ངའི་རྩེད་རོགས་སྲང་ཁྱི་དེ་དག

འཆི་མེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


ཨ་ནེ་ལ་བྱིས་པ་མེད་པས་ང་རང་བུ་སྐལ་དུ་བླངས་ཡོད་ནའང་། མོ་ལ་ཧཱ་ཐོ(ཧཱ་པ་ནི་ཨ་མདོའི་ཁ་སྐད་དེ་ཁྱི་གུའི་མིང་དང་ཧཱ་ཐོ་ཡང་ཁྱི་གུའི་གཅེས་མིང་ཡིན།)ཟེར་བ་ང་ལས་ལྡབ་འགྱུར་གྱི་འདང་ཆེན་ཞིག་ཡོད། ཧཱ་ཐོ་ནི་སྣ་ཐུང་ཞིང་སྤུ་རིང་བོ་ནག་ཀྲིག་ཀྲིག་བྱེད་པ། འགྲམ་སོ་ཆེ་བ་གཉིས་ཁའི་གཡས་གཡོན་ན་ཕྱིར་བུད་པའི་ཁྱི་གུ་ཞིག་ཡིན། ཧཱ་ཐོ་ནི་ནམ་ཡང་ཧཱ་ཐོ་ཡིན་ཏེ། འགྲོ་དུས་ཨ་ནེས་སེལ་བོའི་ནང་དང་ཡང་ན་པང་དུ་བཟུང་ནས་འགྲོ་དགོས་ཤིང་། སྡོད་དུས་ཨ་ནེའི་པང་ནས་སྡོད་པ་རེད་ལ། ཉལ་དུས་ཀྱང་ཨ་ནེས་རུམ་དགོས་པ་རེད།

ང་ཚོར་ཤ་རྡོག་ཙམ་ཡང་གཙབ་རྒྱུ་མེད་དུས་ཧཱ་ཐོར་ངེས་པར་ཤ་ཉུང་ཙམ་བཙོས་ནས་ཨ་ནེས་བལྡད་དེ་སྟེར་དགོས་ཤིང་། ནངས་ཇ་དང་གུང་ཇར་ཧཱ་ཐོར་མར་དང་རྩམ་པ། ཀ་ར་དཀར་བོ་གསུམ་ག་གཡོས་ཏེ་ཐོག་མར་ཨ་ནེའི་ཁ་ནང་དུ་བླངས་ཏེ་ཚ་གྲང་བསྙམས་རྗེས་ད་གཟོད་ཧཱ་ཐོར་སྟེར་དགོས་པ་རེད། མར་རྙིང་དང་ཀ་ར་ནག་པོ་འཕངས་ཏེ་བརྫིས་པའི་སྤགས་ནི་ཧཱ་ཐོས་ཁར་ལེན་མི་སྲིད། སྐབས་སྐབས་སུ་ངས་གོ་སྐབས་གང་འགྲིག་ལ་བལྟས་ཏེ་ཧཱ་ཐོའི་ཀ་ར་དཀར་པོའི་སྣོད་ལ་ལྕེ་ལྡག་རེ་བྱས་པ་ཡིན།

ཧཱ་ཐོ་ནི་ཕྱུག་པོའི་གཅེས་ཕྲུག་ལྟ་བུ་ཡིན་པས་ཧཱ་ཐོས་གང་ཡིན་ལ་མཐོང་ཆུང་བྱེད་ཅིང་ང་རྒྱལ་ཀྱང་གཞན་དང་མི་མཚུངས་པ་ཞིག་ཡོད་པ་རེད། སྲང་ཁྱི་ཆུང་ཆུང་རེར་ཐུག་ན་ཧཱ་ཐོས་རྒྱུ་མཚན་ཅི་ཡང་མེད་པར་སོ་བཏབ་ནས་ས་སྣོག་རྡོ་སྣོག་བྱས་ཏེ་གསད་ཅི་ཐུབ་བྱེད་ཅིང་། རང་ལས་ཆེ་བའི་ཁྱི་གུ་རེ་རིག་ན་རྔ་མ་སྒྱིད་ཁུང་དུ་དྲངས་ཏེ་རྒྱང་བསྐོར་ནས་འགྲོ།  

