འབྲུག་དཀར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


འཆི་མེད་རྒས་མེད་རྡོ་རྗེ་བྲག།

བྲག་འདྲ་བའི་ཕ་ཞིག་ཡོད་ན་བསམ།།

བྲག་འདྲ་བའི་ཕ་ཞིག་གང་ན་ཡོད།།

ཕ་མེད་སེམས་ཀྱི་འཁོར་ཕྱོགས་རེད།

____ ཨ་མདོའི་དམངས་གླུ་ལས་དྲངས།

ང་རང་ཕ་ཡུལ་དུ་སྡོད་པའི་སྟོན་མཇུག་ཅིག་ལ། གཞིས་ཀའི་སྦུག་ཁང་གི་ཀ་བ་རྙིང་གོག་ཅིག་གི་ངོས་སུ་ཚེ་འདས་ཕ་ལོའི་ཕྱག་བྲིས་ཤིག་མཐོང་བྱུང་། བྲིས་སུ་བསྟར་པ་ནི་དོན་གྱི་སླད་དུ་མཚན་ནས་སྨྲས་ན་དངུལ་ཆུ་ངྷར་རྨ་བྷ་དྲ་དང་ལོ་ཆེན་རིན་བཟང་རྣམ་གཉིས་ཏེ། བོད་ཀྱི་གཙུག་ལག་རིག་གནས་ཀུན་ལ་ཕྱག་རྗེས་གཞལ་དུ་མེད་པའི་སྐྱེས་ཆེན་དམ་པ་གཉིས་ཀྱི་མཚན་བྱང་རེད། བདག་གིས་ཀ་གདུང་ངོས་སུ་ཨ་ཕས་གཟབ་ནན་གྱིས་ཟིན་ཐོར་བཀོད་པའི་མཁས་དབང་གཉིས་ཀྱི་མཚན་བྱང་དེར་ལག་པས་བྱིལ་བྱིལ་བྱེད་ཀྱིན། ཁོའི་རྒྱུན་པར་སྦུག་ཁང་ལས་དཔེ་རྙིང་ཁ་ཤས་ལ་རྡུལ་སྤྲུག་བྱ་ཞོར་ཕར་སློག་ཚུར་སློག་བྱ་བའི་ཞལ་རས་དྭངས་བཟང་དབང་པོ་ཉིད་སླར་ཡང་ཡིད་ཀྱི་མེ་ལོང་ངོས་སུ་གསལ་ལེར་སྣང་འོངས། རེད་དེ། ངེད་ཀྱི་ཨ་ཕ་ནི་གྲོང་ཚོའི་ནང་གི་ཕ་ལོ་ཕལ་བོ་ཆེ་ནང་བཞིན་འཁོར་བ་འཛིན་སྐྱོང་ལ་ཚེགས་ཡངས་བློ་གསལ་དང་དོན་གཉེར་ཧུར་ལེན་བྱ་བར་མ་གཞི་ནས་འཁོས་ཀ་ཞན་མོད། ཁོ་ལ་རྗེས་སུ་ཡི་རང་གི་ཡོན་ཏན་ཉག་ཅིག་ཡོད་པ་ནི་གྲོང་གསེབ་ཀྱི་མི་སེར་དཀྱུས་མ་ཡིན་ཡང་རྣམ་ཀུན་དཔེ་ཀློག་གི་གོམས་གཤིས་མི་འདོར་བ་དེ་ཡིན། དཔྱིད་སོན་འདེབས་ཀྱི་དུས་དང་དབྱར་རྩིག་ལས་ཀྱི་སྐབས། སྟོན་ལོ་སྡུད་དང་དགུན་ཕྱུག་རྫི་ཡི་གནས་སྐབས་གང་ལའང་། ཁོམ་སྐབས་ཏོག་ཙམ་བྱུང་ཚེ་ཁང་བའི་ཁྱམས་འོག་ནས་འབྲུག་དཀར་སྔོ་ཁྲ་ཞིག་གི་ནང་དུ་ཧུའུ་ནན་རྟགས་ཅན་གྱི་ཇ་ནག་འཐུང་ཞོར་རྟོགས་བརྗོད་དང་རྣམ་ཐར་ཅི་རིགས་བཀླག་རྒྱུ་དེ་ཡིན། རྣམ་ཀུན་ཁོང་གིས་ང་ལ“ཕྱིན་ཆད་ཇ་བག་ཉོ་དུས་ཧུའུ་ནན་རྟགས་ཅན་ཡིན་མིན་ལ་ཅིས་ཀྱང་གཟབ་གཟབ་བྱ་དགོས”ཞེས་ཇ་བག་སྟེང་གི་རྒྱ་ཡིག་གི་ཧུའུ་ནན་ཞེས་པའི་ཡིག་འབྲུ་དེ་གཉིས་ལ་མཛུབ་མོས་མནན་ནས་དྲན་སྐུལ་བྱས་པ་ད་དུང་ཡང་བརྗེད་མི་སྲིད། དེ་བས། དུས་ད་ལྟའང་ཇ་ནག་ཕོར་གང་འཐུང་ཐེངས་རེར་རོ་ཁ་བའི་ཇ་ནག་གར་པོ་དང་ལྷན་དུ་སྙིང་གི་ཕ་ལོ་དང་དཀར་ཡོལ་འབྲུག་རིས་མ་དེ་ཞེ་ལ་ཡང་ཡང་ཐོགས་འོངས། ཕྱིར་འདང་ཞིག་བརྒྱབ་ན། ངེད་ཀྱི་ཨ་ཕ་ནི་ལྷན་སྐྱེས་སུ་ཆང་དང་ཐ་མག་ལ་རུས་རྐང་ནས་ཞེ་དྲག་དགའ་མཁན་ཞིག་རེད། ང་རང་ཕ་ཡུལ་དུ་ལོག་ཐེངས་རེར་ཁོའི་མངགས་བཅོལ་ལྟར་ཚགས་པར་རྙིང་བ་ལྡེབ་མ་རེ་ཁྱེར་ནས་ཕྱིན་ཚེ། ད་གཟོད་འཛུམ་ཀྲིག་ཀྲིག་གིས་ཚགས་པར་རེ་རེ་གྲུ་བཞི་ནར་མོའི་དབྱིབས་སུ་ཐིག་བཏབ་པ་ལྟར་གཤགས་ཏེ། ཤོག་བུའི་ལྟེབས་ཁུད་ལ་ལོ་མ་སེར་བོ་གཅུད་རྐྱང་བྱས་ཏེ་འཐེན་སྒམ་ནང་ཉར་ཚགས་བྱ་ངེས། རྣམ་ཀུན་དབྱར་གཞུང་གི་ཚ་བའི་ཁྲོད་དུ་ཁོས་ངལ་རྩོལ་གྲུབ་ནས་ཕྱིར་རང་ཁྱིམ་དུ་ལོག་ཚེ། སྒོ་རའི་སྦྱར་སྡོང་གི་བསིལ་གྲིབ་འོག་ཙོག་པུར་བསྡད་དེ་སྟོད་ལྭ་དང་རྐང་སྣམ་སྟེང་གི་རྡུལ་དང་འཇིམ་བག་སྐམ་པོ་རྒས་གོག་གི་ལག་པས་སྤྲུག་སྤྲུག་བྱེད་ཀྱིན་འབྲུག་དཀར་ནང་གི་ཇ་ནག་འཐུང་ལ། ཤིན་ཏུ་བྱང་ཆ་དོད་པའི་སྒོ་ནས་ཚགས་པར་གྱི་ལྟེབས་ཁུད་ལ་ལོ་མ་སེར་བོ་གཟབ་ནན་གྱིས་གཅུད་ཅིང་འབར་ཞུན་གྱི་ཚག་སྒྲ་དང་ལྷན་དུ་དུ་བ་སྔོ་ལོག་གེར་འཐེན། ཁོ་ལ་མཚོན་ན་དུས་ཡུན་སྐད་ཅིག་མ་དེ་ནི་སེམས་ཁམས་ཤིན་ཏུ་དྭངས་ལ་སྣང་བ་ལྷག་ཏུ་བྲོད་པའི་གནས་སྐབས་ཡིན་པ་ལུས་ཀྱི་ལྷོད་ཆ་དང་གདོང་གི་བཅོས་མིན་གྱི་རྣམ་འགྱུར་ལས་ལྷང་ངེར་གསལ་འོང་།

