེ་ལོང་བསྐོར་བས་འཚོ་བའི་གཟུགས་བརྙན་པྲ་རུ་ཕབ།།

དཔྱད་རྩོམ་ཉི་ཟླའི་ཆ་ལང་བསྡེབས་པས་རྨོངས་མུན་སྟོང་བའི་དབྱིངས་སུ་བསྐྲད།།

དགག་སྒྲུབ་ཞོ་འཐུང་རུས་པའི་མཚོན་གྱིས་ལོག་སྨྲའི་ས་འཛིན་རྐང་བ་བཅགས།།

འཆད་པ་ལེགས་འདོམས་ལྷ་ཡི་རྔ་སྒྲས་རྙིང་ཞེན་རི་ཚོགས་ཡོམ་ཡོམ་སྒུལ།།

རྩོད་པ་གདོང་ལྔ་མྱོས་པའི་གད་རྒྱངས་ཕས་རྒོལ་ཝ་སྐྱེས་གཤེད་དུ་ལྡིར།།

རྩོམ་པ་དབྱངས་ཅན་འཕང་འགྲོའི་གླུ་ཡིས་རྣ་བ་བདུད་རྩིའི་མཛོད་དུ་བསྒྲུབས།།

འཇིགས་བྲལ་ཤ་ར་བྷ་ཡི་སྲས་པོ་རིག་པའི་ནགས་ལ་བག་ཡངས་རྒྱུ།།

ལྟག་ཆུ་ཆད་པའི་རྫིང་བུ་མ་ཡིན་མང་ཐོས་གངས་རིའི་ཕྲག་པར་འགྱིང་།།

ཤིང་ལས་བྱས་པའི་སེང་གེ་མ་ཡིན་ལུང་དང་རིགས་པའི་མཆེ་སྡེར་གཡོ།།

གཞན་ཚིག་ཟློ་བའི་ནེ་ཙོ་མ་ཡིན་གསར་བྱུང་གཏམ་གྱི་ང་རོ་སྒྲོག།

འདམ་ལ་བཏབ་པའི་ཕུར་བ་མ་ཡིན་རང་ལུགས་རྡོ་རྗེའི་ཀ་བ་བསླངས།།

རིགས་ཞེན་ལ་རྒྱའི་མེ་ལྕེའི་ཕུང་བོ་ཧི་མ་ལ་ཡའི་མཐོངས་ནས་སྦར།།

ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་བར་སྣང་སྤྲིན་གྱི་ཀློང་ལ་བཏེགས།།

