མཛོད་དགེ་ཉིན་མའི་ཕུན་ཚོགས་ལ་བསྔགས་པ་དབྱངས་ཅན་ཕང་འགྲོའི་དབྱངས་སྙན།
འབྲོག་བུ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26
བསིལ་ལྡན་གངས་ཀྱི་ལྷུན་པོའི་སྙིང་སྡུག་དེ།། ནོར་འཛིན་བྲང་ལ་ཐན་པས་གཙེས་པ་ན།།
སྤྱན་རས་གཟིགས་ཀྱི་བྱིན་རླབས་སྦྲང་ཆང་གིས།། དེ་ཡི་གདུང་བ་སྐད་ཅིག་བསལ་བར་བྱས།།
ཤ་གཟན་སྤུ་རྒྱལ་བཙན་པོའི་དམག་དཔུང་གིས།། སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་བསྡུས་ཏེ།།
གཞན་སྡེའི་རིགས་ཀྱི་འཁོས་ཞན་འགྲོ་བ་དག། སྲིད་ཀྱི་རྨུ་ཐག་དཀར་པོས་བསྐྱངས་པ་མཚར།།
ཀུན་གྱིས་གླིང་དཀར་སྟོད་ཅེས་བསྔགས་པའི་ཡུལ།། མཛོད་དགེ་ཉིན་མའི་གནས་རི་གཙོ་གྲས་སོགས།།
སྣོད་ཀྱི་བཀོད་པ་ཡུལ་གྱི་ཆགས་ལུགས་འགའ།། སྐལ་བཟང་རྨ་བྱ་དགའ་བའི་གསོས་སུ་འབུལ།།
བོད་ཡུལ་ཆོལ་ཁ་གསུམ་དུ་བཀར་བ་ཡི།། མགྱོགས་འགྲོ་རྟ་ཡི་ས་གཞིའི་ཐིག་ལེ་ན།།
རྒྱལ་བསྟན་གདུགས་དཀར་སྲིད་ན་མཐོ་བ་སྟེ།། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྙན་པ་འཕུར།།
མདོ་རྒྱུད་རིག་པའི་འོད་ཀྱིས་ས་གཞི་བཀླུབས།། མཁས་གྲུབ་སེང་གེའི་གཡུ་རལ་གནམ་དུ་གསིག།
རིས་མེད་འགྲོ་བ་འཚེ་མེད་ཞི་བས་གསོ།། ལེགས་བྱས་གསུང་གི་བདུད་རྩིས་ས་གསུམ་བྲན།།
ལྷ་མིའི་བསོད་ནམས་ཞིང་གི་རྣམ་འདྲེན་མཆོག། འཇམ་དབྱངས་བཞད་པའི་ཞབས་མཐིལ་རི་མོ་ཡིས།།
བྱིན་རླབས་ཟེགས་མ་བསྩལ་པའི་བུམ་བཟང་སྟེ།། མཛོད་དགེ་ཉིན་མའི་ཡུལ་ལུང་ཅུང་ཟད་བསྔགས།།
བྱང་ན་རི་ཚོགས་སྟོང་གིས་རབ་བསྐོར་ཅིང་།། ན་རྒས་བགྲེས་ཉམས་དོད་པའི་སྐུ་བླ་ཞེས།།
གངས་ཀྱི་ལ་ཐོད་སྨུག་པའི་ན་བཟའ་ཅན།། ཡུལ་འདིའི་གཞི་བདག་གཙོ་བོར་གནའ་ནས་བཀུར།།
དེ་ཡི་གཡས་སུ་བྲག་ལུང་གོང་འགབ་ཅེས།། རི་རྩེ་བྲག་གི་ཁང་བཟང་མཁའ་ལ་བསྙེགས།།
རི་སྐེད་ལྗོན་བཟང་འཁྲི་ཤིང་ཐགས་སུ་བཀྲ།། རི་འདབས་ན་སྤང་མེ་ཏོག་ལྡེམ་མེར་གཡོ།།
རི་ཚོགས་དེ་ལས་བརྡོལ་བའི་གངས་ཆུའི་རྒྱུན།། སེམས་ཅན་སྲོག་དབུགས་གསོ་བའི་བདུད་རྩིའི་ཆབ།།