དེ་བཞིན་ཁྱིམ་ནས་ང་ལ་ཐུབ་ཚོད་དང་བརྙས་བཅོས་བྱས་ཏེ། ང་རང་གང་ནས་བསྡད་ན་ཧཱ་ཐོ་ཡང་དེ་ནས་བསྡད་དེ་ང་རང་འགུལ་ཙམ་བྱེད་དུ་མི་འཇུག་ཅིང་། གལ་སྲིད་ང་རང་འགུལ་ཙམ་བྱས་ན་ཧཱ་ཐོས་ང་ལ་སོ་སྙིང་ཚིམས་པ་རེ་འདེབས་པ་རེད། སྐབས་སྐབས་སུ་ཧཱ་ཐོས་ངའི་ལག་པར་སོ་བཏབ་ནས་ཁྲག་དམར་ཙར་ཙར་དུ་བཏང་ནའང་ཨ་ནེས་ཧཱ་ཐོ་པང་དུ་བཟུང་ནས། ཁྱོད་ཀྱིས་ཧཱ་ཐོར་ཅི་བྱས་སོང་ཞེས་ང་ལ་སྡིགས་མོ་གཏོང་བ་རེད། ང་རང་སློབ་གྲྭར་འགྲོ་ཁར་ཧཱ་ཐོ་ངའི་དཔེ་ཁུག་སྟེང་ནས་ཉལ་ཏེ་སྡོད་ཅིང་། ང་རང་ཕྱིར་ཁྱིམ་ལ་ལོག་དུས་ཧཱ་ཐོ་སྒོའི་མ་ཐེམ་སྟེང་ནས་ཉལ་ཏེ་ངའི་འགྲོ་ལམ་འགོག་པས། གལ་སྲིད་ངས་དཔེ་ཁུག་བཙན་གྱིས་འཐེན་པའམ་སྒོ་ཐེམ་སྟེང་ནས་ལྡིང་རྩིས་བྱས་ན་ཧཱ་ཐོ་ངའི་གདོང་ལ་གཟས་ཏེ་མཆོང་བ་རེད། ཨ་ནེ་རྒན་རྒོན་གཉིས་དང་ཧཱ་ཐོ་བཅས་ཁོ་ཚོ་གསུམ་ག་ཉལ་ས་ནི་བསྲོ་ཁང་དྲོ་ས་དེ་ཡིན་ཅིང་། ངའི་ཉལ་ས་ནི་ཁོ་ཚོ་ལས་ལོགས་སུ་གྱང་རྩར་གཏུགས་ཏེ་ས་གདན་ཟད་པོ་ཕྱར་བ་ལྟ་བུ་ཞིག་བཏིངས་ཡོད་ས་དེ་ཡིན་ལ། རྩག་ཐུལ(རྩག་པས་བཟོས་པའི་མལ་ཐུལ།)རྙིང་སོང་སྐྱི་མོ་ཙམ་ལྷག་པ་དེ་ནི་ཆེ་དྲགས་པས་བཀབ་ན་བརྒྱངས་ཏེ་ངའི་ལུས་ལ་མི་འབབ་པ་དང་སྟན་སྲབ་པ་བཅས་ཀྱིས་དགུན་ཟླ་རིང་མོར་གཉིད་དྲོན་པོ་ཁུག་དུས་ཉུང་ཉུང་ཡིན། དེའི་ཁར་ཧཱ་ཐོས་ཀྱང་ང་ལ་ཐུབ་ཚོད་ལྡབ་འགྱུར་གྱིས་བྱེད་པ་སྟེ། ང་རང་ཉལ་བའི་རྗེས་ལ་ཧཱ་ཐོ་བསམ་བཞིན་ངའི་སྔས་འགྲམ་ནས་ཉལ་ཏེ་ང་རང་འགུལ་ཙམ་བྱས་ན་ངའི་མགོ་ལ་སོ་བཏབ་འོང་། ཧཱ་ཐོས་ནམ་རྒྱུན་ང་ལ་དེ་ལྟར་བརྙས་བཅོས་བྱེད་པས་ངས་ཀྱང་ཨ་ནེ་རྒན་རྒོན་གཉིས་གཉིད་དུ་ཡུར་བའི་སྐབས་དང་བསྟུན་ནས། རྩག་ཐུལ་རང་གི་མགོར་གོན་ཏེ་ཧཱ་ཐོར་ཁུ་ཚུར་ཡིད་ཚིམས་པ་རེ་གཞུས་པ་ཡིན་ལ། མཚམས་མཚམས་སུ་མགོ་རུམ་ལ་བཏང་ནས་ཤེད་ཤུགས་ཡོད་ཚད་ཀྱིས་ཕུད་རྒྱག་བྱེད་ཐེངས་གཅིག་གིས་ཧཱ་ཐོ་རྒྱང་དུ་གཡུགས་མྱོང་ཞིང་། ཧཱ་ཐོས་སྐད་ངན་འབྱིན་བཞིན་ཕྱིར་རྩག་ཐུལ་ལ་སོ་འདེབས་ལ་རྒན་རྒོན་གཉི་ག་གཉིད་ལས་བསླངས་ནའང་ངས་མགོ་རུམ་ལ་བཏང་ནས་གཉིད་ཁུལ་བྱས་ན་རྒན་རྒོན་གཉི་གས་ངས་ཧཱ་ཐོར་གཅར་བ་ཤེས་ཀྱི་ཡོད་པ་མ་རེད།

ཡིན་ནའང་ཚལ་སྡེ་བའི་སྲང་ལམ་ཀུན་ཏུ་ང་ལ་སྙིང་ཉེ་བའི་སྲང་ཁྱི་གྲོགས་པོ་མང་བོ་ཡོད། ངས་ཁོ་ཚོ་རེ་རེར་མིང་རེ་ཡང་བཏགས་ཡོད་པས་ཁོ་ཚོས་ཀྱང་རང་རང་གི་མིང་ངོས་འཛིན་ཐུབ་ཀྱི་ཡོད་པ་རེད།