ངེད་ཀྱི་ཨ་ཕ་ལ་ཨ་ཅེ་གཅིག་དང་ནུ་བོ་གསུམ་བཅས་ཁོ་ཚོར་བསྡོམས་པས་སྤུན་མཆེད་ལྔ་ཡོད་མོད་སྤོ་བོ་འདས་ཤུལ་གྱི་གཞིས་རྒན་སྲུང་མཁན་ཁོ་རང་ཡིན། ང་རང་བྱིས་དུས་ཀྱི་སྐབས་ནས་ཨ་ཕས་བཞག་པའི་བག་ཆགས་ཆེས་ཟབ་མོ་ནི། བདག་ལོ་ན་བཅུར་སོན་སྐབས་ངེད་ཀྱི་ཕ་རྒན་གྲོང་གསེབ་སློབ་ཆུང་གི་དམངས་སྒྲུབ་དགེ་རྒན་དུ་བསྐོས་འདུག་པ་དང་། སྐབས་དེའི་ཡུལ་ཚོའི་སྦྲགས་སྲིད་ཁང་བརྒྱུད་ནས་གྲོང་ཚོར་འབྱོར་བའི་འཕྲིན་ཡིག་ཚང་མ་ཁོས་འབྱོར་ཡུལ་གྱི་ཡུལ་མི་ཀུན་ལ་ཀློག་འདོན་བྱས་ཏེ་བརྗོད་སྙིང་གསལ་འགྲེལ་བྱ་བཞིན་ཡོད། ཕྱིར་ཡིག་ལན་བསློག་དུས་ཀྱང་ཨ་ཕས་འཕྲིན་ཡིག་གཏོང་མཁན་གྱིས་ཇི་ལྟར་ལབ་པ་དེ་བཞིན་དུ་ཡི་གེར་ཕབ་ནས་རོགས་རམ་གནང་གིན་ཡོད། མ་ཟད་སྤྱི་སྒེར་གཉིས་ལ་མཁོ་བའི་ཁ་བཏོན་གྱི་ཆོས་དཔེ་སྣ་རིང་སྣ་ཚོགས་འབེབ་བཤུའི་ཐད་ལའང་ཁོས་གཡོ་ངལ་ཅི་ཡང་མེད་པའི་སྒོ་ནས་ཁས་ལེན་བྱ་བཞིན་འདུག གནམ་ལོ་གསར་ཚེས་ལ་ཉེ་དུས་སུ་ཡང་ལོ་རབས་བརྒྱད་བཅུའི་སྐབས་ཀྱི་དུད་ཁྱིམ་ཕལ་ཆེ་བའི་ཤིང་སྒོ་དང་ཤིང་གི་སྒེའུ་དྲའི་ངོས་སུ་སྦྱར་རྒྱུའི་སྟག་སེང་ཁྱུང་འབྲུག་དང་། རྨ་བྱ་འཇོལ་མོ་གཙོས་པའི་འདབ་ཆགས་ཅི་རིགས། མེ་ཏོག་བུམ་པ་སོགས་ཀྱང་ཁོས་ཤོག་བུ་དཀར་སེར་དམར་ལྗང་གི་སྟེང་ཞ་སྨྱུག་གིས་སྐྱ་ཐིག་ཕབ་རྗེས་ཁེ་གྲིས་འདྲ་གཏུབ་བྱས་ཏེ་རིན་མེད་ངང་ཞབས་ཕྱི་སྒྲུབ་བཞིན་ཡོད། ལས་ཀ་དེའི་རིགས་ཀྱི་ཐད་ཁོང་ལ་ལྷན་སྐྱེས་སུ་ཡོན་ཏན་དང་དགའ་མོས་ཀྱི་བརྩོན་འགྲུས་ལྡན་པས་དེ་མ་ཐག་ཏུ་ཁས་ལེན་བྱ་སྲིད། དེ་ལས་ལྡོག་སྟེ་འཇིག་རྟེན་འཁོར་བའི་ཉིན་མཚན་དུས་དྲུག་གི་ཁྱིམ་ལས་རྩག་རྩིག་གི་ཕྱོགས་སུ་ཁོ་རང་ལྟོས་བཅས་ཀྱིས་ཅུང་སྒྱིད་ལུག་ཅིང་བློ་གཡེང་བ། ཚེགས་མི་འདོད་པ། མཐོང་ཆེན་དང་ཧུར་བརྩོན་ལ་མི་གོམས་པ་ཞིག་ཡིན་ཙ་ན། དབྱར་དགུན་སྟོན་དཔྱིད་ཀྱི་ལས་ཀའི་བཀོད་སྒྲིག་དང་ལྟོ་གོས་གཏམ་གསུམ་གྱི་འགན་འཁྲི་ལྕི་མོ་ཨ་མ་གཅིག་པུས་ཁ་ལག་མཉམ་ཐོན་གྱིས་སྒྲུབ་ཀྱིན་ཡོད། ང་རང་ན་ཚོད་ཤིན་ཏུ་ཆུང་བའི་དུས་ནས་བཟུང་ཨ་ཕ་ར་བཟི་ཐེངས་རེར། ནས་ཆང་བསིལ་མ་ལྟེམས་པའི་འབྲུག་དཀར་ཅིག་ཚ་ཐབ་ཀྱི་སྔས་འགྲམ་སྟེང་བཞག་ནས་རྗེ་བདག་ཉིད་ཆེན་པོ་དང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཉིང་བསྡུས་རེ་འཆད་ངེས་ལ། འཇམ་མགོན་ས་པཎ་མཆོག་དང་རྗེ་རྒོད་ཚང་བ་མགོན་པོ་རྡོ་རྗེ་ཟེར་ནས་ཀྱང་ཡང་ཡང་བཤུམ་མོད། དེ་དུས་ཁོ་བོ་ལོ་ན་ཤིན་ཏུ་ཕྲ་བས་ཨ་ཕའི་ལྷན་སྐྱེས་ཀྱི་བློ་སྒོ་དེར་སྣང་འཇོག་ཡེ་མི་བྱ་བར་མ་ཟད། ཁོ་ར་བཟི་ཐེངས་རེར། རང་ལ་འབྲེལ་བ་ཏོག་ཙམ་མེད་པ་དག་གི་རྗེས་སུ་བཤུམ་བཤུམ་བྱེད་པ་ནི་དངོས་གནས་སྙིང་བོས་དབུལ་ཞིང་ངོ་གནོང་དགོས་པའི་བྱ་སྤྱོད་ཅིག་ཏུ་བསམ་གྱིན་ཡོད། ཁོས་རེ་ཐག་ཆད་པའི་ཤུགས་རིང་ནར་མར་འབྱིན་ཞོར་ཁྱེད་ཚོ་བླུན་པོ་ཤ་སྟག་རང་རེད་ཟེར་ལ། གཏམ་དེ་ཨ་མས་ཐོས་མ་ཐག ཁོ་མོ་ཁྲོ་ཐག་ཆོད་ནས“ཅི་ཟེར། འཁོར་བ་བྲེ་གང་འདི་ཙམ་ལའང་རང་མགོ་མི་ཐོན་པ་ཞིག་གིས་ང་ཚོ་བླུན་པོ་རེད་ཟེར་བའི་ཁ་དབང་ཞིག་ཁྱོད་ལ་སུས་བསྩལ་པ་ཡིན”ཟེར་ནས་གཤེ་གཤེ་ཚ་ནན་གཏོང་ལ། ངེད་ཕུ་ནུ་མིང་སྲིང་ཚོ་ཡང་དེ་མ་ཐག་ཨ་མའི་གཞོགས་སུ་བསྡད་དེ་ཨ་ཕར་ངོ་རྒོལ་གྱི་རྣམ་འགྱུར་གང་འཚམ་སྟོན་པ་ཡིན།

ཨ་ཕ་ཚེ་ལས་འདས་ནས་མི་ལོ་དགུ་ལྷག་འགྱངས་ཟིན་ལ་ད་ལྟ་རང་ཉིད་ཀྱང་བྱིས་པ་ལོ་བཅུ་གཉིས་ཅན་ཞིག་གི་ཨ་ཕར་གྱུར་ཡོད། ན་ཚོད་རིམ་གྱིས་སྨིན་ནས་འཁོར་བ་སྔས་སུ་བྱས་པའི་ཕོ་ལོ་བཞི་བཅུའི་སྒང་འདིར། བདག་གིས་སྡིགས་མོ་ཐེངས་ཤིག་དང་འགྲམ་ལྕག་ལན་གཅིག་གཞུས་མ་མྱོང་བའི་ཞལ་མདངས་སྨུག་ལ་ལུས་ཕུང་རིད་པ། སེམས་རྒྱ་ཆེ་ཞིང་དམན་ས་འཛིན་པ། ངག་སྒོ་འཇམ་ཞིང་རང་གཤིས་ལྷོད་བག་གི་དྲིན་ཆེན་ཕ་ལོ་རབ་ཏུ་དྲན་བྱུང་།

བདག་གི་ཨ་ཕར་རུས་མིང་གསུམ་ཡོད་དེ་སྐལ་བཟང་རྒྱལ་ནི་ཁོའི་ཆུང་དུས་ཀྱི་སྐྱ་མིང་དང་ཐུབ་བསྟན་ནི་ཁོའི་རབ་བྱུང་བའི་མིང་ཡིན། ཕྱིས་ཀྱི་བནྡེ་ཞེས་པ་ནི་རིག་གསར་སྐབས་སྐྱ་སར་བབས་རྗེས་གྲོང་བ་ཚོས་ཕར་བཏགས་པའི་མིང་ཞིག་ཡིན་ལ། དོན་དུ་ང་ཚོའི་གྲོང་སྡེ་འདི་རུ་མིང་ལ་བནྡེ་ཟེར་བའི་རིག་གསར་སྐབས་སྐྱ་སར་བབས་པ་ཤིན་ཏུ་མང་བས་གྲོང་མི་ཚོས་ཁོ་ཚོའི་མིང་གི་སྔོན་ལ་མཚང་མིང་རེ་བཏགས་ནས་འབོད་ཀྱིན་ཡོད། སྤྱི་ལོ1990ལོར་ང་རང་སློབ་ཆུང་མཐར་ཕྱིན་ཏེ་དམའ་འབྲིང་དུ་བསྐྱོད་པ་ཡིན་ལ་སྐབས་དེའི་སློབ་མ་གསར་བའི་མིང་ཐོ་འགོད་རིན་དམངས་སྒོར་གོ་གསུམ་ཡིན་པ་དང་ཨ་ཕས་ངའི་ལག་ཏུ་སྐབས་དེའི་བརྒྱ་སྒོར་སྔོན་པོ་ཞིག་བཞག་པ་ངས་ད་དུང་ཡང་བརྗེད་མི་སྲིད། རྒྱུ་མཚན། དུས་དེ་ནས་བཟུང་བདག་གི་སློབ་ཡོན་ཆ་ཚང(སློབ་ཆུང་ནས་སློབ་ཆེན་མཐར་ཕྱིན་རག་བར)ཨ་ཕས་རང་ཉིད་ཀྱི་རྔུལ་ཁྲག་ལ་བརྟེན་ནས་བཙུགས་པའི་ཤིང་སྡོང་རེ་རེ་བཙོངས་ནས་སློབ་སྐྱེལ་ལམ་འཇུག་བྱས་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་རེད། བདག་གི་ཨ་ཕ་ཡང་འཁོར་བའི་ངལ་རྩོལ་ལ་གཡོལ་ཅི་ཐུབ་ཀྱིས་འགྲོ་བདེ་འདུག་བདེ་དང་སྐྱེས་ཕོ་རབ་ཀྱི་རིང་ལུགས་འཛིན་མཁན་དེའི་རིགས་སུ་ལར་ནས་མི་གཏོགས་པར། ལས་ཀ་ཅི་ཞིག་བསྒྲུབ་ཀྱང་ཞིབ་འཇོན་ལྡན་པ་ཞིག་ཡིན་ཏེ། ཁོའི་ཞན་ཆ་ཉག་གཅིག་ནི་ལས་གང་ཞིག་བསྒྲུབ་ཀྱང་ཞིབ་འཇུག་ཡང་ཡང་བྱས་ནས་དུས་ཚོད་ཆུད་ཟོས་སུ་གཏོང་བ་དེ་ཡིན། དཔེར་ན། མཁར་རྟིང་དུ་རྡོ་ཞིག་བརྩིག་དགོས་ཚེ་ཡང་གཞན་དག་གིས་དུས་ཚོད་གཅིག་རིང་ཡོངས་འགྲུབ་བྱ་བ་ཞིག་ཁོས་ཕལ་ཆེར་སྔ་དྲོ་ཞིག་གི་དུས་ཚོད་བེད་སྤྱོད་གཏོང་གིན་ཡོད། དེ་ལྟ་ནའང་། ཁོས་གང་བགྱིས་ཀྱི་ལས་ཀ་ནི་ཏན་ཏན་རྨང་གཞི་བརྟན་ལ་བཟོ་བཀོད་ལེགས་པས་བསྐྱར་ལས་ཀྱི་ངལ་བ་བསྟེན་མི་དགོས། ངས་ཤེས་དུས་ནས་བཟུང་ཁོ་ལ་ཤིང་བཟོ་ཡི་ཡོ་བྱད་སྣ་ཚོགས་ཡོད་པར་མ་ཟད་ཤིང་གི་དྲ་སྒོ་དང་ཤིང་སྐས། རྐུབ་སྟེགས་སོགས་ཁོས་གཞོག་གཏུབ་འདྲ་གསུམ་བྱས་པའི་ཤིང་ལས་བཟོས་པའི་ཡོ་བྱད་ཁག་ཅིག་ད་ལྟ་ད་དུང་ཡང་ང་ཚོས་བཀོལ་སྤྱོད་བྱ་བཞིན་ཡོད། ཡང་ཁོང་དང་ན་ཚོད་མཉམ་པའི་གྲོང་མི་ལ་ལའི་ངག་ནས་ངེད་ཀྱི་ཨ་ཕ་གཞོན་ནུའི་དུས་སྐབས་སུ་གསར་བུ་ཕོ་སྒོ་ཅན་ཞིག་ཡོད་པས། བྱ་མདོ①ལུང་ཁོག་ཏུ་ཆོས་ཚ་གྲོང་སྡེ་ཡི་སྐལ་བཟང་རྒྱལ་ཞེས་ན་མི་ཤེས་མཁན་ཕལ་ཆེར་མེད་ཟེར། དེ་དུས་ཨ་ཕ་དང་ངེད་གཉིས་ཕ་ཡུལ་གྱི་དགའ་སྟོན་དུས་ཆེན་གང་རུང་ལ་བསྐྱོད་དེ་ཕྱིར་ལོག་པའི་ལམ་བར་དུ་བུད་མེད་ཁ་ཤས་ཀྱིས་ཁོ་དང་ཁ་གཏད་དུ་ལྟ་སྤྱོད་གང་འཚམ་བསྟན་པའི་བག་ཆགས་ཤིག་ད་དུང་ཡང་ངའི་བློ་ངོར་ཁྲལ་ཁྲུལ་མག་མོག་གིས་སྣང་ལ། ཕར་བལྟས་ཚོད་ཀྱིས་ལུང་བ་དེར་ཁོར་དགའ་མདོག་སྟོན་མཁན་གྱི་ན་ཚོད་མཉམ་པའི་བུ་མོ་ཡང་རེ་འགའ་ཞིག་ཡོད་ལེ་སྣང་།