རྨ་ཀླུང་གསེར་ལྡན་ཀློང་དུ་ཞུགས་ནས་ནི།། འགྲོ་དྲུག་བཀྲེས་སྐོམ་གསོ་བའི་ཕྱིར་དུ་རིངས།།
བློན་ཆེན་ཙ་རི་ཨུརྒེ་གོང་ཞོལ་སོགས།། འདབ་མས་ས་གཞི་གནོན་པའི་རི་ཡི་ཚོགས།།
རྒྱུ་སྐར་དོ་ཤལ་ས་ལ་འཕོས་པ་བཞིན།། རེ་རེ་བཞིན་དུ་བགྲང་བ་ངལ་བའི་རྒྱུ།།
ཨ་མྱེ་སྐུ་བླ་ལྷུན་པོའི་ལྷ་ཞོལ་དུ།། པཎ་ཆེན་བཞི་བའི་བཀའ་ལུང་སྦྲང་ཆར་དང་།།
འཇིགས་མེད་དབང་པོའི་ཐུགས་ཀྱི་གཤིན་ས་ལས།། ཚ་གན་བཱེ་ཤིང་དགོན་པ་ལྷན་ནེར་འཕགས།།
བལྟས་ན་མིག་གི་གཟི་དཔལ་འཕྲོག་བྱེད་ཅིང་།། བསམ་ན་དད་པའི་སྤུ་ལོང་གཡོ་བ་ཡི།།
གྲགས་པའི་མེ་ཏོག་འཛིན་པའི་འབྲོག་དགོན་འདི།། ཚེ་ལྡན་ཀུན་གྱི་སྤྱི་བོའི་རྒྱན་དུ་མཆོད།།
འདི་ནས་ཕར་བལྟས་འགོག་པ་རི་སུལ་དུ།། རྩེ་དབུས་གསེར་ཁྲིའི་གཉེན་ཚན་གཅོད་རྒན་གྱིས།།
མནལ་གྱི་ལམ་དུ་བྱུང་བའི་ལུང་བསྟན་བཞིན།། རྩེ་དབུས་བསམ་གྲུབ་གླིང་ཞེས་དགོན་པ་བཏབ།།
སྐྲ་དཀར་རྒན་པོའི་ངག་གི་ཆུ་རྒྱུན་དང་།། དཔྱོད་ལྡན་སྐྱེ་བོའི་ཞིབ་འཇུག་འབྲས་བུ་རུ།།
འདི་ནི་གཡུང་དྲུང་ལུགས་ཀྱི་བོན་དགོན་ཞེས།། མ་གྲོས་གཏམ་གྱི་དབྱར་རྔ་རྡུང་བཞིན་མཆིས།།
སྐུ་བླའི་གཡོན་གཟུར་བར་དབུས་ལུང་བ་ཞེས།། ཕུ་རིང་མདོ་ཡངས་ལུང་ལག་མང་པོ་ཞིག།
འདོ་བ་རྟ་ལ་ཤུགས་ཀྱིས་སྐུལ་ན་ཡང་།། ཉིན་ཞག་གཅིག་གིས་བགྲོད་པ་དཀའ་ཙམ་གདའ།།
རི་ཆུ་བྲག་གསུམ་འཐབ་པའི་མཁར་རྫོང་འདིར།། ཅི་གང་དང་ནི་དབྱར་རྩྭ་རྒུན་འབུ་སོགས།།
སྨན་སྣ་རྩ་ཆེན་ཐང་མར་བརྡལ་བས་ན།། ལྷ་རྗེ་ཆིབས་ཁ་དབང་མེད་འདི་ལ་བསྒྱུར།།
ཤ་རྐྱང་རི་དྭགས་ཁྱུ་དང་ཁྱུ་བྱས་ཏེ།། རྩྭ་མཆོག་བཅུད་ལ་རོལ་བ་མཐོང་གྱུར་ན།།
མཐོ་རིས་དགའ་ལྡན་ཡུལ་དུ་བཞུགས་པ་ཡི།། བརྒྱ་བྱིན་ཡིན་ཡང་སྨོན་པ་ཅིས་མི་སྐྱེ།།
འདབ་ཆགས་སྣ་ཚོགས་སྐད་སྙན་གླིང་བུ་བསྒྱུར།། ཆུ་ཁུར་སྤྲིན་གྱི་གསེབ་ཏུ་ལྡིང་སྐོར་རྒྱག།
སྒྲོ་གཤོག་རླུང་གིས་བཏོག་སྟེ་རྒས་གྱུར་ཀྱང་།། སྲོག་ལ་རྒོལ་བའི་གཤེད་མ་མེད་ཚོད་གདའ།།
བྲག་ཤུག་གླ་ཚེར་སུ་རུ་སྤེན་མ་དང་།། ཨ་དཀར་ཤིང་དང་ལྕང་མ་གླང་མ་སོགས།།