དེའི་ཁྲོད་ཀྱི་ང་རང་ལ་བག་ཆགས་ཆེས་ཟབ་པ་ནི་ཧཱ་པ་ནག་རྡོ་དང་། ཧཱ་པ་མགོ་རོ། ཧཱ་པ་ཀ་མ་ཀོ།(ཀ་མ་ཀོ་ནི་མོ་ཁྱི་ཞིག་ཡིན། མིང་དེ་ཅི་ལྟར་བཏགས་པ་དང་ནང་དོན་ཅི་ཡིན་ང་ལ་རྒྱུ་མཚན་བཤད་རྒྱུ་མེད།)སེང་ཧཱ། ཧཱ་པ་དཀར་དྲིས(དཀར་པོ་དཀར་རྐྱང་ཡིན་པ།)བཅས་ཏེ། ནག་རྡོ་ནི་ཆེ་བར་བཀུར་ཤེས་དང་ཆུང་བར་བྱམས་ཤེས། བཙན་པོ་ལ་མགོ་མི་སྒུར་པ། རང་ལ་ལྟོ་ཁམ་གང་ཡང་མི་ལྷག་ནའང་མང་པོའི་ནང་དུ་མི་འཚང་ཞིང་སྲང་ཁྱི་གཞན་རྣམས་འགྲང་རག་བར་དུ་རྒྱང་ནས་བལྟས་ཏེ་སྡོད་མཁན་ཞིག་ཡིན། ནག་རྡོ་ནི་ལུས་བོངས་རན་ཙམ་དང་སྤུ་ཡི་རིང་ཐུང་ཡང་རན་ལ་ནག་པ། ལུས་ཡོངས་ན་སོ་མ་གཏོགས་དཀར་པོ་ཞིག་མཐོང་དུ་མེད་པ་ཞིག་ཡིན། ནང་ཁུལ་དུ་ཕན་ཚུན་བར་མཆེ་བ་གཙིགས་ཙམ་ཡང་བྱས་མྱོང་མེད་ནའང་ཁྱི་ལྡོམ་གཞན་པས་སྲང་ཁྱི་དག་ལ་ཚུར་རྒོལ་བྱེད་དུས་ནག་རྡོས་རང་གི་སྲོག་འདོར་དགོས་ཀྱང་ཕར་རྒོལ་བྱེད་མཁན་ཞིག་སྟེ་ནག་རྡོ་ནི་དཔའ་དང་སྒལ་ཚིགས་ཅན་ཞིག་ཡིན།  

མགོ་རོ་ནི་ལུས་བོངས་ཆེ་ཡང་སུག་བཞི་ཐུང་ལ་སྦོམ་པ། མགོ་བོ་ཆེ་ཞིང་སྤུ་མདོག་སེར་ལ་མཐུག་པོ་ཡོད་པ་ཞིག་ཡིན། དགུན་ལ་ཉི་མ་ཆེས་དྲོ་ས་དང་དབྱར་ལ་གྲིབ་བསིལ་ཆེས་ལྡན་ས། གྲང་ངར་ཆེ་བའི་མཚན་མོར་སྲང་ཁྱི་མང་བོའི་ཆེས་དཀྱིལ་ལ་འཛུལ་ཏེ་ཉལ་བར་དགའ། སྲང་ཁྱི་གཞན་པས་མགོ་རོའི་གམ་ནས་ཁྱི་གུ་གཞན་ལ་ཅི་འདོད་རྨུག་ནའང་མགོ་རོས་ཁ་ཡ་མི་བྱེད་ལ། མིག་འབྱེད་ཙམ་བྱས་ཏེ་རེ་རེ་ལྟ་བ་ལས་རང་གི་ཁ་མལ་ནས་འགུལ་ཙམ་ཡང་མི་བྱེད། ཡིན་ནའང་ལྟོ་ཞིག་རག་ན་ལག་པ་གཉིས་པོ་ཐད་ལ་སྤོ་ཞོར་སྔ་བ་སྔོན་མ་བྱས་ཏེ་བརྒྱུགས་ནས་གཞན་གྱི་ཁ་ནས་འཕྲོག་ཅི་ཐུབ་བྱེད་ཅིང་། དུས་རྒྱུན་ཁྱི་གུ་ཞིག་གིས་ཕུད་རྒྱག་ཙམ་བྱས་ནའང་སྐད་ངན་འབྱིན་མཁན་ཞིག་ཡིན་ནའང་། ལྟོ་འཐུང་དུས་ཁྱི་གཞན་པས་ཇི་ལྟར་རྨུགས་ཀྱང་ཕོ་བ་འགྲང་རག་བར་དུ་མགོ་དགྱེ་ཙམ་ཡང་མི་བྱེད། མ་གཞི་མགོ་རོ་དེ་འདྲའི་སྡར་མ་ཞིག་ཡིན་པར་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ལྕེའི་སྣེ་ཁའི་ཟུར་ནས་བསྣར་ལུགས་དང་འགྲོ་དུས་ལུས་སྨད་ཡོ་ལུགས་ལ་བལྟས་ན་སྔོན་མ་ཞིག་ལ་སུ་དང་གང་ཞིག་གིས་མགོ་རོར་མནར་གཅོད་ཡ་ང་བ་བཏང་མྱོང་ཡོད་པར་ཐེ་ཚོམ་མེད་པས། མགོ་རོ་སྡར་སྐད་འབྱིན་པར་དགའ་བར་ཡང་ཁག་ཅི་ཡོད་སྙམ། ཡིན་ནའང་ག་དུས་ཡིན་ཡང་གཞན་ལ་རྨུག་མྱོང་མེད་པ་དེ་ནི་མགོ་རོའི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་པ་རེད། ཀ་མ་ཀོ་ནི་གཡོ་སྒྱུ་ཁྲམ་གསུམ་ལྡན་པ་ཞིག་སྟེ། ནམ་རྒྱུན་ཕོ་ཁྱི་ཡིན་ཚད་ལ་མགོ་འབུལ་ལུས་འབུལ་བྱེད་ཅིང་ཕོ་ཁྱི་ཡིན་ཚད་ཀྱི་མགོ་ལུས་ཐམས་ཅད་བལྡག་པར་དགའ་ལ། ལྷག་ཏུ་ལུས་བོངས་ཆེ་ཞིང་བཙན་ཉམས་ལྡན་པའི་ཕོ་ཁྱི་དག་གི་གམ་ལ་སོང་ནས་རྔ་མ་གཡུག་ཅིང་འགྲེ་ལྡོག་བྱེད་ལ་ཕོ་ཁྱི་ཚང་མ་ཡང་ཀ་མ་ཀོ་ལ་བླ་ལྷག་གིས་དགའ་བོ་ཡོད་པ་རེད། ཁྱི་གུ་ཆེས་ཆུང་བའི་རིགས་དང་མི་མཐུན་པ་ཅུང་ཙམ་རེ་བྱུང་ནའང་ཀ་མ་ཀོ་ཡིས་སྐད་ངན་འདོན་པས། སྐབས་དེར་ཕོ་ཁྱི་ཐམས་ཅད་ཞོགས་ཡོང་ནས་ཀ་མ་ཀོའི་རྒྱབ་རྩ་ནས་ལངས་ཤིང་ལྟོ་འཐུང་དུས་ཀྱང་ཀ་མ་ཀོ་ཡོད་ན་ཕོ་ཁྱི་རྣམས་རང་འགུལ་གྱིས་ཕྱིར་བཀྱེད་པ་ཡིན་ལ། སྐབས་སྐབས་སུ་ཕོ་ཁྱི་རྣམས་ཀྱིས་ཀ་མ་ཀོ་བརྩད་དེ་ནང་དམེ་ཡ་ང་བ་རེ་ཡང་བྱེད་ཀྱིན་ཡོད་པས་ཀ་མ་ཀོའི་འཕྱོན་མའི་གཤིས་ཀ་དེར་ང་རང་དགའ་བོ་མེད་ནའང་ཀ་མ་ཀོས་དེ་ཤེས་ཡོད་པ་མ་རེད། སེང་ཧཱ་ནི་ཁེར་འགྲོ་ཁེར་འདུག་ལ་དགའ་ཞིང་ནམ་རྒྱུན་ངའོ་སྙམ་པའི་ང་རྒྱལ་ངང་ན་ཡོད་པའི་ཚོར་བ་སྟེར་མཁན་ཞིག་སྟེ། ག་དུས་ཡིན་ཡང་གཞན་དང་མི་འདྲིས་པར་རང་ཁོ་ན་བག་ལྷོད་ལྷོད་ངང་ས་གཙང་ས་ནས་སྡོད་པར་དགའ་ཞིང་ལྟོ་བྱིན་ན་རྔ་མ་མི་གཡུག་ཅིང་ཐ་ན་ལམ་ཡང་མི་གཡོལ་མཁན་ཞིག་ཡིན།