བདག་གི་ཨ་ཕ་ཆེས་དགའ་བའི་ལས་ཀ་ནི་གྲོང་ཆོག་ལ་འགྲོ་རྒྱུ་དེ་ཡིན། ཕལ་ཆེར་ཁྱིམ་དུ་ལས་ཀ་གལ་ཆེན་མེད་པའི་ཞོགས་པ་རེ་རེར་ཁོའི་ལག་གཉིས་རྒྱབ་ཏུ་བསྣོལ་ཏེ་སྲང་མདོར་འབུད་ཅིང་། གྲོང་གསེབ་སྲང་ལམ་གྱི་ཕུ་དང་མདོ་ལ་རིག་རིག་ཅེར་ནས་རང་ཉིད་གྲོང་ཆོག་ཏུ་འབོད་མཁན་རེ་ཨེ་ཡོང་ལ་རེ་སྒུག་བྱ་བ་ཡིན། སྐབས་དེའི་ཁོའི་ཆ་བྱད་ནི་བྱིས་པ་ལོ་ཆུང་ཞིག་གིས་ཕར་འགྲོ་ཚུར་འོང་གི་གྲོང་མི་རྒན་པ་ཚོའི་ལག་ནས་ཀ་ར་ཞིམ་པོ་ཞིག་རེག་ཨེ་ཐུབ་ལ་བལྟ་བ་དང་གཉིས་སུ་མ་མཆིས། དེ་ཡང་ལོས་ཡིན་ཏེ་གྲོང་ཆོག་ལ་ཕྱིན་ཚེ་ལུས་ཤུགས་ངལ་རྩོལ་བྱ་མི་དགོས་ཁར་ཐུན་གསུམ་ཟས་ཀྱི་བཀོད་སྒྲིག་བཟང་བར་མ་ཟད་འབུལ་བ་ཡང་འོས་འཚམ་རེ་རེག་བཞིན་ཡོད་པས་སྤྱིར་བཏང་གི་ངལ་རྩོལ་ཡོང་འབབ་ལས་ལྷག དེར་མ་ཟད་འབུལ་ཡོན་དེས་རང་ཉིད་བཏུང་རྒྱུར་དགའ་བའི“ཧུའུ་ཀྲུའུ”རྟགས་ཅན་གྱི་ནས་ཆང་དམ་བུ་ཁ་ཤས་ཀྱང་སེར་སྣ་མེད་པར་ཉོས་ཆོག་པས་རེད། ངས་ད་དུང་ཡང་བརྗེད་མི་སྲིད་པ་ཞིག་ནི། མཁར་སྔོན་སྤྲུལ་སྐུ་ཚང་ནང་སོག་ནས་རང་ཡུལ་དུ་ཕྱག་ཕེབས་གནང་ཐེངས་རེར། བྱ་མདོ་ལུང་བ་གཞི་བྱས་ཐག་ཉེ་རིང་ཀུན་གྱི་མཇལ་བ་ཚོ་གྲོག་མ་ཚང་ལས་བརྡོལ་བ་བཞིན་མཁར་སྔོན་སྒར་བར་འཛོམས་ཏེ་སྤྲུལ་སྐུར་ཕྱག་མཇལ་གནང་བཞིན་ཡོད། མཁར་སྔོན་སྤྲུལ་སྐུས་ཕྱོགས་ཡོངས་ཀྱི་དད་ལྡན་པར་མཇལ་ཁ་གནང་བཞིན་མང་ཚོགས་ཀྱི་དབུས་ནས་བསལ་འདེམས་ཀྱི་ཚུལ་གྱིས་ཕྱག་བརྡ་གནང་གིན།“ཡ། བནྡེ། ཁྱེད་ངའི་གམ་དུ་ཤོག་དང་ངས་ནང་སོག་གྲོང་ཁྱེར་ནས་ཁྱེད་ལ་ཆང་རག་ཡག་པོ་ཞིག་ཁྱེར་ཡོང་ཡོད།”ཅེས་གསུང་བཞིན་མཐའ་འཁོར་གྱི་དད་ལྡན་མང་ཚོགས་ལ་ངའི་ཨ་ཕ་ནི་བྲིས་ཀློག་གཉིས་ལ་བྱང་བའི་གྲོང་གསེབ་ཀྱི་མི་སེར་འཇོན་པོ་ཞིག་ཡིན་པར་མ་ཟད། གཤིས་སྤྱོད་རང་བཞིན་གྱིས་ལེགས་པས་ཁོང་ཚང་དགའ་མོས་ཡོད་པའི་ཕ་ཡུལ་གྱི་ཡུལ་མིའི་གྲས་ཀྱི་གཅིག་ཡིན་ཞེས་དམིགས་བསལ་གྱིས་བསྟོད་ར་གང་འཚམ་གནང་ངེས། དེ་དུས་ཁོས་ཤིན་ཏུ་དོགས་མི་བདེ་བའི་ངང་རང་དབང་མེད་པར་ལག་པས་ཟ་འགྲམ་ལ་རེག་རེག་བྱ་ཞོར་ཁ་སྐྱེངས་པའི་རྣམ་འགྱུར་ཅི་རིགས་སྟོན་སྲིད། རྣམ་ཀུན་ཨ་ཕ་གྲོང་ཆོག་ནས་ཕྱིར་ཁྱིམ་ལ་སླེབས་ཐེངས་རེར། ངེད་ཕུ་ནུ་མིང་སྲིང་ཚོ་དེ་མ་ཐག་ཁོའི་གམ་དུ་རུབ་སྟེ། སྤྱི་བདེ་མི་སྣས་དོགས་ཡོད་ཉེས་ཅན་ག་གེ་མོ་ཞིག་ལ་འདྲི་གཅོད་བྱེད་པ་བཞིན་དུད་ཁྱིམ་དེ་བ་ཚང་གིས་ནངས་ཇ་དང་གུང་ཇ། དགོང་ཇ་སོགས་ཇི་ལྟར་བཀོད་སྒྲིག་བྱས་ཡོད་པར་རྩད་འདྲི་ནན་མོ་བྱ་བཞིན་ཁོའི་གདོང་ལ་ཅེར་ནས་སྡོད་པ་ཡིན། ཨ་ཕས་ཐབ་ཀྱི་ཡར་སྒྱིད་ནས་ཤིན་ཏུ་ལྷོད་ལྷོད་ཀྱིས་རུམ་ནས་ལོ་མ་སེར་པོ་གཅུད་རྐྱང་བྱས་ཡོད་པའི་ཚགས་པར་ནར་མོ་ཞིག་ལེན་པ་དང་། དེའི་ཁུད་ལ་ལོ་མ་སེར་པོ་ཤག་སེ་བླུགས་ནས་གོང་མཛུབ་ཀྱིས་ཕར་ཚུར་བརྡལ་ནས་སྙོམས་པོར་བཟོ་ཞིང་། ལྕེ་རྩེ་ཡི་མཆིལ་མས་ལེགས་པར་སྦྱར་ཏེ་ཐབ་ལས་མེ་ཤིང་ཞིག་བླངས་ནས་དུ་བ་སྔོ་ལོག་གེར་འཐེན་རྗེས། ཕུན་སུམ་ཚོགས་པའི་ཐུན་གསུམ་ཟས་ཀྱི་བཀོད་སྒྲིག་གཅིག་ཀྱང་མ་ལུས་པར་འཆད་ངེས་ལ། ལག་པས་བྲང་ཁུག་ལ་སྙོབ་བཞིན་ཚིལ་དྲེག་གིས་ཟིན་པའི་ཤོག་སྒོར་གཉེར་དོ་འགའ་བཏོན་ནས་ཡང་ཡང་རྩི་ངེས། དེ་དུས་ང་ཚོས་རང་དབང་མེད་པར་རྐན་ངོས་ལས་བརྡོལ་བའི་མཆི་མ་མིད་ཀྱིན་སྔར་བཞིན་ཁོའི་གདོང་ལ་གཟབ་ནན་གྱིས་ཅེར་ནས་ཨ་ཕ་འདི་ཇི་འདྲའི་མི་བསོད་བདེ་ཞིག་རེད་ཨང་སྙམ་པ་ཡིན། ཡིན་ཡང་། བདག་གི་ཨ་ཕ་ལོ་འཁོར་མོ་ཡུག་གཅིག་ལ་ཉིན་ཁ་ཤས་རེ་ནས་ཆང་གིས་མ་བཟི་བ་མེད་པའི་སྣང་ཚུལ་དེས་ཨ་མ་དང་བུ་ཕྲུག་ཚོའི་ལུས་སེམས་ཀྱི་བདེ་ཐང་ལའང་ཤེས་མེད་ཚོར་མེད་ཀྱིས་རྨ་ཁ་བཟོས་ཡོད་པ་སྨྲས་ཅི་དགོས། ལོ་རབས་བརྒྱད་བཅུའི་མཇུག་དང་དགུ་བཅུའི་སྟོད་དེ། ང་རང་དམའ་འབྲིང་དུ་སྐྱོད་བཞིན་པའི་བར་སྐབས་དེར་རོང་འབྲོག་ཡུལ་ཁམས་ཀུན་པོའི་ལམ་དང་འགྲིམ་འགྲུལ་ཡོ་བྱད་གཉིས་ནི་ཤིན་ཏུ་ནས་ཐབས་ཆག་ཡིན་ཏེ། གྲོང་ཚོ་ཡོངས་ཀྱིས་བཀོལ་བཞིན་པའི་སྐྱེལ་འདྲེན་ཡོ་བྱད་ཕལ་ཆེ་བ་ནི་རྟ་དྲེལ་བོང་གསུམ་གྱིས་འདྲུད་བཞིན་པའི་ཤིང་རྟ་ཞེས་པའི་འཁོར་ལོ་ཟུང་ལྡན་དེ་རེད། སྐབས་དེ་དུས་འབྲོག་ཁྱིམ་ཕལ་བའི་ཡོང་འབབ་གཙོ་བོ་ནི་ལོ་རེར་ཕྱུགས་རིགས་ཀྱི་ཁ་གྲངས་ལྟར་རིམ་པ་གོང་མར་བཟོ་ཞིང①གི་ཤ་ཁྲལ་འཇལ་བའི་རིན་པ་དང་། ལོ་རེའི་ཡུལ་ཚོའི་ཕྱུགས་ཐོན་དངོས་རྫས་ཀུང་སིར་ལུག་བལ་བཙོངས་པའི་ཡོང་སྒོ་ལས་གཞན། ཀོ་པགས་དང་སྒོ་ཕྱུགས་ཁ་ཤས་ཕྱིར་འཚོང་ལ་བརྟེན་ནས་ལོ་གཅིག་གི་ལྟོ་རྒྱབ་ཀྱི་འཚོ་བ་ཐག་གཅོད་བྱེད་བཞིན་ཡོད། དེ་དུས་ཀྱི་ལུག་བལ་དང་ར་མའི་ཁུ་ལུ་ཡི་རིན་གོང་ད་ལྟ་ལས་ལྡབ་འགྱུར་གྱིས་ལྷག་སྟེ། ཉིན་ཞིག་ཨ་ཕ་དང་ངེད་གཉིས་ཀྱིས་རང་ཁྱིམ་གྱི་ལུག་བརྒྱ་ཕྲག་ལྷག་གི་ལུག་བལ་སྒོར་སྟོང་ཕྲག་ཁ་ཤས་ལ་བརྗེས་ཏེ་ཕྱིར་ཐོན་རྗེས། ཁོས་སྐྱ་རྙིད་ཀྱི་ཞལ་རས་སྐམ་པོའི་གཏིང་རུམ་ནས་སྤྲོ་སྣང་གི་འཛུམ་ཆུང་སྣུམ་ཐིགས་ལྟ་བུ་ཞིག་ག་ལེར་རྡོལ་བཞིན་མཐེབ་ཆེན་ཟད་པོའི་སྟེང་ལ“ཕུ”ཞེས་མཆིལ་ཞགས་ཤིག་འདེབས་ཀྱིན་ལུས་པོ་གྱང་ལ་བསྙེས་ནས་མིག་ལ་འཚེར་བའི་ཁ་དོག་སྣ་ཚོགས་ཀྱི་ཤོག་སྒོར་གསར་བ་ཧྲག་ཧྲག་རྩི། དེ་ནས་ངེད་གཉིས་ཧའེ་རིགས་ཀྱི་ཟ་ཁང་ཞིག་ཏུ་བསྐྱོད་དེ་གྲོ་ཐུག(སྐབས་ཐོག་དེ་དང་དུས་ད་ལྟ་ཡང་ཡུལ་མི་ཚོས་ཐུག་རིགས་སྣ་ཚོགས་བསྐོལ་བཞིན་པའི་ཟ་ཁང་ལ་ཟ་ལྡུམ་ཞེས་འབོད་ལ། ཡུལ་ཚོར་བསྐྱོད་དེ་ཐུག་པ་དཀར་ཡོལ་གང་འཐུང་རྗེས་དེ་རིང་ཡུལ་ཚོར་སོང་ནས་ཟ་ལྡུམ་འཐུང་བ་ཡིན་ཞེས་ངོམ་སོ་དང་བཅས་བཤད་ངེས)ཞིམ་ཐག་ཆོད་ཅིག་འཐུང་རྗེས། ཡུལ་ཚོའི་འབྲུ་རིགས་ས་ཚིགས་ནས་གྲོ་ཕྱེ་རྒྱ་མ་ལྔ་བརྒྱ་ལྷག་ཉོས་ཏེ་ཉི་མ་ནུབ་རིར་ཡལ་ལ་ཉེ་བ་དང་ལྷན་དུ་ཡུལ་ཚོ་ནས་རང་ཡུལ་ལ་ཆས། ད་ལྟ་ཡུལ་ཚོ་ནས་ངེད་ཀྱི་གྲོང་སྡེ་ལ་རླངས་འཁོར་དང་འཕྲུལ་རྟས་བསྐྱོད་ཚེ་དུས་ཚོད་ཕྱེད་ཀ་ལྷག་ལས་མི་དགོས་ནའང་། སྐབས་དེ་དུས་ཡུལ་ཚོ་ནས་གྲོང་གསེབ་བར་དུ་ཤིང་རྟ་བརྒྱབ་ནས་ཕྱིན་རྗེས་ཕལ་ཆེར་ཆུ་ཚོད་གཉིས་ལྷག་གིས་བསྐྱོད་དགོས་པ་འདྲ། ངེད་གཉིས་ལམ་ལ་ཆས་ནས་དུས་ཚོད་ཕྱེད་ཀ་ཙམ་འགྱངས་རྗེས་གཞི་ནས་སྨག་རུམ་གྱི་མཚན་མོ་སླེབས་བྱུང་། སྐབས་དེར་མཐོང་ལམ་འདྲེན་བྱེད་ཀྱི་གློག་ཆས་མེད་ལ་ད་ལྟའི་དུས་བཞིན་ཉིན་མཚན་དུས་དྲུག་ལ་རྒྱུ་བའི་རླངས་འཁོར་སྣ་ཚོགས་ཀྱང་མེད་པས། ལྷིང་འཇགས་ཀྱི་མཚན་ལམ་རིང་མོར་ངེད་གཉིས་གཅིག་པུ་དངོས་གནས་གནའ་སྒྲུང་ཁྲོད་ཀྱི་འདྲེ་མེ་འབུད་བཞིན་རྒྱུ་བའི་སྣང་བ་ཞིག་སྐྱེས་མུར་སྐྲག་སྣང་ཟད་མི་ཤེས་པ་ཞིག་གིས་ང་ཡི་རྐང་ལག་རྨང་ནས་སྦྲིད་པར་བྱས། “ཨ་ཕ། ངེད་གཉིས་ལམ་ནོར་བ་མིན་འགྲོ”ཤིང་རྟའི་འཁོར་ལོ་བྱེ་ཟགས་ལ་འབྲད་པའི་སྒྲ་དང་བསྟུན་ནས་ང་རང་སྐྲག་སྣང་གིས་དེ་ལྟར་དྲིས། “རྟ་རྒན་གཡང་ལྷ་འདིས་ལམ་ཤེས་པས་ནོར་སྲིད་ནི་མ་རེད། ད་དུང་ཁྱིམ་ལ་ཐག་རིང་བོ་འདུག” ཨ་ཕས་དེ་ལྟར་ལབ་པ་ན་ངའི་སེམས་སུ་དུད་འགྲོས་རང་ལམ་མི་ནོར་བ་འདི་ངོ་མ་ཡ་མཚར་རེད། དེ་ཡང་ཡིན་ཏེ། མ་གཞི་རྟ་རྒན་གྱི་མིག་ཟུང་མིའི་མིག་ཟུང་ལས་ཆེ་བས་མ་ཡིན་ནམ་སྙམ་བཞིན་རེ་ཞིག་སྐྲག་སྣང་གི་དངངས་བྲེལ་ཚ་བོ་བདེ་ལ་དབབ་ཐུབ་སོང་། བྱིས་དུས་ཀྱི་མཚན་མོའི་མུན་པ་ཤིན་ཏུ་སྟུག་ཅིང་རིམ་གྱིས་གྲང་རླུང་ཡང་འུར་འུར་ལྡང་བྱུང་བས་རྩི་ཏོའི①མགོ་ལྕོག་དྲག་ཏུ་ལྡེམ་པ་ལས་བྱུང་བའི་སྒྲ་ངན་དེ་ནི་ཏག་ཏག་འདྲེ་སྒྲུང་ནང་གི་འདྲེ་མེ་འབུད་ཅེས་པ་དེའི་སྒྲ་དང་གཉིས་སུ་མེད། འབའ་འབུར་ཀྱག་ཀྱོག་གི་བགྲོད་ལམ་བརྒྱུད་ནས་གྲོང་ཚོ་རེ་རེ་བཞིན་བརྒལ་ནའང་ཨ་ཕའི་ངག་ལས་རང་ཁྱིམ་དུ་སླེབས་ལ་ཉེ་བའི་སྐད་ཆ་ཚིག་གཅིག་ཀྱང་མ་བྱུང་བས་བདག་གི་སེམས་པ་ཡང་བསྐྱར་བྲེལ་འཚུབ་དང་སྐྲག་སྣང་གིས་གཙེས་བྱུང་། “སྙིང་མ་རྗེ། རྟ་རྒན་གཡང་ལྷ་བོ་འདི། གྲུབ་ཆེན་མར་བ་ལོ་ཙཱ། མི་ལ་རས་པ། འཇམ་མགོན་ས་པཎ། རྗེ་བདག་ཉིད་ཆེན་པོ། ད་རུང་་་་་་་་ཨ་་་ཨ། ངོ་མ་སྐྱེས་ཆེན་དམ་པ་ཏག་ཏག་རེད་ཨང་།”ཨ་ཕས་འདྲེ་མེ་འབུད་ཀྱི་སྒྲ་དང་ལྷན་དུ་གློ་བུར་དུ་དེ་སྐད་ཁེར་ལབ་བརྒྱབ་པས་ང་རང་སྔར་བས་ཀྱང་འདུག་བཟོད་གཏན་ནས་མེད་པ་ཞིག་བཟོས་སོང་། རྒྱུ་མཚན། དེ་ནི་ཨ་ཕ་ར་བཟི་བའི་བརྡ་རྟགས་ཡིན། ཁོ་ཉིན་རྒྱུན་དུ་ར་བཟི་སྐབས་ད་གཟོད་སྔོན་བྱོན་སྐྱེས་བུ་དམ་པ་དག་གི་མཚན་ནས་ཡང་ཡང་ཟློ་བཞིན་མཐའ་མར་རེ་ཐག་ཆད་པའི་སྐྱོ་ཤས་ཀྱི་མགོ་བོ་བརླ་བར་དུ་སྨད་ནས་ངུ་བཤུམ་བྱ་ངེས། ང་རང་སྐྲག་སྣང་གི་ཁྲོད་ནས་ངེས་མེད་རྒྱུ་བའི་གྲང་རླུང་བཞིན་ཨ་ཕའི་སྟེང་ལ་ཞེ་སྡང་ཟད་མི་ཤེས་པ་ཞིག་སྐྱེས་ནའང་མཚན་མོ་འདིར་རང་གཅིག་པུ་ཡིན་པས་འཁོན་ལན་ཅི་ཡང་བསློག་མ་ཕོད་པར་ལུས། “ཆོམ”ཞེས་གློ་བུར་དུ་ཤིང་རྟའི་འཁོར་ལོ་ཆུ་དོང་ཞིག་གི་ནང་དུ་ལྷུང་པས་རྟ་རྒན་རྐྱང་ལྡང་དངངས་སྐྲག་གིས་འཚེར་སྐད་སྒྲོག་བཞིན་ཁ་སྦུབ་ཏུ་འགྱེལ་རྩིས་བྱེད་པ་དང་། ཤིང་རྟའི་གཞོགས་གཡས་ས་ལ་འདྲུད་ཙམ་གྱིས་གྲོ་ཕྱེ་ཁུག་མ་ཁ་ཤས་སྲན་རིལ་གཏོར་བ་བཞིན་གང་སར་གཡུགས་ཟིན། སྟབས་ལེགས་པ་ཞིག་ལ་ཨ་ཕ་དང་ངེད་གཉིས་ལ་གནོད་སྐྱོན་ཅི་ཡང་ཐེབས་མ་སོང་། “ད་མ་བཟང་། ད་མ་བཟང་།”ཨ་ཕ་གློ་བུར་དུ་གཉིད་ལས་སད་པ་བཞིན་ཤིང་རྟ་ལས་མཆོངས་ཐེངས་གཅིག་གིས་ས་ལ་ལྡིང་བ་དང་། རྟ་རྒན་རྐྱང་ལྡིང་གི་སྐེ་ནས་སྐེ་ཐོ①དང་སྒ་རྨེད་སོགས་ཀྱི་ཐག་པ་བཀྲོལ་ནས་རྟ་རྒན་ཡར་བསླངས་པ་དང“དྲག་གི དྲག་གི རྟ་རྒན་གྱི་རྐང་བར་རྨས་སྐྱོན་ཞིག་བཟོས་ཡོད་པ་ཙམ་ལས་གནོད་པ་ཆེར་མི་འདུག”ཟེར་བཞིན་གོམ་པ་འཁྱར་འཁྱོར་འགའ་སྤོས་པ་ན་ཨ་རག་གི་ཤེལ་དམ་དཀར་བོ་ཞིག་རུམ་ནས་སྐར་མདའ་བཞིན་མདུན་གྱི་རྡོ་ལོག་ཅིག་གི་སྟེང་ལ་དཀར་ཆ་ལེར་བརྡབས་ནས་ཆག་དིར་རེ་སོང་། ཨ་ཕས་སྲིད་ན་དཀོན་པའི་རིན་ཆེན་ནོར་བུ་ཞིག་གས་ཆག་ཏུ་གྱུར་བ་ལ་བློ་འགྱོད་ཤུགས་དྲག་སྐྱེས་པའི་སྣང་བ་ཞིག་གིས“ང་འདི་ཇི་འདྲའི་མི་བསོད་ཟད་ཅིག་རེད་ཨང་། ཆང་རྒྱ་མ་གཅིག་ཉོས་པའང་འཐུང་དབང་མེད་པར་ས་ལ་བསྲེས་སོང་། ཨ་ཤུ་རེ་ན། ཨ་ཤུ་རེ་ན། ཨ་ཁ་ཁ། ཤིང་རྟའི་རྐྱལ་བ་ཡང་ཐེད་འདུག ད་ཅི་བྱ།”ང་རང་གློ་བུར་དུ་གྲང་འདར་ཅིག་བརྒྱབ་པ་ན། སྣང་བ་ཞིག་ལ་མཁའ་དབྱིངས་སྐར་མ་དེ་ཚོས་ཀྱང་ང་དང་མཉམ་པོར་གློ་བུར་དུ་གྲང་འདར་ཅིག་བརྒྱབ་སོང་། རྩི་ཏོའི་སྒྲ་དབྱངས་ཀྱི་འགྱུར་ཁུགས་རེ་རེར་རྒྱང་རིང་གི་ཁྱི་སྐད་རེ་གཉིས་གནས་དུས་ངེས་མེད་ནས་ལྷུང་བཞིན་འོང་ལ། ཨ་ཕའི་འཁྱར་འཁྱོར་གྱི་གོམ་སྟབས་དང་ཆང་གཏམ་ལྡབ་ལྡིབ་ཀྱི་ཁྲོད་ནས་མཚན་མོའི་མུན་པ་སྟུག་ནས་སྟུག་ཏུ་འགྲོ་བཞིན་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས། མཐའ་དབུས་བྲལ་བའི་གྲང་འཁྱག་གི་མཚན་མོ་འདིར་དྲིན་ཆེན་ཨ་མ་ནི་དཀར་གསལ་གྱི་སྒྲོན་མེ་དྲོན་མོ་དེ་ཅི་ལ་མིན་ཨང་། དུས་འདིར། ང་རང་ཨ་ཕའི་སྟེང་ལ་ཚིག་པ་ཟ་ཞོར་ཨ་མ་ལྷག་ཏུ་དྲན་བྱུང་། དྲོད་ལམ་ལམ་གྱི་ཚ་ཐབ་སྟེང་ན་མཁུར་ཚོས་དམར་བོ་ཉི་མས་ཚིག་ཅིང་མར་རྡོག་གིས་བྱུགས་ནས་འོད་ཀྲིག་ཀྲིག་བྱེད་པའི་མིང་སྲིང་ཚོ་ཡང་དྲན་བྱུང་། ཁོ་ཚོས་ཨ་ཕ་དང་ངེད་གཉིས་ཀྱི་ཀ་ར་ཞིམ་པོར་སྒུག་ནས་རིག་རིག་བྱེད་ཀྱིན་ཡོད་ཨང་བསམ་ནས་ང་ལ་གློ་བུར་དུ་ངུ་སྙིང་ཞིག་ཀྱང་གཏིང་ནས་བྱུང་། ཡིན་ཡང་། ང་རང་མཚན་མོར་ཤིན་ཏུ་སྐྲག་པས་ངུ་སྐད་ཆེར་འདོན་མ་ཕོད་པར་ཁ་ཆུ་སྣ་ཆུ་བྲང་ཁར་འཛར་གྱིན་རེ་ཞིག་ཧད་དེ་ལུས། དུས་དེ་ནས་བཟུང་། ང་རང་ཨ་ཕའི་བྱ་བྱེད་ཅི་རིགས་ཀྱི་ཐད་ལ་སྲ་མཁྲེགས་ཀྱི་ལྟ་ཚུལ་ངན་པ་ཞིག་ཆགས་ནས་ངེད་གཉིས་བར་གྱི་ཕ་བུའི་བརྩེ་དུང་ཡང་རིམ་གྱིས་ལན་རེར་དྲོ་ལ་སྐབས་རེར་འཁྱག་པའི་མི་རྟག་པའི་གནམ་ངོ་གཞན་ཞིག་ཏུ་འགྱུར་འགོ་བརྩམས། དེ་ལའང་རྒྱུ་མཚན་ཡོད་དེ། ང་རང་དབྱར་དགུན་གནང་གི་སྐབས་སུ་ཁྱིམ་དུ་སྡོད་པའི་རིང་དང་ལྷག་པར་དུ་གནམ་ལོ་གསར་ཚེས་ཀྱི་སྐབས་སུ། སྐབས་དེའི་བྱིས་པའི་སྣང་ངོར་ལོ་གསར་ལ་ཁ་གཡར་ནས་ངེད་ཚང་དུ་འོང་མཁན་ཚང་མ་ནི་ཕྱིར་ལོག་མི་ཤེས་པའི་ཆང་རྐྱལ་ཏག་ཏག་རེད། ཨ་ཕ་ར་བཟི་ནས་རང་ལུས་ཀྱིས་ལྕོགས་ཀྱིན་མེད་ནའང་མགྲོན་པོ་ཆང་འཐུང་དེ་ཚོས་སྔར་བཞིན་སྐད་ཆ་ཚིག་གཅིག་ཡང་དང་བསྐྱར་དུ་ཟློ་ཞོར་དུ། ཨ་ཕར་དགའ་མདོག་གིས་སྐེ་ལ་འཁྱུད་ནས་ཁ་ཡག་རེ་གཉིས་བཤད་ལ། ཅུང་མི་འགོར་བར་ལག་པས་ཕྱག་རྒྱ་བྱེད་ཀྱིན་ཆང་སྐྱོན་འདྲ་མིན་ཡང་བྱ་ངེས། དེ་དུས། ཨ་མ་དང་ངེད་ཕུ་ནུ་མིང་སྲིང་ཚོ་ཐབ་འགྲམ་དུ་འུ་ཐུག་ངང་ཁུ་སིམ་མེར་བསྡད་པ་ཡིན། གནས་སྐབས་དེར་ཁོ་ཚོའི་གྲས་སུ་ང་ཚོར་བསམ་ཤེས་བྱ་མཁན་མི་གཅིག་ཀྱང་མེད་པས་ངེད་ཅག་འུ་ཐུག་ཐབས་ཟད་ཀྱིས་ལུག་རའི་ནང་ཕྱིན་ཏེ་ནམ་སྨད་བར་དུ་མགྲོན་པོ་ཕྱིར་ལོག་པར་བསྒུག་དགོས། སང་ཉིན་ནམ་གསལ་མ་ཐག་ནས་ཨ་མས་ཞོགས་ཇ་སྐོལ་བཞིན་ཨ་ཕའི་བྱ་སྤྱོད་ལ་གཤེ་གཤེ་ཚ་ནན་གཏོང་ཡང་། སྐབས་དེར་ཁོ་ནི་པྲ་ཆལ་གྱི་སློབ་མ་སྙིང་ཆུང་ཞིག་དགེ་རྒན་བཙན་པོ་ཞིག་གི་ལག་ཏུ་ཆུད་པ་བཞིན། ཕྱིར་ཨ་མར་འཁོན་ལན་བསློག་རྒྱུ་ཕར་ཞོག ཨ་མའི་ཕྱོགས་སུ་མིག་ཟུར་ཙམ་ཡང་བལྟ་མི་ཕོད་པར་སྐྱབས་འགྲོ་ནས་དབུ་བརྩམས་ཏེ་ལྟུང་བཤགས་དང་གདུགས་དཀར་ཐུང་བ་བཅས་བཏོན་རྗེས། ཚིག་གཅིག་ཀྱང་མི་ལབ་པར་རྫ་མའི་ནང་གི་ཆུ་འཁྱག་གྲང་མོ་འཐུང་གིན་ཁོག་ཚ་སེལ་ཅི་ཐབས་བྱ་ངེས། དེ་དུས་བདག་གི་སེམས་སུ་ཨ་ཕ་འདི་ཡང་སྙིང་རྗེ་བོ་ཞིག་རེད་བསམ་བྱུང་མོད། གློ་བུར་དུ་མདང་ནུབ་ལུག་རའི་ནང་ཉལ་ནས་སྡུག་པོ་ཚད་མེད་མྱོང་ཚུལ་དེ་དྲན་མ་ཐག་ངང་ངམ་ཤུགས་ཀྱིས་ཁོའི་སྟེང་ལ་སྡང་སེམས་ངར་ངར་ཞིག་སྐྱེས་སོང་། ང་རང་ཨ་ཕའི་ཆང་དྲི་ལྷན་དུ་སྐྱེས་ནས་རྒས་པ་ཡིན་ལ། ངེད་མིང་སྲིང་ཚོ་ཡང་ཨ་ཕའི་ཆང་དང་ཨ་མའི་གཤེ་གཤེ་ཡི་ཁོར་ཡུག་ཅིག་ནས་རིམ་གྱིས་འཚར་ལོངས་བྱུང་བ་ཡིན། ཨ་ཕས་རང་ཉིད་ཆང་ལ་དགའ་བའི་གཤིས་ཀ་དེ་མི་ཚེ་གཅིག་ལ་བསྒྱུར་མ་ཐུབ་པ་དང་ཨ་མས་ཉིན་རྒྱུན་ཁོ་ལ་ཁ་འཛིང་བྱེད་པའི་བྱ་སྤྱོད་དེ་ཡང་མི་ཚེ་གཅིག་ལ་བསྒྱུར་མ་ཐུབ་པ་དྲན་ན། ཁོ་གཉིས་ནི་སྐྱེ་བ་ད་ལྟའི་ལས་དང་ཐོད་པའི་ཁ་ཡིག་གི་བཟའ་ཟླ་མིན་པར་སྐྱེ་བ་སྔ་མར་མི་འཆམ་པ་གཉིས་ཏག་ཏག་ཚེ་འདིའི་བུ་ལོན་དུ་ཁྱིམ་ཚང་གཅིག་གི་བཟའ་ཟླར་གྱུར་སོང་བས་ལན་པ་འདྲ། ངེད་ཀྱི་ཨ་ཕ་དང་ཨ་མ་གཉིས་ཀྱི་ལས་བགོས་རྩ་བ་ནས་ལྡོག་ཡོད་དེ། དབྱར་དགུན་སྟོད་དཔྱིད་ཀྱི་དུས་བཞིའི་ཞིང་ཕྱུགས་ཀྱི་ངལ་རྩོལ་ཅི་རིགས་ལ་འཆར་འགོད་དང་གྲོས་འགོ་འདོན་མཁན་ཨ་མ་ཡིན་ལ། ཨ་ཕས་ཨ་མའི་བཀའ་བཞིན་ཞིང་ཕྱུགས་ཀྱི་ངལ་རྩོལ་དེ་རིགས་དུས་ཚོད་ཁག་བགོས་ཀྱིས་ལག་བསྟར་བྱ་བཞིན་ཡོད།

