མི་ཞིག་དྲན་དུས། (ཞར་བཀོད་གསུམ)
རྨེ་རུ་མགོན་པོ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26
མི་ཞིག་དྲན་དུས།
ས་ཆ་ཞིག་དང་ས་ཆ་དེའི་ནམ་མཁའ་དྲན་འོངས།
མཁའ་མཐར་དཔྱངས་པའི་ཟོར་དབྱིབས་ཀྱི་དུང་ཟླ་དང་།
མག་མོག་ཏུ་འཚེར་བའི་སྐར་ཕྲན་དག་ཀྱང་རེ་རེ་བཞིན་དྲན་ཡོང་།
ཡང་དང་བསྐྱར་དུ་ས་ཆ་ཞིག་དྲན་པ་ནི།
ས་ཆ་དེའི་མི་ཞིག་ཡང་ཡང་དྲན་པས་རེད།
ཡང་བསྐོར་བསྐྱར་བསྐོར་གྱིས་མི་ཞིག་དྲན་པ་དེ།
སྐྱ་མདོག་གི་དུས་ཚིགས་ལ་ལྗང་མདོག་གི་ངོ་འབག་བྲི་བ་དང་མཚུངས་ཀྱང་།
སེམས་ཀྱི་སྒོ་མགར་གྲུ་བཞིར་རེ་བའི་སྒེའུ་ཁུང་ཕྱེ་ཚུལ་ཞིག་ཏུ་བསམ་ཆོག
སེམས་གཏིང་ནས་མི་ཞིག་དྲན་དུས།
ཆུ་ནང་དུ་ཟླ་གཟུགས་ཕྱེད་ཀ་ཞིག་འགུལ་ཙམ་གཡོ་ཙམ་བྱེད་པ་མཐོང་ཡོང་།
བཞུད་ཟིན་པའི་མི་ཞིག་དྲན་དུས།
སྒྱུ་མའི་ཁམས་ཆེན་མོའི་ལྟར་སྣང་གི་བསླུ་བྲིད་ཡོད་ཚད་དང་།
ཅིས་ཀྱང་འབྲེལ་ཐག་ཆོད་པའི་ཁས་འཆེས་ཡོད།
སེམས་གཏིང་ནས་མི་ཞིག་དྲན་དུས།
འཇིག་རྟེན་གྱི་ཁ་དོག་དང་རྣམ་པ་གང་ཞིག་ལ་ཡང་།
ཞེ་གཏིང་ནས་ཡི་ག་ཆད་ཡོང་།
གཏན་དུ་ཕྱིར་འོངས་མེད་པ་ཤེས་བཞིན་དུ།
མི་ཞིག་གི་རྒྱབ་གཟུགས་ལ་ཡང་ཡང་བལྟ་འདོད་པ་ནི།
སྡུག་བསྔལ་ནས་བདེ་སྐྱིད་འཚོལ་སྟངས་ཤིག་ཅི་ལ་མིན་ཨང་།
བསླུ་བྲིད་ཀྱི་ཨ་ལོང་།
ཕ་ཡུལ་གྱི་དབྱར་ཁ་ཨང་།
ཁྱོད་ཀྱི་བསླུ་བྲིད་དེ་ཨ་ལོང་ཞིག་རེད།
སྙིང་གི་བྱུར་དམར་ལ་ལན་གཅིག་བརྒྱུས་པ་ཙམ་གྱིས་ཀྱང་།
འབྱུང་བཞིའི་སོ་ཁ་ནས་གས་ཆག་མ་ཤོར་བར་དུ།
ང་ཁྱོད་ཀྱི་ཉི་ཟླ་ལྟ་བུའི་རྣ་ཆ་ཡིན་དུ་ཆུགས།
ཕ་ཡུལ་གྱི་དབྱར་ཁ་ཨང་།
ཁྱོད་ཆར་ཐིགས་ཤིག་རེད།
ཕྱི་གསལ་ནང་གསལ་གྱི་ཆར་གྱི་གོང་བུ་དེ་རེད།
བསླུ་བྲིད་ཀྱི་སྨུག་ལོང་འཐིབས་པ་མིན་ཡང་།
ཡིད་ཀར་འོང་བའི་ཆུ་ཡི་རྡུལ་ཕྲན་དེའི་དཀྱིལ་དབུས་ནས།