ལུས་བོངས་ཆུང་ཆུང་སྤུ་རིང་བོས་ཡོངས་སུ་བཏུམས་ཡོད་ནའང་མིག་གིས་ཡོད་ཚད་གསལ་བོར་མཐོང་ཡོད་པ་རེད། མདོར་ན་སེང་ཧཱ་ནི་ཡོད་ཚད་ལ་ཅི་མི་སྙམ་པའི་རྣམ་འགྱུར་འཛིན་མཁན་ནམ་ཡང་ན་གང་མེད་ཀྱང་དོ་ཡོད་སྙམ་སྟེ་ཡོད་པའི་རིགས་དེར་གཏོགས་པ་རེད། དཀར་དྲིས་ནི་སུག་པ་རིང་བོ་ཡོད་ཅིང་སྤུ་མདོག་དཀར་ལ་སྤུ་རྫོང་རན་པ་ནམ་རྒྱུན་ཞེ་སྡང་དང་འགྲན་སེམས་ཀྱི་ངང་ན་ཡོད་པ་ཞིག་ཡིན། དཀར་དྲིས་ཀྱི་ཉེ་འཁོར་དུ་སུ་དང་གང་བཏུད་ཀྱང་ཆེ་ཆུང་མེད་པར་རྨུགས་ཏེ་གསད་ཤག་ཤག་བྱེད་ཅིང་། དཀར་དྲིས་མཐོང་ན་མི་ཁྱི་གཉི་ག་རྒྱང་བཀྱེད་ནས་འབྲོ་ཞིང་དཀར་དྲིས་ཡོད་དུས་སྲང་ཁྱི་གཞན་རྣམས་ལྟོ་ཡང་བཏུང་ཐུབ་ཀྱིན་ཡོད་པ་མ་རེད། དཀར་དྲིས་རྒྱུན་པར་སྲང་ཁྱི་མང་བོའི་གྲས་སུ་མི་ཡོང་ནའང་། ཡོང་ཐེངས་རེར་ལས་ངན་སུ་ཞིག་ལ་རྨུགས་ཏེ་གསད་ལ་ཁད་དུ་བཏང་ནས་ཕྱིར་འགྲོ་བ་རེད། ཡིན་ནའང་དཀར་དྲིས་ལ་ནམ་ཡང་གཉའ་མི་སྒུར་མཁན་གཅིག་ཡོད་དེ། དེ་ནི་ནག་རྡོ་ཡིན། ཁྱི་གུ་གཉོམ་ཆུང་མང་བོའི་ཆེད་དུ་ནག་རྡོས་ལུས་བོངས་རང་ལས་ལྡབ་འགྱུར་གྱིས་ཆེ་བའི་དཀར་དྲིས་ལ་དམར་འཛིང་བྱ་ཕོད་ཅིང་། དཀར་དྲིས་ཀྱིས་ནག་རྡོར་སོ་བཏབ་སྟེ་ཁྲག་དམར་ཆིལ་ཆིལ་དང་བཅས་ས་གཡུག་གནམ་གཡུག སྤྱང་ཀིས་ལུག་རོ་འདྲུད་འདྲུད་བྱེད་ནའང་ནག་རྡོས་སྡར་སྐད་གཏན་ནས་གདོན་མི་སྲིད། སྐབས་དེར་མགོ་རོས་ཚོད་ཚོད་ལ་སྐད་ངན་ཕྱུངས་ནས་བསྐུང་ས་མི་རྙེད་པར་ལུས་པོ་མི་ཤོང་ནའང་མགོ་ཁོ་ན་ཆུ་ཁུང་དུ་བཏང་ནས་སྡོད་པ་རེད།  