གྲོང་སྡེ་ནང་གི་མི་རྒན་ཚོའི་ངག་ལས་ངེད་ཀྱི་ཨ་ཕས་གཞོན་ནུའི་སྐབས་སུ། “ཕུག་རོན”རྟགས་ཅན་གྱི་ལྕགས་རྟ་ཞིག་ཉོས་ཏེ་གྲོང་ཚོའི་ནང་བསྐོར་འོངས་པ་ན། ཐོག་མར་ལྕགས་རྟ་མཐོང་མཁན་གྱི་གྲོང་མི་རྣམས་ཀྱིས་མཚར་སྣང་གིས་ལག་པས་བྱིལ་བྱིལ་དང་། ལ་ལས་ལྕགས་རྟའི་ར་མགོ་ནས་བཟུང་སྟེ་བསྐོར་བ་ཁ་ཤས་བྱེད་པ། ལ་ལས་དེར་ཆིབས་ཁག་ཚུལ་བཤད་ཀྱིན་ལྕགས་རྟའི་མཐར་རུབ་ནས་དཔྱད་གླེང་སྣ་ཚོགས་བྱས་པའི་གཏམ་རྒྱུད་དེ་དྲན་ཐེངས་རེར་ང་རང་གཅིག་པུར་ཁོང་དགོད་ཤོར་གྱི་ཡོད། ཡང་ཁོས་སྤོ་བོའི་རིང་གི་གཞིས་རྒན་གྱི་ཁྱིམ་བརྒྱུད་དངོས་པོ་རྩ་ཆེན་དག་ལ་སེར་སྣ་དང་ཕངས་སེམས་ཏིལ་ཙམ་མེད་པར་ཆང་ལ་བརྗེས་ཟིན་པའི་ཕོ་ལོ་ཉི་ཤུའི་སྒང་གི་རྐྱལ་སྟོང་གི་སྤྱོད་སྟངས་དེ་དག་དྲན་དུས་ངང་ངམ་ཤུགས་ཀྱིས་རེ་ཆད་ཡང་སྐྱེས་མྱོང་། འོན་ཀྱང་། མ་བསམ་ས་ནས་ཁོའི་རང་གི་སྤོ་བོ་དང་ཨ་ཁུའི་རིང་གི་ཙན་དན་གྱི་ཁྲེ་ཙེ་དང་ཐང་རྙིང་རྩ་ཆེན་ཁ་ཤས། རྒྱུ་གནའ་བོའི་ལི་དང་ཟངས་ལས་གྲུབ་པའི་མཆོད་ཆས། རིག་གསར་སྐབས་མེ་ནང་ལས་ཕྱིར་བླངས་པའི་གནའ་དཔེ་འགའ་སྔར་བཞིན་སྒམ་ཆུང་དམར་པོ་ཞིག་ཡོད་པ་དེའི་ནང་ཉར་ཚགས་དམ་པོ་བྱས་ནས་བཞག་འདུག ཨ་ཕ་ནི་གཞོན་དུས་ནས་ཚན་རིག་ལག་རྩལ་ལས་ཐོན་པའི་དངོས་པོར་དགའ་སྣང་འཛིན་མཁན་ཞིག་ཡིན་ཏེ། གྲོང་ཚོ་ཡོངས་ལ་སྒྲ་སྡུད་འཕྲུལ་ཆས་ཟེར་བ་ཞིག་ཁྱོན་ནས་མེད་དུས་ངེད་ཀྱི་ཨ་ཕར་ཏག་ཏག་ཕྱི་ཐུམ་ཀོ་བ་དམར་པོ་ལས་གྲུབ་པའི་སྒྲ་སྡུད་འཕྲུལ་ཆས་ཤིག་ཡོད། ཨ་མས་བཤད་ན། ང་རང་ལོ་གསུམ་བཞིའི་སྟེང་ནས་བཟུང་ཉིན་གང་བོར་སྒྲ་སྡུད་འཕྲུལ་ཆས་ཕར་བསྣོགས་ཚུར་བསྣོགས་བྱས་ནས་འདུག་ལ། ད་དུང་དེ་ལ“པོ་ཅི”ཞེས་མིང་ཡིད་དུ་འོང་བ་ཞིག་ཀྱང་གདགས་ཡོད་ཟེར། ང་རང་ལོ་ན་བཅུར་སོན་དུས་ཀོ་ཐུམ་དམར་པོ་ལས་གྲུབ་པའི་སྒྲ་སྡུད་འཕྲུལ་ཆས་དེར་སྐྱོན་ཞུགས་ནས་ཨ་ཕས་ཡང་བསྐྱར་ཇུས་འགོད་སྔོན་མ་ལས་ལྷག་ཅིང་ཀོ་ཐུམ་མེད་པའི་སྒྲ་སྡུད་འཕྲུལ་ཆས་སྔོན་པོ་ཞིག་ཉོས་པ་དེ་བརྗེད་དུ་བསྐལ། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། སྐབས་དེའི་སྒྲ་སྡུད་ནང་གི་སྙན་སྒྲོན་པ་ནི་དགེ་རྒན་དགེ་ལེགས་དང་ཀླུ་མོ། ཕུར་བ་དང་ཆོས་མོ་མཚོ་སོགས་ཡིན་ལ། “མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས། ད་ནི་རིག་རྩལ་ལེ་ཚན་གྱི་དུས་ཚོད་ཡིན། དུས་ཚོད་འདིའི་ནང་ཚེ་བརྟན་སྒྲོལ་མས་བླངས་པའི་པེ་ཅིང་གསེར་གྱི་རི་ལ་ཞེས་པ་གཏོང་རྒྱུ་ཡིན”རྒན་རབས་སྙན་སྒྲོན་པ་ཀླུ་མོ་ལགས་ཀྱི་ཁུ་བྱུག་སྔོན་མོའི་གདངས་དབྱངས་དང་གཉིས་སུ་མ་མཆིས་ལ། བཅོས་མིན་བབ་ཆགས་ཀྱི་ལྷོད་འཇམ་ངག་གི་སྒོ་མོ་ལས་གསལ་དག་སྙན་གསུམ་གྱིས་སྒྲོན་འོང་པའི་འགྱུར་ཁུགས་དུས་ད་ལྟའང་རྣ་བའི་བུ་གར་འཁྱིལ་ནས་དྲན་འཛིན་གྱི་གཏིང་སར་གཤགས་ཡོད། དེ་དུས་ང་རང་ཆེས་མཚར་བ་ནི་སྒྲ་སྒམ་ཆུང་ཆུང་དེ་འདྲ་ཞིག་གི་ནང་དུ་མི་རྣམས་ཇི་ལྟར་འཛུལ་སོང་བ་དེ་ཡིན་ལ། སྒྲ་སྒམ་དེའི་ནང་གི་མི་རྣམས་ཀྱི་གཟུགས་ལུས་ཞལ་རས་སོགས་རང་གི་བློ་ངོ་ནས་བཟོ་བཀོད་སྣ་ཚོགས་བྱེད་བཞིན། མ་འོངས་པ་ན་རང་ཉིད་ཀྱང་སྒྲ་སྒམ་དེའི་ནང་སྒྱུ་མ་མཁན་བཞིན་འཛུལ་ཏེ་སྙན་སྒྲོན་བྱ་མཁན་ཞིག་ཏུ་གྱུར་ཚེ་ཅི་མ་རུང་ངམ་སྙམ་པའི་འཁྲུལ་སྣང་འབའ་ཞིག་གི་སྨོན་པ་ཤ་སྟག་དེ་ཡིན། ཨ་ཕ་ཡང་སྒྲ་སྡུད་འཕྲུལ་ཆས་ལ་གསན་རྒྱུར་ཤིན་ཏུ་དགའ་སྟེ། ལོ་རབས་བདུན་ཅུའི་མཇུག་དང་བརྒྱད་ཅུའི་སྟོད་དུ་ངེད་ཀྱི་གྲོང་སྡེ་ནང་ཆ་རྐྱེན་ཡོད་མེད་ཅི་རིགས་ཀྱི་ཁྲོད་ནས་སྒྲ་སྡུད་འཕྲུལ་ཆས་ཉོས་ཏེ་གསར་འགྱུར་ལ་ཉན་མཁན་ཁོ་བོའི་ཨ་ཕ་གཅིག་པུ་ཡིན་ཞེས་ཚིག་ཐག་ཆོད་པའི་སྒོ་ནས་སྨྲས་ཆོག ཁོས་ངལ་རྩོལ་བྱ་བའི་གནས་སྐབས་གང་དུའང་སྒྲ་སྡུད་འཕྲུལ་ཆས་ཕྲག་ལ་ཁུར་ནས་འགྲོ་ཞིང་སྲུང་འཁོར་བཞིན་ཉིན་མཚན་རྟག་པར་ལུས་དང་འབྲལ་མེད་དུ་གནས་པས། ཁྱིམ་ལ་སླེབས་པའི་མགྲོན་པོ་སུ་ཡིན་ཡང་དེ་ཚོ་དང་ལྷན་དུ་ཆང་འཐུང་ཞོར་རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར་སྣ་ཚོགས་འཆད་ཅིང་། མགྲོན་པོ་རྣམས་ཀྱིས་ཀྱང་གདོང་ལ་ལྐོག་གྱུར་གྱི་རྣམ་འགྱུར་ཞིག་བཟུང་ནས་རྣ་ཅོག་ཅོར་ཅོར་གྱིས་ཉན་ངེས། སྤྱི་ལོ2001ལོར་ཁོ་བོའི་ན་ཆུང་དུས་ཀྱི་ཕུགས་བསམ་དོན་སྨིན་བྱུང་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དུ་ལས་ཞུགས་བྱས་པ་དང་། ཕ་ཡུལ་དུ་སླེབས་ཐེངས་རེར། ཨ་ཕས་འབྲུག་དཀར་ནང་དུ་ནས་ཆང་བདུད་རྩི་བསིལ་མ་ལྟེམས་བཞིན་ཆེས་ཐོག་མར་འཚམས་འདྲི་བྱ་ཡུལ་ནི་སྙན་སྒྲོན་པ་གྲགས་ཅན་ཕུར་བ་དང་རྡོ་རྗེ་རིན་ཆེན་སོགས་ཡིན། ཞོར་དུ་སྐབས་དེའི《 བར་སྣང་འཕྲིན་གྱི་ཕོ་ཉ》དང《དམངས་གླུ་ཁུ་བྱུག་གསུང་སྙན》 《 རོང་འབྲོག་དགའ་བའི་སྐྱེད་ཚལ》 བཅས་ལེ་ཚན་སོ་སོར་བསྟོད་པའི་མཐེ་བོང་བསྟན་ནས་གདེང་འཇོག་བྱ་སྲིད། ད་དུང་འཛུམ་དམུལ་དམུལ་གྱིས་བདག་གི་སྙན་སྒྲོན་བྱེད་སྟངས་ལའང་ མུ་མཐུད་དུ་ཤུགས་བརྒྱག་དགོས་པའི་བསམ་འཆར་ཁ་ཤས་ཀྱང་འདོན་སྲིད། ཁོ་རང་རླུང་འཕྲིན་ལེ་ཚན་དང་འབྲལ་མེད་དུ་གནས་པའི་གསན་མཁན་རྙིང་བ་ཞིག་ཡིན་པའི་ཆ་ནས་ཆེས་ཉན་རྒྱུར་དགའ་བའི་ལེ་ཚན་ནི《 འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》ཡིན་ཞེས་བཤད་མྱོང་ལ། སྐལ་བཟང་གྲགས་པ་ལགས་ནི་སྒྲུང་བ་སྐད་གྲགས་ཆོད་པ་ཞིག་རེད། ཕྱིན་ཆད་སྐལ་བཟང་གྲགས་པ་ལྟ་བུའི་སྒྲུང་བ་ཞིག་ཐོན་རྒྱུ་དེ་ཤིན་ཏུ་ཁག་པོ་རེད་ཅེས་ཡང་ཡང་ལབ་ངེས།