ཟིལ་བ་མུ་ཏིག་འཛིན་པའི་ལྗོན་བཟང་རྣམས།། མགོ་ལྕོག་ལྡེམ་བཞིན་སྐྱེ་སྟོབས་དཔལ་གྱིས་སྙེམས།།
སྐུ་བླའི་མདུན་ལུང་མཚོ་དང་རྡོ་དཀར་མཚོ།། གཡུ་ཡི་མེ་ལོང་ཕྱིས་འདྲའི་མཚོ་ཆུང་དག།
མཚོ་འཇིངས་ཉ་སྲམ་བྱེ་བའི་གནས་བྱེད་ཅིང་།། མཚོ་ངོགས་སྤྲིན་དཀར་རྒྱུ་བའི་ལྡིངས་ཀ་འོ།།
རི་རྒྱུད་འདི་དང་དཔུང་བ་ཉེར་སྦྲེལ་བའི།། འབྲོང་གི་རྫ་རྒན་ཕྱུག་མོ་ཞེས་བྱ་བ།།
རིན་ཆེན་གསེར་གྱི་བྱེ་མས་གཏམས་པ་དེས།། གཙུག་ན་རིན་ཆེན་སླེབས་ཀྱང་ཁེངས་པ་གཅོག།
དཀན་གཟར་རི་བོའི་ལམ་འཕྲེང་འཇིགས་པ་ཆེ།། བྱ་གླག་ཐོལ་གྱིས་འཕུར་ཚེ་སྙིང་རྩ་འདར།།
བཙག་རླུང་གྲང་ངར་ཐུ་ཞིང་ཁ་ཆར་རྒོད།། གཡག་རོག་ཀོ་ལྤགས་མཐུག་ཀྱང་བཟོད་རེ་སྐན།།
བརྗིད་ཆགས་ལྷུན་པོ་དེ་ཡི་ཉེ་དྲུང་ན།། དབང་འདུལ་བྲག་དམར་ཨར་སྐྱ་དགྲ་འདུལ་སོགས།།
ཡུལ་འདིའི་འཕྲིན་ལས་སྐྱོང་བའི་གཞི་བདག་རྣམས།། མདའ་མདུང་གཟེང་ངེ་མཐོང་ན་སྤོབས་པ་སྐྱེ།།
ཚོགས་གཉིས་བསོད་ནམས་ལྷུན་པོའི་གངས་ཁྲོད་ནས།། འབབ་པའི་འབྲོང་ཆུ་ཤར་ཆུ་རྒྱུ་ཆུ་སོགས།།
རྒྱུན་རིང་ཆུ་ལག་ཡན་ལག་བརྒྱད་ལྡན་པ།། དཀར་ནག་ཕྱུགས་ཁྱུ་གསོ་བའི་བདུད་རྩི་སྨན།།
གོལ་མའི་ཆུ་མིག་རྒྱུ་སྐར་གྲངས་ལ་འགྲན།། མ་རྒད་མདངས་འཛིན་ས་གཞི་མཛེས་ཤིང་སྡུག།
ཚྭ་ཁ་ཞེས་པའི་ཐང་གཞུང་འབྱམས་ཀླས་པ།། རང་བྱུང་ཚྭ་ཡི་གན་མཛོད་ལྟ་བུར་མཐོང་།།
ཡུལ་ལྷ་ཨ་སྐྱའི་སྒང་ནས་ཐུར་བལྟས་ཚེ།། ལང་ཚོའི་འཕྱོར་ཉམས་འབར་བའི་གཞོན་ཤ་ཅན།།
དྲེགས་པའི་ཉམས་ལྡན་རྨེ་ཆུ་ཕྱུག་མོ་དེ།། རྨ་ཀླུང་སྔོན་མོར་འདྲེས་པའི་རྣམ་པ་མཐོང་།།
ཡུལ་འདིའི་རི་ལུང་ཐང་གསུམ་ཆུ་ཀླུང་མཛོད།། རྐང་འཐུང་ལྗོན་པའི་རིགས་དང་རྩྭ་རྩི་ཤིང་།།
མགོ་ནག་མི་དང་སྒོ་ཕྱུགས་དུད་འགྲོ་ལ།། དུས་བཞིར་ཕན་བདེ་བསྐྲུན་པ་བརྗོད་ལས་འདས།།
རྨ་ཀླུང་དལ་འགྲོ་གསེར་འབྲུག་འཁྱུག་རྩལ་ཅན།། ཤར་ནས་ནུབ་ཏུ་འཁྱོག་པའི་ཁུག་པ་འདིར།།
རྨ་ཁུགས་དང་པོ་ཞེས་པའི་སྙན་པ་འབར།། དོན་ལ་དེ་བཞིན་ལེགས་པས་བསྔགས་པར་འོས།།