ཕྱི་ཉིན་ཡང་དཀར་དྲིས་ཡོང་ནས་ཁྱི་གུ་དག་ལ་ཐུབ་ཚོད་བྱེད་དུས་ནག་རྡོས་ལུས་པོ་རྨས་མ་འདྲུད་ཞོར་སྔར་བཞིན་དཀར་དྲིས་ཀྱི་གདོང་ལ་འབུད་པ་རེད། ནག་རྡོར་དཀར་དྲིས་ཀྱིས་རྨུགས་ནས་ཁ་ཤ་ལྷབ་ལྷུབ་བྱེད་ཅིང་རྐང་བ་གྱོལ་ནས་འགྲོ་དུས་ང་རང་ནག་རྡོར་སྙིང་ཤིན་ཏུ་རྗེ་ན་ཡང་ལོ་དགུ་ཅན་གྱི་བྱིས་པ་ཞིག་ལ་ཐབས་ཤེས་ཅི་ཡང་མེད། རིམ་གྱིས་རིམ་གྱིས་དཀར་དྲིས་ཀྱི་སེམས་ཤུགས་ཉམས་ཀྱིན་ཡོད་པ་ཡིན་ལས་ཆེ། ནམ་ཞིག་གི་དུས་ནས་བཟུང་དཀར་དྲིས་ཀྱིས་ཁྱི་གུ་གཞན་རྣམས་ལ་ཐུབ་ཚོད་མི་བྱེད་ཅིང་ཐ་ན་དེ་ཚོའི་ཉེ་སར་ཡང་མི་བཅར་བར་གྱུར། དེ་ནི་དཀར་དྲིས་ཀྱིས་ནག་རྡོའི་བདེན་པ་མཐའ་འཁྱོལ་གྱི་སྙིང་སྟོབས་མ་ལྕོགས་པ་རེད།

སྐབས་དེར་ནག་རྡོས་བློ་བདེ་བག་ཕེབས་ངང་སྲང་ཁྱིའི་ཚོགས་ལ་རྒྱང་ནས་རེ་རེ་ལྟ་བཞིན་ཉལ་ཏེ་སྡོད་དུས་སྙིང་ཉེ་བའི་ནག་རྡོ་ནི་སྙིང་ཉེ་བའི་ཕ་ལོ་ཞིག་དང་མཚུངས་ཨང་།

ཕྱི་དྲོ་ཞིག་ལ་སྲང་ཁྱི་མང་པོས་འུར་ཟིང་བྱེད་ཅིང་ཁྱི་སྐད་ཆ་ཡོད་ཅིག་གིས་སྐད་ངན་འདོན་བཞིན་འདུག་པ་ཐོས་པས་ང་རང་སྒོའི་ཕྱིར་བུད་ནས་བལྟས་པ་ན། ཨ་ནེའི་ཧཱ་ཐོ་ནག་རྡོའི་ལག་ཏུ་ཤོར་ཡོད་པ་དང་། ངས་ཀྱང་གནས་ཚུལ་དེ་ཨ་ནེ་ལ་མ་བཤད་པར་བལྟས་ཏེ་བསྡད་པ་ཡིན།

ཕལ་ཆེར་ཧཱ་ཐོའི་ང་རྒྱལ་དེ་ནག་རྡོའི་མིག་ལ་མ་རན་པས་ཡིན་ལས་ཆེ་ཡང་ནག་རྡོས་ངའི་ཚབ་ཏུ་ཧཱ་ཐོར་འཁོན་ལན་ཡིད་ཚིམས་པ་ཞིག་བསློགས་སོང་བསམས་ནས་ང་རང་ཧ་ཅང་དགའ་སོང་། ཉིན་དེ་ནས་བཟུང་ཧཱ་ཐོའི་ང་རྒྱལ་ཅུང་ཙམ་བཅོམ་འདུག་པར་འདྲ་སྟེ། གང་ལྟར་ཧཱ་ཐོས་ནག་རྡོའི་གམ་ནས་འགྱིང་ཉམས་སྟོན་ཐུབ་ཀྱིན་མི་འདུག རིམ་གྱིས་སྲང་ཁྱི་ཇེ་མང་དུ་སོང་ནས་སུམ་ཅུ་ལྷག་ཡོད་ཅིང་ཨ་ནེ་བཟའ་ཟླ་གཉིས་ཀྱིས་དེ་ཚོའི་ཕོ་བ་འགྲང་ཐུབ་ཀྱིན་མེད་པ་ཤེས་པས། དགུ་ཆུའི་འགྲམ་ན་ཡོད་པའི་ཐུན་རིན་ཟ་ཁང་གི་ལོགས་ཀྱི་སྐྱུར་ཁུ་བཙག་ས་དེ་ནས་སྐྱུར་ཁུ་བཙགས་རྗེས་ཀྱི་སྙིགས་རོ་བུད་ཙེ(རེབ་གོང་ཡུལ་སྐད་ལ་བུད་ཙེ་ཟེར། རྒྱ་སྐད麸子ཟུར་ཆག་པ་འདྲ། གྲོ་ནས་ཀྱི་ཤུན་པ་ཕུབ་མ་མ་ཡིན་པའི་གཞན་དེའི་མིང་ལ་བོད་སྐད་དུ་ཅི་ཟེར་བ་ངས་ཤེས་མ་སོང)རིན་གོང་སླ་མོས་ཉོས་ཤིང་། ཐུན་རིན་ཟ་ཁང་གི་ཇ་མ་རྒྱ་མོ་ཚོན་པོ་མར་མཚམས་མཚམས་སུ་འོ་མ་རེ་བྱིན་ནས་ཟ་ཁང་ནང་དུ་ལྕགས་ཟོ་ཞིག་བཞག་སྟེ་ཟས་ལྷག་བཏུང་ལྷག་གསག་ཏུ་བཅུག་པ་རེད། ཇ་མ་དེ་ལ་ཚང་མས་རྒྱ་མོ་ཚོན་པོ་མ་ཞེས་འབོད་ཀྱིན་ཡོད་ནའང་ཡིན་པ་ནི་ཁ་ཆེ་མ་ཞིག་རེད།