ང་རང་སློབ་ཆེན་འགྲིམ་བཞིན་པའི་སྐབས་སུ། ནམ་རྒྱུན་ཁོ་ཅུང་ར་བཟི་ཡོད་པའི་སྐབས་སུ། “པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་ཀུན་བཟང་དགོངས་རྒྱན་དང་སི་ཏུ་རིན་པོ་ཆེའི་འགྲེལ་ཆེན་གཉིས་ནི་སུམ་རྟགས་ཀྱི་བསྟན་བཅོས་ངོ་མཚར་བ་གཉིས་རེད་ཅེས་ཧྲག་བར་ཕྱེ་བའི་མདུན་སོ་གཉིས་བསྟན་ནས་འཛུམ་འཛུམ་བྱེད་ལ། པྲ་ཏི་རིན་པོ་ཆེའི་འཁྲུངས་ཡུལ་ང་ཚོའི་དཔའ་རིས་ས་ཆ་ཡིན་པ་ཁྱེད་ཀྱིས་ཤེས་སམ། སློབ་གྲྭའི་ནང་ཁྱེད་ཚོའི་སུམ་རྟགས་དགེ་རྒན་གྱིས་བསླབ་གཞི་གང་ཞིག་གཙོར་བཟུང་ནས་ཁྲིད་བཞིན་ཡོད”ཅེས་སྐོམ་པ་ཆུ་འདོད་ལྟར་འདྲི་བ་དང་། ཁོས་ཚ་ཐབ་སྟེང་ནས་ལག་བརྡ་བྱེད་བཞིན་ང་དང་གླེང་མོལ་བྱ་འདོད་ཀྱི་རེ་སྐུལ་ཡང་ཡང་བྱེད་ནའང་། སྐབས་དེར་ཁོ་རང་ཆང་གིས་བཟི་ཡོད་པའི་ཉམས་སྣང་དེས་བདག་ལ་རང་དབང་མེད་པར་སེམས་གཏིང་ནས་ཞེ་མེར་དུ་བཅུག་པས། བདག་གིས་ཁོའི་བཏོན་པའི་དྲི་བ་གཅིག་ལའང་ལན་མ་གདབ་པར་ཨ་མ་དང་ལྷན་དུ་ཐབ་འགྲམ་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ནས་བསྡད་པ་ཡིན། ཁོ་བོའི་ཨ་ཕ་ནི་སྐབས་རེར་སྙིང་ལངས་ཤིང་ཡང་ལན་རེར་སྙིང་ཉེ་བའི་སྨྲ་བསམ་བརྗོད་འདས་ཀྱི་ཕུང་བོ་ཞིག་ཡིན་ཏེ། ཁོ་ར་བཟི་དུས་མཁས་དབང་མང་བོ་ཞིག་གི་མཚན་ནས་ཡང་དང་ཡང་དུ་བཟློ་ལ། དེ་བས་ཀྱང་བརྗེད་དུ་དཀའ་བ་ནི་ཉིན་ཞིག་ཁོ་ར་བཟི་བའི་དུས་སུ“《 སྤྱོད་འཇུག་ཆེན་མོ》 ལས་སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་ཕྱིར་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡིས་འཚལ། །ཞེས་གསུངས་ཡོད་པ་རེད། དེང་སྐབས་ཡོན་ཏན་དང་ཕན་སེམས་དབུལ་བའི་བླ་སྤྲུལ་དུ་བསྙད་མཁན་ཁ་ཤས་ཀྱིས་དད་ལྡན་མང་ཚོགས་ཀྱི་ལག་ནས་གང་འདོད་དུ་འབུལ་བ་ཁོ་ན་ལེན་པ་ལས་ཁོ་ཚོར་ཕན་པའི་ལས་ཀ་སྒྲུབ་ཀྱི་མི་འདུག དེ་བཞིན་མང་ཚོགས་ཀྱི་ཁྲོད་ནའང་རྨོངས་དད་པ་མང་ལ། དེ་དག་གིས་ཀྱང་རྫིག་མདོག་གི་བླ་སྤྲུལ་དག་གི་ཞབས་སྤྱི་བོར་ལེན་པ་ལས། མི་འཇོན་ཐང་ཅན་ལ་བརྩི་བཀུར་མི་བྱ་བ་འདི་ནི་ཤིན་ཏུ་ཕངས་ཤིང་རྨོངས་པའི་ཡུལ་ཞིག་རེད། ཁྱེད་ཀྱིས་གསོན་དང་གོང་གི་ཤོ་ལོ་ཀ་འདི་ལས་རྒྱལ་སྲས་ཞི་བ་ལྷ་མཆོག་གིས་ཀྱང་གང་ཟག་སོ་སོའི་རྒྱུད་ན་འཚང་རྒྱ་བའི་ས་བོན་ཡོད། གང་ཟག་ཚང་མ་འདྲ་མཉམ་ཡིན་ཞེས་གསུངས་ཡོད་པ་མིན་ནམ། ད་སྐབས་མཁས་པ་སྔ་མས་ཞལ་གསུངས་བཞིན། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེས། བླ་མ་ཕལ་ཆེར་ཕྱུག་པོའི་བུ་ལ་འཁྲུངས་ཟེར་བ་དངོས་ཐོག་བདེན་འཚོལ་གྱི་གསུངས་ཤ་སྟག་རང་རེད། མིའི་ཀུན་སློང་མ་བཟང་ན་བཅའ་བ་རིམ་གྲོ་ཁོ་ན་བསྒྲུབ་པས་ཅི་ཡང་ཡོད་གིན་མ་རེད། ཨེ་གོ་ཐལ།”སྐབས་དེར་ཁོ་བོའི་རང་སེམས་ནས་ཀྱང་ཨ་ཕ་སྤྱིར་ཆང་གིས་བཟི་ཡོད་ནའང་ཁོང་ལ་རྗེས་སུ་ཡི་རང་གི་ཀུན་སློང་རྣམ་དག་ཅིག་ཉི་འོད་ལས་མེ་ཏོག་གི་འདབ་མ་གྲོལ་བ་བཞིན་ངང་ངམ་ཤུགས་ཀྱིས་འཕེལ་བྱུང་། ཡང་སྐབས་དེའི་ཁོ་བོའི་སེམས་ཁམས་ཡང་ཤིན་ཏུ་ནས་འགལ་འདུའི་རྣམ་པར་གྲུབ་ཡོད་དེ། བཤད་རྒྱུན་ལ། ཡར་ལོག་བསྟན་པའི་སྲོག་ཤིང་ཡིན་ཟེར་བ་ནང་བཞིན། ཨ་ཕ་འདིའང་ཡ་མཚར་ཞིག་རེད། རང་ལ་མ་གཞི་ནས་ཤེས་རྒྱ་འདི་འདྲ་ཞིག་ཡོད་པས་འཁོར་བ་ཞེ་དྲག་ཅིག་མི་འཁྱོངས་བཞིན་དུ། མི་ཚེ་ཐུང་ཐུང་འཁོར་བ་ལ་བསྟིམས་ནས་ཨ་མའི་ཁ་འཛིང་འཛེད་པ་ལས་ཡར་ལོག་བྱས་ན་ཅི་མ་རུང་ངམ་སྙམ་ཏེ། ཁོ་ལ་བསམ་འཆར་དམར་རྗེན་དུ་བཏོན་པ་ན་ཁོས་ཀྱང་སང་ཉིན་གནངས་ཉིན་ཅིས་ཀྱང་ཡར་ལོག་བྱ་ཐག་ཆོད་ཡིན་ཟེར། འོན་ཀྱང་ཕྱི་ཉིན་ནམ་གསལ་བ་ན་ཁོ་ནི་མདང་དགོང་གི་ཨ་ཕ་དེ་ཁྱོན་ནས་མིན་པར་ཨ་ཕ་གཞན་ཞིག་ཏུ་གྱུར་འདུག་པ་དེ་རེད། དེ་ནི་ལོ་རབས་དགུ་བཅུའི་མཇུག་གི་ངས་ནམ་ཡང་བརྗེད་མི་སྲིད་པའི་ཨ་ཕས་ང་ལ་བཞག་པའི་བག་ཆགས་ཆེས་ཡག་ཤོས་གྲས་ཀྱི་གཅིག་སྟེ། ངས་རྟག་པར་མཐོང་མ་མྱོང་པའི་ཨ་ཕའི་ངོས་གཞན་ཞིག་ཡིན་ལགས།