ལེགས་བཤད་གཟི་མིག་དགུ་བའི་ཐང་མ་གངས་ལྡན་འཛིན་མའི་ཁྱོན་ལ་བརྡལ།།

མི་གཤིས་བསུང་ཞིམ་འཐུལ་བའི་ལག་ངར་ཆེ་རྒུའི་གཙུག་གི་རྒྱན་དུ་བསྒྲེངས།།

ས་བཞིན་བརྟན་པའི་ཚུགས་ཐུབ་སྤོབས་པ་ཡར་ཀླུང་གཙང་པོའི་གཞུང་ལ་བསྲིངས།།

ཆུ་བཞིན་དྭངས་པའི་རྒྱུ་འབྲས་བློ་མིག་གཟུར་གནས་གསེར་ཉའི་སྐྱེས་སུ་བསྟབས།།

མེ་ལྟར་ཚ་བའི་གཏན་ཚིགས་རླབས་ཀྱིས་ཨུ་ཚུགས་བྲག་རིའི་གདེངས་ཀ་བསྙིལ།།

རླུང་ལྟར་མྱུར་བའི་ཐབས་ཤེས་གོམ་པས་གནའ་དེང་སྒྱུ་རྩལ་ནགས་ཀླུང་བརྒལ།།

སྲོལ་རྒྱུན་ཞིང་ས་སློག་འདུལ་གནང་སྟེ་བསམ་བློ་གསར་བའི་སོན་བཟང་བཏབ།།

སྔོན་ཐོན་ལྟ་བའི་རྒྱང་ཤེལ་བསྣམས་ནས་བདེན་པའི་ཕ་ཁྱིམ་འཚོལ་ཞིང་སྙེག།

གནའ་རྩོམ་འབྲོང་རྭའི་སྒྲ་སྙན་གྱེར་ཏེ་སྐྱེ་འགྲོ་རྨོངས་པའི་གཉིད་ལས་བསླངས།།

རང་མོས་རྣོ་སྦྲེང་རོལ་མོའི་དབྱངས་ཀྱིས་ཚོར་བའི་ཕྱི་ནང་མ་ལུས་བརླན།།

དྲང་བདེན་རལ་གྲི་དགུང་ལ་འཕྱར་ཏེ་ཚུལ་འཆོས་གདོང་འབག་ཚལ་བར་གཤགས།།

སྙན་ངག་རུམ་ཆང་ཧུབ་ཀྱིས་འཐུང་བཞིན་མི་ཚེའི་ལམ་བུར་ཞབས་རྗེས་བཞག།

ཁྱེད་ནི་བླ་དང་སྲོག་གིས་སྦར་བའི་གངས་རིའི་ལྗོངས་ཀྱི་མེ་ཕུང་སྟེ།།

བསྐལ་བ་སྟོང་ལ་གཟིམས་པ་མེད་པར་ཕྱི་རབས་གཞོན་ནུའི་སྙིང་ན་འབར།།

ཇི་ལྟར་རི་རབ་དབུ་འཕང་མཐོ་ན་འགལ་འདུའི་རླུང་དམར་དེ་ལྟར་ལྡང་།།

མཁྱེན་རབ་སྣང་བ་འོད་དུ་འབར་བའི་སྐར་ཆེན་བདེན་པའི་དབྱིངས་ནས་གཤེགས།།

ཕྲག་དོག་གད་སྙིགས་ཟས་ཀྱིས་རྒྱགས་པའི་ཁྱི་སྨྱོན་ཚོགས་རྣམས་ཀུ་ཅོ་སྒྲོག།

མཁའ་ལྡིང་ཤི་བའི་རོ་ལ་འཐབ་པའི་ཉིན་མོ་ལོང་བར་ཞེ་ནས་ཁྲེལ།།

སྔོན་ཚེ་དགེ་ཆོས་སྨྲ་བའི་སེང་གེ་དངོས་སྟོབས་རིགས་པའི་མཆེ་སྡེར་ཅན།།

བོད་རྒན་དམུས་ལོང་གྲོག་མའི་ཁྱུ་ཡིས་མི་འདོད་ལྔ་བའི་སྟེགས་བུར་བསྒྱེལ།།

དེ་ནས་ཕྲག་དོག་དུག་ཆུས་མྱོས་པའི་རིགས་མཐུན་ལྷ་མིན་དཔུང་ཚོགས་ཀྱིས།།

ངན་སྨོད་མཚོན་ཆའི་གཡུལ་སྦྱོར་བཤམས་ནས་རང་གྲོལ་དཔའ་བོའང་ཕྱི་མར་བརྫངས།།

དགུན་གྱི་སྲིན་མོས་འདྲེ་ལག་བརྐྱངས་ཤིང་སྤྱང་ཚོགས་ངུ་བའི་མཚན་མོ་དེར།།

བྱང་རླུང་དྲག་པོས་ང་རོའི་སྒྲ་འབྱིན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ཀྱི།།