སྐྱུར་ཁུ་བཙག་ས་དེ་ནི་ར་སྐོར་ཧ་ཅང་ཆེ་ཞིང་ས་གྱང་དང་ལྕུག་མ་བརྩེངས་ཏེ་ལྷས་ར་བསྐོར་ཡོད་པ་རེད། ར་སྐོར་ནང་དུ་བུད་ཙེ་གསོ་སྒྱེ་མང་པོ་བརྩིགས་ཡོད་ཅིང་ལྷས་ན་སྐྱུར་ཁུ་བཙགས་རྗེས་བུད་ཙེ་བངས་ཡོད་པ་དེ་བརྡལ་ནས་སྐམ་ཡོད། དེའི་ནང་དུ་ཙི་གུ་ཧ་རྡ་དང་ཁྱིམ་བྱ་མང་པོ་གང་འདོད་རྒྱུ་ཞིང་བྱ་རྟུག་དང་ཙིག་རྟུག་ཀྱང་གང་སར་ཁེངས་འདུག ཀླད་ཁེབས་ཧ་ཅང་མཐོ་བའི་ཁང་བ་དེའི་ནང་དུ་སོང་ན་ཨར་འདམ་གྱིས་བཟོས་པའི་སྒམ་མཐོ་ལ་ཆེ་བ་མང་པོ་བསྟར་ཡོད་ཅིང་། སྒམ་ལ་ལའི་ནང་དུ་སྐྱུར་ཁུ་ལྟེམས་ལྟེམས་དང་དེའི་ཁ་ན་སྦྲང་ནག་ཀྱང་ཡེངས་ཡེངས་བྱེད། སྒམ་ལ་ལའི་ནང་དུ་བུད་ཙེ་རློན་པར་རླངས་པ་ཐོལ་ཐོལ་དང་སྐྱུར་དྲི་འཐུལ་འཐུལ་བྱེད། སྐབས་སྐབས་སུ་རྒྱ་མི་ལོ་ཡར་གསེག་འགྱིག་ལྷམ་ཡུ་རིང་གོན་པ་ཞིག་གིས་ལག་ཏུ་ལྕགས་ཁེམ་ཡུ་རིང་ཞིག་བཟུང་སྟེ་ཡོང་ནས་སྐྱུར་ཁུ་ལྟེམས་མེར་ཡོད་པའི་ཨར་འདམ་གྱི་སྒམ་ཁར་བུད་དེ་དཀྲུག་དཀྲུག་ལན་འགའ་བྱས་ཏེ་འགྲོ། སྐྱུར་ཁུའི་སྒམ་དེ་དག་གི་ཉེ་འཁོར་ཐམས་ཅད་ན་བྱ་རྟུག་དང་སྒྲོ་སྤུ་ཙིག་རྟུག་གིས་ཁེངས་ཤིང་། སྐྱུར་དྲི་དང་སྦྲང་ནག་གི་བུང་སྒྲ་བཅས་ཀྱིས་མིག་དང་སྣ་དང་རྣ་བ་གཙེ་ནའང་ང་རང་དེ་དག་དང་འབྲེལ་བ་ཅི་ཡང་མེད་དེ། ངའི་འགན་ཁུར་གཙོ་བོ་ནི་ཉིན་རེ་བཞིན་སྙིགས་རོར་གྱུར་པའི་བུད་ཙེ་སྣོད་རེ་རེ་ཡུལ་ལ་འཁུར་དགོས་པ་དེ་རེད། མཚམས་མཚམས་བུད་ཙེ་སྐམ་པོ་ཡིན་དུས་གསོ་སྒྱེ་གང་རེ་ལས་སླ་མོས་ཁུར་ཏེ་འགྲོ་ཐུབ་ཅིང་། ལན་རེར་རློན་པ་ཡིན་དུས་ཁུར་ན་ལྕི་ཞིང་སྒྱེ་མོའི་ཞབས་ནས་སྐྱུར་ཁུ་ཙ་ར་ར་བྱེད་པས་ངའི་ལྭ་བ་ཡོངས་རྫོགས་སྐྱུར་ཁུས་རློན་པར་བསྒྱུར་ཅིང་ཐ་ན་ལྷམ་གྱི་ཕྱི་ནང་ཐམས་ཅད་ཀྱང་རློན་པ་བཟོས་འགྲོ་བས་ང་རང་སྐྱུར་ཁུ་དང་འདྲ།

