ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་བཞུགས་འཕུར་གྲུ་བདེ་ལེགས་ངང་ཕྱིར་ལོག

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


 

སྤྱི་ཟླ་4པའི་ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་56གི་ཐོག །ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་བཞུགས་འཇིག་རྟེན་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་དེ་ཏུང་ཧྥུང་འབབ་ཡུལ་དུ་བདེ་བླག་ངང་སར་བབས་པ་དང། ཡུལ་དངོས་སུ་ཡོད་པའི་སྨན་བཅོས་ལྟ་སྐུལ་དང་སྨན་བཅོས་འགན་བཅོལ་མི་སྣས་འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་དང་ཝང་ཡ་ཕིང་། ཡེ་ཀོང་ཧྥུ་བཅས་ཀྱི་གཟུགས་གཞི་བདེ་ཐང་ཡིན་པ་གཏན་འཁེལ་བྱས་ལ། ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད།

ཆུ་ཚོད་9དང་སྐར་མ་6གི་ཐོག །པེ་ཅིང་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་ས་ངོས་ཚད་ལེན་ཚོད་འཛིན་ས་ཚིགས་བརྒྱུད་ནས་ཕྱིར་ལོག་པའི་བཀའ་བརྡ་བཏང་བ་དང་། ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་བཞུགས་འཕུར་གྲུའི་འཁོར་ལམ་གྲུ་ཚང་དང་ཕྱིར་ལོག་གྲུ་ཚང་གཉིས་བདེ་བླག་ངང་ཁ་གྱེས་ལ། ཆུ་ཚོད་9དང་སྐར་མ་30ཡི་ཐོག་འཕུར་གྲུའི་ཕྱིར་ལོག་སྒུལ་བྱེད་འཕྲུལ་འཁོར་ལ་མེ་སྒྲོན་པ་དང་ཕྱིར་ལོག་གྲུ་ཚང་དང་སྐུལ་འདེད་གྲུ་ཚང་ཁ་གྱེས་པ་རེད། ཆུ་ཚོད་9དང་སྐར་མ་56གི་ཐོག་ཕྱིར་ལོག་གྲུ་ཚང་ཏུང་ཧྥུང་འབབ་ཡུལ་དུ་བདེ་བླག་ངང་བབས་པ་དང། བར་སྣང་ས་ཚིགས་དང་ཐེན་ཧུའུ་ལྟེ་བའི་གྲུ་ཚང་དང་ཁ་གྱེས་པ་ནས་ས་ངོས་སུ་ཕྱིར་ལོག་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་9ལྷག་ཙམ་ལས་འགོར་མེད་པས། ཀྲུང་གོའི་མི་བཞུགས་འཕུར་གྲུས་ཆེས་ཐོག་མར་མྱུར་མགྱོགས་ཕྱིར་ལོག་གི་རྣམ་པ་སྤྱད་དེ་ཕྱིར་ལོག་བྱས་པ་རེད།

ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་བ་དེས་བར་སྣང་ས་ཚིགས་ཀྱི་འགག་རྩའི་ལག་རྩལ་ཚོད་ལྟའི་དུས་མཚམས་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་དང་ཀྲུང་གོའི་བར་སྣང་ས་ཚིགས་མི་འགྱངས་པར་འཛུགས་སྐྲུན་གྱི་དུས་རིམ་ལ་སླེབས་པ་མཚོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1