ཉི་འོད་ཀྱི་ཀློང་ནས། ཟླ་འོད་ཀྱི་ངོགས་ནས། སྤང་ལྗོངས་ཀྱི་མཐོངས་སུ། རི་གྲོང་གི་དབྱིངས་སུ་སྤྲིན་རླབས་བཞིན་ངེས་མེད་འཕྱོ་བའི་དྲན་གདུང་གི་ཁྲོད་ནས་ཕྱིར་དྲན་ཐེངས་ཤིག་བྱས་ཚེ། ཁོ་བོའི་ཨ་ཕ་ནི་རྣམ་ཀུན་སྨྲ་བ་ཉུང་ལ་ལུས་སྟོད་དགྱེ་སྒུར་གྱི་བར་ནས་ཁྱིམ་ལས་རྩག་རྩིག་ཀུན་ལ་ཕོ་མོའི་དབྱེ་ཁྱད་མེད་པར་སྒྲུབ་ཅིང་། ཨ་མ་དང་ངེད་ཚོར་རྣམ་ཐར་བརྒྱད་པོ་གཏམ་རྒྱུད་ཀྱི་ལམ་ནས་འཆད་པའི་ཕལ་བའི་ཁྱིམ་ཚང་གི་ཨ་ཕ་ཕལ་བ་ཞིག་ཡིན། འདུ་འཛིའི་རྒོད་བག་ལ་གཡོལ་ཏེ་རང་ཁྱིམ་དུ་གསུང་རབ་ཞིབ་མོར་ཀློག་པའི་རྒྱབ་གཟུགས་སྒུར་བོ་དེ། གཞན་དང་ཁ་གཏད་དུ་བཙན་གཏམ་ཚིག་གཅིག་ཀྱང་སྨྲ་མི་སྤོབས་པའི་འབྱུང་བ་གཉོམ་པོ་དེ། གཞན་གྱིས་ལས་བཅོལ་ཅི་བགྱིས་གཏན་ནས་མི་ནུས་ཞེས་ལན་ལྡོན་མི་ཤེས་པའི་མི་གཤིས་ཀྱི་གཉོམ་སོ་དེ། འཁོར་བའི་ཅ་ལག་ལས་དམ་པའི་གསུང་རབ་ལ་གཅེས་པའི་ཤེས་རབ་ཀྱི་མིག་རྒྱང་རྣོན་པོ་དེ། འཚོ་བ་ངན་ངོན་གྱི་ཁྲོད་ནས་ཆེན་པོ་ཆེན་པོ་ཞིག་བསམ་མ་མྱོང་བའི་འདོད་ཆུང་ཆོག་ཤེས་དེ། ཞོགས་པ་རེ་རེར་ཁ་ཏོན་མུར་མུར་དུ་ཟློ་ཞིང་། མཚན་མོ་རེ་རེར་ནས་ཆང་སིམ་སིམ་དུ་འཐུང་བའི་དྲིན་ཆེན་ཕ་ལོ་ལགས། ཁྱེད་ཀྱིས་མཐོང་བྱུང་ངམ། ད་ལྟ་ཕ་ཡུལ་གྱི་རི་ཆུ་འགྱུར་བཞིན་འདུག རང་ཁྱིམ་གྱི་ཤ་དྲོད་ཉམས་བཞིན་འདུག གཅེས་ཕྲུག་ཚོ་རིམ་གྱིས་རྒས་བཞིན་འདུག