བུད་ཙེ་ཡུལ་ལ་ཕོག་རྗེས་ཕྱིར་ཟ་ཁང་དུ་ཟས་ལྷག་བླུགས་པའི་ལྕགས་ཟོ་འཁུར་དུ་འགྲོ་དགོས་ཤིང་། མཚམས་མཚམས་ལྕགས་ཟོའི་ནང་ན་ཟས་ལྷག་ལྟེམས་ལྟེམས་བྱས་ཡོད་པས་ཁུར་ཏེ་ཡོང་དུས་ལྕགས་ཟོའི་ཁ་ནས་ཕྱིར་འཕྱོ་ལ་ངའི་མགོ་དང་གཉའ་གོང་ཡོངས་རྫོགས་དམར་ཚ་འདྲེས་པའི་སྣུམ་ཁུས་སྦངས་འཇོག རྗེས་སུ་ལྭ་བ་སྐམ་དུས་སྐྱུར་ཁུ་དང་སྣུམ་ཁུ་འདྲེས་མས་ལྭ་བ་གྱོང་སྟེ་ཡོད་ཅིང་ང་ནི་ནམ་ཡང་ཟ་ཁང་གི་དྲི་དང་ལྡན་པ་ཞིག་ཡིན།

སྡེ་བའི་གཉའ་ན་བ་ཚྭ་ཅན་གྱི་ཆུ་མིག་ཆུང་ཆུང་ཞིག་ཡོད་པ་དེར་སོང་ནས་ཆུ་ཟོ་གང་ཁུར་ནས་ཡུལ་དུ་ཡོང་སྟེ། རྒྱ་སྒོའི་འགྲམ་ན་ཆེད་དུ་ཁྱི་ལྟོ་བསྐོལ་ས་ཐབ་ཀ་ཞིག་ཡོད་པ་དེའི་ཐོག་གི་ཟངས་ང་དྲེག་སྟུག་ལ་སོང་བ་དེའི་ནང་དུ་ཆུ་དང་ཟས་ལྷག བུད་ཙེ་བསྲེས་ཏེ་བསྐོལ་རྗེས་སྲང་ཁྱི་དེ་དག་ལ་ལྟོ་ལྡུད་དགོས་ཤིང་ཁྱི་ལྟོ་ཁོལ་རག་བར་དུ་སྲང་ཁྱི་དག་གིས་ཀྱང་སྒྲིག་ལམ་ཡོད་པའི་སྒོ་ནས་ང་ལ་བསྒུགས་ཏེ་སྡོད་ཅིང་། མཚམས་མཚམས་ཀ་མ་ཀོ་ཁོ་ན་ངའི་གམ་ལ་ཡོང་ནས་ངའི་སྒྱིད་པར་འཕུར་འཕུར་གྱིས་ཁྲམ་རེ་བྱས་ཏེ་བུད་འགྲོ།

ཁྱི་ལྟོ་ཁོལ་རྗེས་ལྟོ་ལྡུད་བྱེད་ཀྱི་ལྕགས་ཕོར་དང་ཅ་ནེ་རྙིང་བ་ཉི་ཤུ་ལྷག་ཡོད་པ་ཉིས་བསྒྲིགས་བྱས་ཏེ་པང་དུ་བཟུང་ན་ངའི་ལག་ནས་འཐོར་འགྲོ་བས་མ་ནེས་མནན་ཏེ་ཁྱེར་ཡོང་ནས་ཐང་དུ་བཀྲམས་མ་ཐག སྲང་ཁྱི་དག་ཀྱང་འུར་ཆི་ལེར་བརྒྱུགས་ཡོང་ནས་རྔ་མ་གཡུག་ཞོར་ཁ་ཤ་ལྡག་ཞོར་ཚང་མ་ངའི་སྟེང་འཐམ་ནས་ངའི་མགོ་ལུས་མེད་པར་བལྡག་པ་དང་། སྐབས་སྐབས་སུ་ངའི་ལུས་སྟོབས་ཀྱིས་མི་ལྕོགས་པར་སར་འགྱེལ་ན་ཡང་དེ་ཚོས་སྔར་བཞིན་ངའི་མགོ་དང་ཁ་ངོ་ལག་པ་བཅས་གང་སར་བལྡག་པས་ཡར་ལངས་དུས་ང་ནི་ཆུར་ལྷུང་བའི་ཙིག་རོ་ཞིག་དང་འདྲ།

སྐབས་དེར་ང་རང་ཁོང་ཁྲོ་ལངས་ཁུལ་གྱིས་སྐད་ཆེན་པོ་རེ་བརྒྱབ་ན་ད་གཟོད་དེ་ཚོ་རང་སར་འགྲོ་ཞིང་ངས་ཀྱང་ཁྱི་རྐོ(རེབ་གོང་ཕྱོགས་ནས་ཁྱི་ལྟོ་ལྡུག་སྣོད་ལ་ཁྱི་རྐོ་ཟེར།)རེ་རེའི་ནང་དུ་ཁྱི་ལྟོ་བླུགས་པ་ཡིན་ལ། སྲང་ཁྱི་དག་གིས་ལྟོ་འགྲང་ཚད་རེ་འཐུངས་རྗེས་ཁ་ལྡག་ཞོར་རང་རང་སར་ལོག་འགྲོ་བས་ངས་ཀྱང་ཁྱི་རྐོ་དག་རང་སར་བཞག ཐབ་ཀ་གཙང་མ་བཟོས་ཚར་ན་གཞི་ནས་ཉིན་གཅིག་གི་ལས་ཀ་སྣ་གཅིག་ཡོངས་སུ་གྲུབ་པ་རེད།

