ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས།

ཏང་གི་དབུ་ཁྲིད་དང་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན། ཀྲུང་གོའི་ས་ཆེན་དུ་རྐང་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་རྩེ་གྲས་ཀྱི་སློབ་ཆེན་ཞིག་སྐྲུན་པའི་ལམ་བུ་གསར་པར་བསྐྱོད་དགོས་ཞེས་ནན་གསུང་གནང་།

ཝང་ཧུའུ་ཉིང་གིས་གཟིགས་སྐོར་ཕེབས་རོགས་ཞུས་པ།

 

 ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་སྤྱི་ཟླ་4པའི་ཚེས་25ཉིན་གློག་འཕྲིན་སྤེལ་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་བསླེབ་ལ་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་25ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་སློབ་དང་ལས་བཟོ་པ་ཡོངས་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་གཞོན་ནུ་ལས་དོན་པར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་འཆང་ནས་མི་རིགས་བསྐྱར་དར་ཡོང་བའི་ཆོད་སེམས་ཡོད་དགོས་པ་དང་། ལང་ཚོ་དང་དུས་རབས། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར། ལང་ཚོའི་འགྲན་ལམ་ཐོག་ནུས་ཤུགས་གང་ཡོད་ཀྱིས་འབད་འཐབ་བྱས་ཏེ་དེང་རབས་གཞོན་ནུའི་གྲུབ་འབྲས་བཟང་ཤོས་བརྩོན་ལེན་བྱ་རྒྱུའི་ཐུགས་རེ་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། སུའི་ཆེད་དུ་མི་གསོ་སྐྱོང་དང་། མི་གང་ཞིག་གསོ་སྐྱོང་།ཇི་ལྟར་གསོ་སྐྱོང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་སློབ་གསོའི་རྩ་བའི་གནད་དོན་ཞིག་རེད། ཏང་གི་དབུ་ཁྲིད་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན། ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་ནས་སློབ་ཆེན་གཉེར་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲས་གཏོད་པའི་ལམ་བུ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་དགོས། རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་བྱེད་མཁན་དང་། ཁྱབ་སྤེལ་བྱེད་མཁན། དཔེ་བཟང་ལག་བསྟར་བྱེད་མཁན་བཅས་བྱས་ཏེ་དཔའ་བོར་སློབ་སྦྱོང་དང་། རྒན་རབས་པར་སློབ་སྦྱོང་། དཔེ་བཟང་ལ་སློབ་སྦྱོང་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་བྱ་རྒྱུ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་འབད་འབུངས་ཡར་བརྩོན་དང་། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་དགོས།

ཀྲུང་གོའི་མི་དམངས་སློབ་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་ཚད་ལྡན་སློབ་ཆེན་གསར་པ་དང་པོ་ཡིན་ཞིང་། དེ་ནི་སྔོན་གྱི་1937ལོར་འཇར་འགོག་དམག་འཁྲུག་གི་མེ་ལྕེའི་ཁྲོད་བཙུགས་པའི་ཧྲན་པེ་སྤྱི་སློབ་ནས་བྱུང་བ་དང་། དེ་བཞིན་ཕྱིས་སུ་ཧྭ་བྱང་མཉམ་འབྲེལ་སློབ་ཆེན་དང་། བྱང་ཕྱོགས་སློབ་ཆེན། ཧྭ་བྱང་སློབ་ཆེན་བཅས་སུ་གྱུར་ཡོད་པ་དང་། དུས་ཡུན་རིང་པོའི་སློབ་གཉེར་ལག་ལེན་ཁྲོད་སྤྱི་ཚོགས་ཚན་རིག་གི་མཐོ་རིམ་སློབ་གསོ་དང་མར་ཁེ་སི་རིང་ལུགས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་ལ་སྣང་ཆེན་བྱས་པས། རང་རྒྱལ་གྱི་སྤྱི་ཚོགས་ཚན་རིག་གི་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་ཀྱི་དར་ཆ་ཞེས་པའི་མཚན་སྙན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1