སྤྱི་ལོ2012ལོའི་ཧོར་ཟླ9པའི་ཚེས3གྱི་སྟོན་མཇུག་གི་ཕྱི་དྲོ་ཞིག་ལ་དྲིན་ཆེན་ཕ་ལོ་གློ་བུར་དུ་ཁྱིམ་གཞིས་དྲོན་མོ་དང་གཏན་དུ་གྱེས་སོང་། ལོ་དེའི་ཉིན་དེ་ནི་བདག་གི་ནུ་བོ་ཐ་ཆུང་གིས་མདོ་སྨད་ཀླུ་ཚང་དགོན་ཆེན་ནས་ཕར་ཕྱིན་དམ་བཅའ་འཇོག་པའི་ཉིན་མོར་ཡང་འཁེལ་ཡོད། ཉིན་དེའི་ཞོགས་པར་ཡུལ་མི་ཚོ་ལམ་ལ་ཆས་དུས། ཨ་ཕས“དེ་རིང་གི་ནམ་ཟླ་ཇི་འདྲའི་འཁྱག་པ་ལའང་།”ཟེར་ཞིང་། གཡའ་དག་པའི་སྟོན་ཁའི་གནམ་སྔོན་ལ་ལྟ་བཞིན“དེ་རིང་ཆར་བ་ཟམ་ཟིམ་ཞིག་ཀྱང་འབབ་བཞིན་ཡོད་ཨང”ཞེས་གཉིད་བཤད་འདྲ་བ་ཞིག་ལབ་བཞིན་སྲང་མདོར་བུད་ནས་ཉི་འོད་ལ་ལྡེ་འདུག་ཟེར། ཡུལ་མི་ཚོའི་སེམས་སུ་ཨ་ཕས་མདང་དགོང་ཡང་ཆང་བཏུང་བས་ད་དུང་བཟི་ལས་དྭངས་མི་འདུག་སྙམ་ནས་སྣང་དོགས་ཅི་ཡང་མ་བྱས་པ་རེད། སྣང་དོགས་མ་བྱས་པའི་རྐྱེན་གྱིས་ལད་དམ་ཅི། གང་ལྟར། དྲིན་ཆེན་ཕ་ལོ་ཡང་ཉིན་དེའི་ཕྱི་དྲོར་སྲིང་མོ་ཆེ་བའི་གམ་ནས་ཨ་མ་གཙོས་པའི་བུ་ཕྲུག་མགོ་འཛོམས་ལ་ཆེས་མཇུག་མཐའི་སྙིང་གཏམ་ཚིག་གཅིག་ཀྱང་བཤད་དབང་མེད་པར་གཤེགས་པ་རེད། རེད་དེ། མི་རྟག་འཁོར་བའི་འགྱུར་བ་ཡོད་དོ་ནི་སྐར་ཆ་རེ་རེའི་སྔ་ནུར་ཕྱི་སྣུར་གྱི་ཁྲོད་ནས་བསམ་དབང་དྲན་དབང་མེད་པར་སྐྱེ་འཆི་བྱ་བཞིན་ཡོད་ལ། སྔ་དྲོའི་འཛུམ་མདངས་ཕྱི་དྲོའི་མིག་ཆུ་དང་། ཁ་སང་གི་དམ་བཅའ་དེ་རིང་གི་ཤ་འཁོན་དུ་འགྱུར་བའི་འཚོ་བ་དང་བརྩེ་དུང་ཡང་དེ་ལས་མ་འདས། ང་ཚོས་དགོན་པ་ནས་སང་ཉིན་གྱི་ནུ་བོའི་ཕར་ཕྱིན་དམ་བཅའི་མཛད་སྒོར་གྲ་སྒྲིག་ཨང་གསར་བྱ་བཞིན་པའི་སྐབས་དེར། གློ་བུར་དུ་ཕ་ལགས་འདས་པའི་གཏམ་ངན་ཐོག་ཞགས་བཞིན་སྐད་ཅིག་ཉིད་དུ་རྣ་བར་ལྷུང་མ་ཐག བདག་གི་ཨ་ནེ་སྟེ་ཨ་ཕའི་ཨ་ཅེ་ཡིས་ངུ་སྐད་ཁོག་ཏུ་ལྡུག་བཞིན“ངའི་ནུ་བོ་ལས་ངན་པོ་གན། ཨ་ཤུ་རེ་ཁོ་ཨང”ཞེས་མིག་ཆུ་ཁྲུམ་ཁྲུམ་བརྡོལ་བའི་ངང་ཚུལ་དེས། ངས་ནི་འབྱམས་ཀླས་པའི་སྡུག་བསྔལ་གྱི་རྒྱ་མཚོའི་གཏིང་རུམ་ནས་ཕ་མ་གཅིག་གི་སྤུན་མཆེད་ཡིན་རུང་ཨ་ཅེ་དང་སྲིང་མོའི་བརྩེ་བ་དེ་ཕུ་བོ་དང་ནུ་བོ་ལས་ཀྱང་ཤིན་ཏུ་ལྷག་པའི་སྣང་བ་ཞིག་སྐྱེས་སོང་། གློ་བུར་དུ་མགོ་ཐོག་གི་ནམ་མཁའ་ཁད་ཀྱིས་གས་ནས་རྐང་འོག་གི་ས་ཆེན་ཁྱོན་ནས་བརྡིབས་སོང་བའི་འདུ་འབྲལ་གྱི་གདུང་བ་མཚོན་བྱེད་ཀྱི་མིག་ཆུ་ཁོ་ནས་ལམ་གྱི་སྣེ་མོ་གཤགས་ཏེ་རང་ཁྱིམ་དུ་སླེབས་པ་ན། རྣམ་ཀུན་ཚ་ཐབ་སྟེང་དུ་ནས་ཆང་གི་འབྲུག་དཀར་སྐྱོར་བའི་ཨ་ཕ་མཆོད་ཁྲིའི་མདུན་དུ་རས་དཀར་བོ་ཞིག་གི་ཁུགས་པར་སྐྱིལ་དཀྲུང་གིས་གཅུད་འདུག ཨ་ཕའི་ཡིད་དུ་འོང་བའི་ཞལ་རས་གཏན་དུ་གཟིམས་སོང་། ཨ་ཕའི་ལྷོད་ཅིང་འཇམ་པའི་ངག་སྒོ་གཏན་དུ་འགགས་ཟིན། ཨ་ཕའི་བྱམས་དང་བརྩེ་བའི་ཤ་དྲོད་གཏན་དུ་འཁྱགས་ཟིན། ཨ་ཕའི་འབྲུག་དཀར་ནང་གི་ཇ་ཆང་གཏན་དུ་ཐག་སོང་། བཤད་རྒྱུན་ལ་འདས་པོའི་རྗེས་སུ་ཆོ་ངེ་དྲག་ཏུ་འདོན་པ་ཡིས་བར་དོར་འཁྱམ་པའི་རྣམ་ཤེས་ལ་ཟད་མི་ཤེས་པའི་འཇིགས་སྐྲག་བསྐྱེད་འོངས་ཟེར་བ་བཞིན། ཁོ་བོའི་གཉོམ་ཞིང་གཉོམ་པའི་ངུ་སྐད་ཀྱི་དབྱིངས་སུ་མིག་ཆུ་ཁྲུམ་ཁྲུམ་རྡོལ་བཞིན་སྐད་ཅིག་ཉིད་ལ་གུས་ཕྱག་བརྒྱ་ཕུལ་རྗེས། མིག་ཆུ་ཁོ་ནའི་ཀློང་གི་ཨ་མ་དང་མིང་སྲིང་ཚོར་འཁྱུད་ནས་རེ་ཞིག་ཀླད་ཁོག་ཧྲིལ་བོ་སྟོང་བར་ལུས། སྲིང་མོ་ཆེ་བས་བཤད་ན། ཨ་ཕ་བཞུད་ཁར་གསལ་ལ་མི་གསལ་བའི་ངག་གིས་ཨ་མའི་མིང་ནས་ལན་གསུམ་བོས་སོང་ཟེར། ཨ་ཕ་བཞུད་རྗེས་ཀྱང་ཨ་མའི་སྡུག་བསྔལ་ནི་ཤ་ལས་ཆད་པའི་བུ་ཕྲུག་དག་ལས་ཀྱང་ལྕི་ལ། དུས་སྐད་ཅིག་མ་དེར། བདག་གིས་འཁོར་བ་ནི་དངོས་གནས་དྲང་གནས་ཀྱིས་བསྟན་བཅོས་ཁྲོད་གསུངས་པའི་རྨི་ལམ་ལྟ་བུའི་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་ཟབ་ཞིག་རེད་ཨང་སྙམ་སོང་།