དེ་ལྟར་དུས་ཡུན་གང་འཚམ་སོང་བ་ན་ང་དང་སྲང་ཁྱི་དེ་དག་གི་འདང་བརྩེ་ཇེ་ཟབ་ཏུ་སོང་བས། ང་རང་སློབ་གྲྭར་འགྲོ་དུས་སྲང་ཁྱི་དག་ངའི་རྗེས་འབྲངས་ཏེ་སྡེ་བའི་གོང་གི་སྡོང་རའི་བར་ཡོང་ཞིང་དེ་ནས་ངས་ཁྲོ་ཉམས་བསྟན་ཏེ་སྐད་ཆེན་པོ་རེ་བརྒྱབ་ན་དེ་ཚོ་ཡང་ཕྱིར་ལོག་འགྲོ། ང་རང་སློབ་གྲྭ་གྲོལ་ནས་ཕྱིར་ཡུལ་ལ་ལོག་དུས་དེ་ཚོས་སྔ་གཞུག་བརྩད་དེ་ངའི་མདུན་བསུས་ནས་ལྕེ་ལྡག་བྱས་ཏེ་ང་ལ་གཅེས་གཅེས་བྱེད།

མཚམས་མཚམས་ང་རང་ལས་རེས་པར་ཁེལ་ཏེ་ཡུལ་ལ་ལོག་འཕྱི་ན། སྲང་ཁྱི་ཚོས་སྔར་བཞིན་སྡོང་རའི་གོང་དེར་ཡོད་པའི་དེའུ་འབུར་དེའི་སྟེང་ན་ང་ཡོང་སའི་ཉག་གར་བལྟས་ཏེ་ང་རང་ནམ་ཡོང་ལ་བསྒུགས་ཡོད་པ་རེད།

ལན་རེར་ཨ་ནེའི་རླུང་ལངས་ཕྱོགས་ཀྱིས་དགོང་མོ་ཡིན་ཡང་ཚོད་ཚོད་ལ་ངའི་སྐྲར་འཇུས་ཏེ་སྒོར་འདྲུད་ཀྱིན་ཡོད་པས་སྐབས་དེར་ངས་དཔེ་ཁུག་མཆན་ལ་བཅུག་ནས་མཆི་མ་གཏོང་བཞིན་བསྡད་ན་ངའི་སྙིང་ཉེ་བའི་སྲང་ཁྱི་དག་མ་གྲོས་གཅིག་མཐུན་གྱིས་ངའི་གམ་ལ་རུབ་སྟེ་རིག་རིག་མིག་གིས་ང་ལ་ལྟ་ཞིང་སྡོད། ང་རང་རང་ཡུལ་ལ་འགྲོ་བསམས་ན་མུན་རུབ་ཡོད་པས་འགྲོ་མི་ཕོད་ཅིང་། ནང་ལ་འགྲོ་བསམས་ན་ཨ་ནེས་སྒོ་མི་ཕྱེ། ཡིན་ནའང་ང་ལ་སྙིང་ཉེ་བའི་གྲོགས་པོ་སྐོར་ཞིག་ཡོད་པས་ང་ཚོའི་བར་སྐད་ཆ་མེད་ཀྱང་ང་ཚོས་ཕན་ཚུན་གྱི་བདེ་སྡུག་ཤེས་ཐུབ། དེ་བས་ཨ་ནེས་ཕྱིར་ང་ལ་སྒོ་ཕྱེ་རག་བར་གྲོགས་པོ་དེ་ཚོས་ང་ལ་འདུག་གྲོགས་བྱེད་པ་རེད། ལན་རེར་ང་རང་ཞག་གང་བོར་འགྲོ་ས་མེད་པར་སྲང་ནས་ལུས་པས་ངའི་གྲོགས་པོ་དེ་ཚོས་ངའི་མཐའ་བསྐོར་ཏེ་ནམ་བསྐྱལ་མྱོང་ལ། ང་རང་ཁོ་ཚོའི་དཀྱིལ་ན་ཡོད་པས་གྲང་སྡུག་མ་མྱོང་ཞིང་ཁྱི་ལ་ཤ་དྲོད་ཧ་ལས་པ་ཞིག་ཡོད་པ་ངས་དེ་དུས་རྟོགས།

རིམ་གྱིས་དཀར་དྲིས་གར་སོང་མ་ཤེས་ལ་ནག་རྡོ་ཡང་རྒས་ཏེ་སྤུ་མདོག་དང་མིག་མདངས་ཉམས་འདུག་ཅིང་། ང་ཡང་ཁྱིམ་དེ་དང་ཁ་བྲལ་བས་ང་དང་ངའི་རྩེད་རོགས་སྲང་ཁྱི་ཚོ་ཡང་གཏན་དུ་ཁ་གྱེས།

མི་ཚེ་ད་ཚོད་ལ་བསླེབས་ཀྱང་མཚམས་མཚམས་སུ་ངས་ད་རུང་ཡང་ངའི་སྙིང་ཉེ་བའི་རྩེད་རོགས་དེ་དག་དྲན་ལ་ནག་རྡོ་ལྷག་ཏུ་དྲན་ཡོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1