ནེ་ཙོ་གླིང་ཀ (ཞར་བཀོད་གཉིས)

སྨེང་བུ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


སྨོན་ལམ་དག་པས་མཚམས་སྦྱར་བ་འདྲ་བས།

སྐྱིད་སྣང་འཆར་སའི་ནེ་ཙོ་གླིང་ཀར།

མི་ལོ་བཅོ་བརྒྱད་རིང་ལ་ཁྱིམ་གཞིས་བཟུང་།

བུ་སློབ་བསྐྱངས།

མཚམས་རེར་ངལ་བ་སྟོར་བའི་ཆང་གཞས་རེ་བཀུགས།

སྣང་བ་སངས་པའི་གླུ་རེ་བླངས།

བསྙེལ་གསོའི་དྲན་ཐོ་རེ་བྲིས།

ཕ་རོལ་ལ་རྒྱང་ལྟ་རེ་བྱས།

སང་ཉིན་དང་ལམ་བུའི་དཀར་ཆག་བྲིས།

མེས་པོ་རལ་བ་ཅན་ལ་གསོལ་བ་བཏབ།

གྱང་ལྡེབས་སུ་ཉིན་དང་མཚན་མོ་བྲིས།

བུ་ཆུང་ལ་ལམ་བུ་རེ་བསྟན།

རང་གིས་རང་ལ་སེམས་རེ་གསོས།

སྨོན་ལམ་རེ་བཏབ།

སྤྱི་ཟླ་བཅུ་བའི་ཉི་མ་མཐའ་མའི་སྔ་དྲོར།

མི་འདོད་བཞིན་དུ་ནེ་ཙོ་གླིང་ཀར་གྱེས་ཕྱག་ཕུལ།

ནེ་ཙོ་གླིང་ཀའི་ཉི་འོད་ལ་སེམས་རེ་ཆགས།

ཉི་འོད་ཀྱིས་ཁྲིད་འོང་བའི་ནེ་ཙོ་མིག་ལམ་དུ་འཆར།

སྐམ་བཞིན་པའི་ལྗོན་པ་དང་།

འཐོར་བཞིན་པའི་ལོ་མ་ལ་གདུང་བ་བཏེགས།

ད་དུང་སྨིན་དྲུག་རྫ་རིའི་སྨུག་སྤྲིན་རྟོག་བཟོ་བྱས།

སྐྱིད་ཆུའི་བཞུར་དབྱངས་ཀྱིས་དཀྲོགས་པའི།

མཚན་མོ་དང་སྐར་ཚོགས་ཡིད་ལ་ཡང་ཡང་བསུས།

ཐོད་པའི་ཁ་ཡིག་ལས་ཀྱིས་བསྐོས་ཚར་བས།

རང་ཉིད་འགྲོ་སའི་ལམ་ཀ་རང་གིས་འདེམ་དགོས།

རང་ཉིད་ཤོང་བའི་ཁང་མིག་རང་གིས་འཚོལ་དགོས།

ཆང་གཞས་སིལ་མ་རང་གིས་དཀྲོལ་དགོས།

དྲན་ཐོ་སྐྱ་བོ་རང་གིས་བསྐྱང་དགོས།

རི་ཚོགས་དང་སྨུག་ལོང་གིས་མཐོང་ལམ་བཀག་ཀྱང་།

སྔར་བཞིན་ཕ་རོལ་ལ་རྒྱང་ལྟ་བྱ་དགོས།

སྦྱོང་དེབ་དང་སྐྱོར་སྦྱང་གིས་བསྡམས་པའི་བུ་ཆུང་ལ།

རང་ཁ་རང་གིས་གསོ་བའི་ལམ་བུ་སྟོན་དགོས།

དུས་ཀྱིས་བསྣད་པའི་གཉོམ་དུང་ངེའི་སེམས་པར།

རང་སེམས་རང་གིས་གསོ་བའི་ལྷན་པ་རེ་རྒྱག་དགོས།

བྱུང་ན་རི་རབ་རྩེ་ལ་འཛེགས་པའི་གཡར་དམ་བཞག་ཡོད།

མ་བྱུང་རི་ལམ་ཉག་གའི་མཚམས་སུ་ངལ་རེ་གསོ་ཆོག

2021ལོའི་ཟླ11ཚེས6གི་ས་སྲོད་དུ་བདེ་ལྡན་གནས་ཚང་སྟེ་ལྷ་ས་གཞིས་ཀར་བསྔགས་པའི་གསོལ་མགྲོན་ཁང་གི་སྟར་སྡོང་ཆེན་མོའི་འོག་ཏུ་སྦྱར་ཞིང་། དགུན་ཉི་ལྡོག་གི་ཉིན་མོར་སྟོད་ལུང་གསེར་སྡིངས་ཁང་གསར་དུ་སྣོན་ཕྲན་བུ་བཏབ།

སྐྱེལ་མ།

བུ་ཆུང་གི་ལྟོ་ཕད་དང་ལམ་རྒྱགས་ཕ་མས་བསྒྲིགས་དགོས་པ་བདེན་ཀྱང་།

ཐོས་པའི་འཇུག་ངོགས་ཀྱི་སྟ་གོན་དང་མྱོང་བ་རང་གིས་གསོག་དགོས།

ལམ་གྱི་སྐྱེལ་ཐུང་དང་སེམས་ཀྱི་སྐྱེལ་རིང་ཕ་མས་གནང་དགོས་པ་བདེན་ཀྱང་།

མི་ཚེ་གང་བོར་སྲུང་ནས་སྡོད་མཁན་ཞིག་མེད་པ་ཅིས་ཀྱང་རྟོགས་དགོས།

བུ་ཆུང་ལ་སྨོན་ལམ་དང་ཁ་གཡང་ཕ་མས་ཞུ་དགོས་པ་ལུགས་སྲོལ་ཡིན་ཀྱང་།

རང་ཚུགས་དང་དཔྱོད་ཤེས་ཀྱིས་འགྲིམ་དགོས་པ་སེམས་ལ་ཟུངས་དང་ཀྱེ།

2021ལོའི་ཟླ3ཚེས21གི་དགོང་དྲོར་རྫོང་བཙན་རི་བོའི་འདབས་རོལ་དུ་སྦྱར།

དགུན་ཐོ་མགྱོགས་བྲིས་མ།

གཡུ་ཡི་གཙང་པོ་བསྐྱུར་ཡོད།

བྱ་ཁྱུ་རིང་དུ་འཕུར་སོང་།

ཁ་བའི་རི་ཚོགས་འདེད་ཀྱིན།

སྲོད་ལ་སྐར་ཚོགས་བཞད་སོང་།

རྒྱབ་ཏུ་སྐྱེལ་མི་མེད་ཀྱང་ཆོག་གི

མདུན་དུ་བསུ་མི་མེད་ཀྱང་ཆོག་གི

བདེ་བའི་སྣང་བ་གཅིག་པུ།

སེམས་ལ་སིམ་སིམ་འཇོ་རོགས།

2022-1-11 བྱང་ཐང་སྐྱ་མོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1