ལོ་ཟླའི་མཁའ་དབྱིངས་ཀྱི་སྤྲིན་དཀར་སྤྱི་གཙུག་ནས་རྒྱང་རིང་དུ་བཞུད་ཐེངས་རེར། ཨ་ཕ་ལྷག་ཏུ་དྲན་པའི་ནང་སེམས་ཀྱི་གཙང་བོའི་ཁུགས་པར་འགྱོད་གདུང་དང་ན་ཟུག་གི་རླབས་ཕྲེང་ཡང་ཡང་བསྐྱམས་སོང་། ནམ་རྒྱུན་ཕ་ཡུལ་གྱི་ལུང་བར་སླེབས་ཐེངས་རེར། ཉི་འོད་ཀྱིས་བྲན་པའི་རི་ཆུའི་དྭངས་གསལ་དང་ལྷིང་འཇགས་ཀྱི་ཀློང་ནས། ན་ཚོད་འདིའི་འཁོར་བའི་གནོན་ཤུགས་དང་ངལ་ཚེགས་ཀྱིས་གཙེས་པའི་རྡོག་ཁྲེས་ལྕི་མོ་ག་ལེར་དབོག་ཆོག་ཀྱང་། ཨ་ཕ་མེད་པའི་རང་ཁྱིམ་དུ་ངེས་མེད་རྒྱུ་བའི་གྲང་ཅང་ཅང་གི་རླུང་བུ་རྣོ་ཁབ་འདྲ་བ་ཞིག་གིས་ཤ་རུས་ཀྱི་གཏིང་རུམ་འཁྱག་པས་གཅུན་འགྲོ། ཨ་ཕ་མེད་པའི་སྒོ་ཁྱམས་སུ་ཡུན་རིང་འགྲེང་ནས་བདག་གིས་དྲིན་ཆེན་ཨ་ཕ་ལྷག་ཏུ་དྲན་བྱུང་། གྲམ་ཆུའི་ཁ་གཏད་ཀྱི་གྱང་ར་དང་དེའི་ནང་གི་ཤིང་སྡོང་། གྲམ་ཆུའི་སྨད་རྒྱུད་ཀྱི་རྣང་ཞིང་དང་དེའི་ནང་གི་ཤིང་སྡོང་། གྲམ་ཆུའི་ཚུ་རོལ་གྱི་རྩྭ་ར་དང་དེ་ཡི་མཐའ་འཁོར་གྱི་ལྕགས་དྲ། གཞི་མའི་གཡས་གཡོན་གྱི་ལྗོན་ཤིང་དང་ལོགས་ཀྱི་ཁང་ལེབ་ཆེ་ཆུང་སྣ་ཚོགས། རྡོ་རྩིག་དང་ཤིང་གི་དྲ་སྒོ་སྣ་ཚོགས། ཕྱུགས་ཀྱི་འཕེལ་ཁ་དང་ཞིང་གི་ས་བཅུད། ཞིབ་ཏུ་བསམས་ན། ཨ་ཕའི་མངོན་ཆུང་གི་མི་ཚེ་ཧྲིལ་བོ་ཞིག་ཁྱིམ་གཞིས་འདི་རུ་ལྷག་བསམ་གྱིས་བསྟིམས་ཤིང་རིན་བྲལ་གྱིས་ཐིམ་ཡོད་ཨང་། སྐབས་དེའི་དྲན་གདུང་གི་ཚོར་བ་ནི་མིག་ཆུ་ཁོ་ན་ཞིག་ག་ལ་ཡིན། སྨྲེ་སྔགས་ཁོ་ན་ཞིག་ག་ལ་ཡིན། འདར་སིག་ཁོ་ན་ཞིག་ཀྱང་ལར་ནས་མིན་ཏེ། རང་ཁྱིམ་གྱི་རྩིག་ལྡེབས་ཕྱི་ནང་ལས་ད་དུང་ཡང་ཨ་ཕའི་ཕྱག་བྲིས་ཤིག་རྙེད་ཨེ་ཡོང་བསམ་པའི་ཡིད་ཆེས་ཀྱི་དད་འདུན་དང་བརྩེ་དུང་གི་གཟུང་ཐག་དེའོ།།

འཆི་མེད་རྒས་མེད་རྡོ་རྗེ་བྲག།

བྲག་འདྲ་བའི་ཕ་ཞིག་ཡོད་ན་བསམ།།

བྲག་འདྲ་བའི་ཕ་ཞིག་གང་ན་ཡོད།།

ཕ་མེད་སེམས་ཀྱི་འཁོར་ཕྱོགས་རེད།།


རྩོམ་ཡིག་རྗེས་མ།
འགྲུལ་བཞུད་ཀྱི་ལོ་ཟླ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1