ཆང་དྲི་འཐུལ་བའི་མི་རྐྱང་ཁང་མིག་དུ་བས་གཅུན་པའི་བར་གླགས་ནས།།

མཐའ་མའི་ཞལ་ཆེམས་སྐྱེས་སུ་བཞག་སྟེ་རིག་པའི་དཔའ་བོ་ཞིང་གཞན་གཤེགས།།

དབྱངས་ཀྱི་དྭངས་མ་བདུད་རྩིར་འཇོ་བའི་གསུང་གི་རྒྱུད་སྐུད་དེ་ནས་ཆད།།

ཀ་ཁའི་བརྩེ་བ་གླུ་རུ་འགུགས་པའི་རིགས་ཀྱི་གཞས་པ་གློ་བུར་འདས།།

རི་རབ་འཕར་རྩ་གདངས་སུ་རྩོམ་པའི་ངག་གི་རྒྱལ་པོ་གཏན་དུ་གཟིམས།།

རྨི་ལམ་རིང་མོའི་རྟ་ལ་བཅིབས་ནས་འཇིག་རྟེན་ཕྱི་མའི་གཟིགས་མོར་ཕྱིན།།

ཀྱེ་མ་མཁས་པའི་སྲོག་རྩ་འབྱིན་པའི་རིགས་ལ་མདུན་ལམ་ཡོད་མིན་ཏེ།།

སྤྲེའུ་བྲག་སྲིན་འདུས་པའི་རྒྱུད་ཀྱི་གཉུག་གཤིས་འཕོངས་ཚོས་གཅེར་བུར་མངོན།།

འགའ་ཞིག་སྐྱེས་ཆེན་བཞུད་པའི་རྗེས་ནས་རིན་ཐང་ཚོར་བ་ངོ་ཚའི་གནས།།

ཁ་ཅིག་གཤེགས་རྗེས་ཡ་ག་སྒྲོག་པ་ནང་རྫོང་རུལ་བའི་ཁྲམ་པ་ཉིད།།

མི་ཤེས་པ་རྣམས་ལོ་བརྒྱར་གསོན་ལས་མཁས་པ་ཉིན་གཅིག་བཞུགས་པ་མཆོག།

གང་ཉིད་ང་ཚོར་གཏན་དུ་བྲལ་ཡང་ཤུལ་བཞག་གསུང་རྩོམ་ནོར་བུའི་མཛོད།།

བགྲང་བྱའི་ར་བར་ཤོང་བ་མིན་པ་ཚེ་རིང་རྣམ་དྲུག་ཞལ་གྲངས་ཅན།།

འཛད་མེད་བསམ་པའི་ལོངས་སྤྱོད་ཉིད་དམ་རྫོགས་མེད་སྟོབས་ཀྱི་འབྱུང་ཁུངས་ལགས།།

གལ་སྲིད་དུས་ཀྱི་འཁོར་ལོའི་བགྲོད་པ་ལན་གཅིག་ལྡོག་པའི་ཐབས་རྙེད་དེ།།

མི་ལོ་སོ་དྲུག་བདེ་བར་གཟིམས་ལས་སླར་ཡང་སད་པའི་སྐབས་མཆིས་ན།།

དུས་ཀྱི་མཐའ་འདིར་མུ་ཅོར་སྒྲོག་པའི་རྩོམ་རིག་མཁན་པོར་རློམ་པ་དག།

དགུན་གྱི་ཁུ་བྱུག་སྲིད་ལ་དབང་བསྐུར་གཙུག་ལ་ཞབས་སྐྱེས་འགོད་པར་ངེས།།

བློ་དམན་ཅོལ་ཆུང་རྒྱུ་སྐར་ཚོགས་རྣམས་མཁྱེན་དཔྱོད་རྩལ་གྱིས་སྤ་བཀོང་ཞིང་།།

མཁས་རློམ་དྲེགས་ལྡན་ཉི་ཟླའི་ཟིལ་ཀྱང་མོག་པོར་བྱེད་ལ་མི་བསྙེངས་པ།།

རྩོམ་རིག་མཁའ་ལ་ཐོགས་མེད་རྒྱུ་བའི་འཇིགས་མེད་སྤོབས་པའི་མཐུ་སྟོབས་ཅན།།

རང་གྲོལ་སྒྲ་གཅན་སྲས་པོ་གང་དེ་དྲན་པའི་སྙིང་ཁྲག་ལན་གཅིག་གཡོས།།

འདི་ནི་ཕྱོགས་ལྷུང་འུར་བསྟོད་མ་ཡིན་ཟོལ་མེད་གཏམ་གྱི་རང་སྒྲ་སྟེ།།

ཡུལ་ལུང་འཐེན་འཁྱེར་གཅམ་ཚིག་མ་ཡིན་ངེས་དོན་བདེན་པའི་རི་མོ་ཉིད།།

ཟོལ་སྦྱོར་བཅོས་མའི་སྒྲོ་བཏགས་མ་ཡིན་དྲང་གཏམ་ཚད་མའི་ཉག་ཕྲན་མདའ།།

ཕྱོགས་སྔའི་འབེན་ལ་དམིགས་པ་མིན་ཡང་ཟུག་རྔུ་བསྐྱེད་ན་སུ་ཡིས་ནོངས།།

སྤྱི་ལོ2021ལོའི་ཟླ11ཚེས29ལ།


རྩོམ་ཡིག་སྔོན་མ།
ཁོང་སྨེ།
རྩོམ་ཡིག་རྗེས་མ།
ནེ་ཙོ་གླིང་ཀ (ཞར་བཀོད་གཉིས)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1