ད་རེས་བདག་ཕྱིར་ལ་འབུད་ཐབས་མ་བྱུང་།
ཕ་ཡུལ་གྱི་དབྱར་ཁ་ཨང་།
ཁྱོད་ཨ་ཕའི་ཚོད་རའི་ནང་གི་ལ་ཕུག་སྙིང་ལ་རྗེ་མོ་དེ་རེད།
དམར་མདངས་རྒྱས་ཤིང་འཇམ་ཤ་དོད་པའི།
གཡུ་ཡི་ལོ་འདབ་གསེང་གི་འཛུམ་གྱི་ཀོང་བུ་རེད།
རྨི་ལམ་ལ་གཤོག་སྒྲོ་ཐོགས་པ་མིན་ཡང་།
མདང་དགོང་།
ཁྱོད་ཀྱི་ཟིལ་བ་ཁྲོམ་ཁྲོམ་གྱི་ཚོད་ར་ཆུང་ཆུང་དེ་ནས།
ང་ཞག་མལ་ལ་ལུས་སོང་།
རྨི་ལམ་ལྟ་བུའི།
མངོན་སུམ་ལྟ་བུའི།
ཕ་ཡུལ་གྱི་དབྱར་གཞུང་དུ་སིམ་པའི།
བདག་གི་དྲན་ཤིང་ལྕི་མོ་དེ་ཚོ་ཨང་།
སེམས་ཀྱི་ཉིན་སྲིབ་བཅོ་བརྒྱད།
མཚམས་རེར།
བསིལ་རླུང་གི་གཤོག་པ་མ་བརྐྱང་ཡང་།
ཐ་ན་གྲིབ་གཟུགས་ཀྱང་གཡོ་འཁྱོམ་གནང་དོན་ཅི་ཨང་།
ལན་རེར།
ཡིད་འོང་གི་ཕྱིར་དྲན་ཕྲ་མོ་ཙམ་གྱིས་ཀྱང་།
གློ་རྡེག་ལ་མིག་མཐའ་ཆུ་ཡིས་བརླན་དོན་ག་རེ་ཡིན།
བར་རེར།
འདི་དང་ཕྱི་མའི་བར་གྱང་ནག་པོས་མ་བཅད་ཀྱང་།
སེམས་དང་བསམ་པའི་བར་ཐག་རི་ཆུ་སྟོང་གིས་ཕྱེས་བ་སུ་ལན་སོང་།
སྐབས་རེར།
རི་ལུང་ཐང་གསུམ་ལ་དགུན་ཟླ་སྐྱ་བོ་མ་ཚེས་ཀྱང་།
ཡིད་ཀྱི་གཙང་པོར་སྨྲེང་བའི་དར་ཁས་བསྡམས་དོན་གང་གི་སླད།
ཐེངས་རེར།
བརྩེ་དུང་དང་འཚོ་ཚིས་མ་གླེང་ཡང་།
སེམས་ཀྱི་ཉིན་སྲིབ་བཅོ་བརྒྱད་རླུང་གིས་བསྐྱོམས་པ་སུ་ལ་གསང་།
2021ལོའི་ཟླ4བའི་ཚེས15ལ།
འཕུར་ཆོག
— རྩོམ་རིག་གི་སྡིངས་ཆ་ཀུན་ལ་ཕུལ།
ཁྱེད་རང་བྲག་ཐེམ་ཞིག་ཡིན།
དབྱངས་གསལ་སོ་བཞིས་བརྩིགས་པའི་བྲག་ཐེམ་ཞིག་ཡིན།
བྲག་ཐེམ་འདི་ནས་སུ་ཡང་འཕུར་ཆོག
རིགས་ཞེན་དང་སྙིང་སྟོབས་ཀྱིས་འཕུར་ཆོག
ཕུགས་བསམ་གྱི་འདབ་གཤོག་བརྐྱངས་ནས་འཕུར་ཆོག
གཤོག་སྒྲོ་འོ་མས་བརླན་པའི་བྱ་ཁྱུ་ཞིག
བྲག་ཐེམ་འདི་ནས་འཕུར་ཏེ།
སང་ཉིན་གྱི་མཁའ་དབྱིངས་ལ།
དུང་མདོག་གི་འོ་མའི་གྲུ་ཆར་འཇོ་ཆོག